ལྷོ་ཁའི་ལྗོངས་རྒྱུ། བོད་ཀྱི་དཀར་ཡོལ་དང་པོ། དར་ཚེ།

༼༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས། ཇ་དང་དཀར་ཡོལ་སྤྱད་སྲོལ་འདུས་སྲོང་རྗེ། །ཞེས་གསུངས་པ་ལྟར།༽ བོད་རྗེ་འདུས་སྲོང་མང་པོ་རྗེ་ཐེངས་ཤིག་སྙུན་གཞི་དྲག་པོས་གཙེས་ཀྱང་སྐབས་དེ་དུས་བོད་ན་སྨན་དཔྱད་ཀྱིས་བཅོས་ཐབས་གཞུང་ལུགས་དང་ལག་རྩལ་མེད་པས་སྐུ་ངལ་གསོས་ནས་བཞུགས་བཞིན་པའི་སྐབས། ཕོ་བྲང་གི་པུ་ཤུའི་ཟུར་ན་བྱ་ཡིད་དུ་འོང་བ་སྔར་མཐོང་མྱོང་མེད་པ་ཞིག་གིས་ཁ་ན་ཤིང་ཕྲ་ལོ་འདབ་དང་བཅས་པ་འཁྱེར་ནས་སྐད་སྙན་སྒྲོག་ཅིང་ཤིང་ལོ་ས་ལ་གཡུགས། རྒྱལ་པོས་ཤིང་ལོ་དེའི་རོ་བཅུད་མྱངས་པས་སྙུན་ལས་གྲོལ་བར་བརྟེན་བློན་འབངས་རྣམས་ལ་དེ་ལྟའི་ཤིང་ལོ་ཞིག་འཚོལ་དགོས་པའི་བཀའ་ཕབ་འབྲས་སུ་རྒྱལ་པོར་སྙིང་ཉེ་བའི་བློན་པོ་ཞིག་གིས་བོད་ཀྱི་ས་ཆ་བརྒལ་ནས་རྒྱ་ནག་གི་ས་ཆ་ནས་ཇ་ཤིང་ངམ་ཇ་ལོ་དྲངས་པས་རྒྱལ་པོའི་ཐུགས་ཤིན་ཏུ་དགྱེས་ཏེ།

ཁོ་ལ་བྱ་དགའ་ཆེན་པོ་གནང་བ་དང་དུས་མཚུངས་བཙན་པོའི་ཞལ་ནས་འདི་ནི་བཏུང་བའི་མཆོག་གྱུར་ཅིག་ཡིན་པས་ང་ཚོར་ཡོད་པའི་གཟི་དང་། མཆོང་། གསེར། དངུལ་སོགས་ཀྱི་འཐུང་སྣོད་ཞལ་སྐྱོགས་མ་ཡིན་པར་སྔར་མེད་པའི་སྣོད་ཆས་ཤིག་ངེས་པར་དུ་འཚོལ་དགོས། དེའང་གོ་ཐོས་སུ་རྒྱ་ནག་རྒྱལ་པོ་ལ་དཀར་ཡོལ་ཟེར་བ་ཞིག་ཡོད་པ་རེད་ཟེར་གྱི་འདུག་པས་དེ་བཟོ་བའི་ལག་རྩལ་ངེས་པར་དུ་སློབ་དགོས་ཞེས་གསེར་ཡིག་པ་ཞིག་བཏང་བས་རྒྱ་ནག་རྒྱལ་པོས་ད་ཕན་བོད་ལ་སྨན་རྩིས་དང་བཟོ་གནས། རོལ་དབྱངས་སོགས་སློབ་མཁན་རིམ་པར་བཏང་ཟིན། ད་རེས་ངས་བསམ་ན་བོད་ཡུལ་དུ་དཀར་ཡོལ་བཟོ་བའི་རྒྱུ་ཆ་ཡོད་སྲིད་པས་ང་ཚོས་ལག་རྩལ་བྱང་ཆུབ་པའི་བཟོ་བོ་ཁ་ཤས་བཏང་ཆོག་ཅེས་གསུངས་པ་ལྟར། དཀར་ཡོལ་བཟོ་མཁན་ལག་རྩལ་པ་ཞིག་བཏོང་གནང་མཛད་པ་བོད་དུ་འབྱོར་རྗེས་བོད་ཀྱི་བཙན་པོས་དཀར་ཡོལ་བཟོ་བར་རྒྱུ་ཆ་ཇི་འདྲ་དགོས་སམ། ཞེས་བཀའ་འདྲི་གནང་བར་ལག་རྩལ་པ་དེས་རྒྱུ་ཆ་རབ་ནི་རིན་ཆེའི་འཆིང་བུ་དང་།

འབྲིང་ནི་འཛེང་། ཐ་མ་རྡོ་དཀར་པོས་ཀྱང་རུང་ངོ་ཞེས་བཤད་པ་ལྟར་རྒྱུ་ཆ་སྣ་ཁ་གསུམ་གྲ་སྒྲིག་བྱས་ཏེ་ལག་རྩལ་པར་སྤྲད། དེ་ནས་ལག་རྩལ་པ་དེས་དཀར་ཡོལ་གྱི་བཟོ་ལྟ་དང་རི་མོ་སོགས་ཇི་འདྲ་ཞིག་བཟོ་དགོས་སམ་ཞེས་ཟེར་བར་བཙན་པོས་ངེས་པར་དུ་རྒྱ་ནག་ཏུའང་མེད་པའི་དཀར་ཡོལ་བོད་ཀྱི་ཁྱད་ཆོས་ལྡན་ཞིག་བཟོ་དགོས་ཏེ། བཟོ་ལྟ་ནི་ཁ་གཡེར་བ། སྲབ་པ། མདོག་དཀར་ལ་འཇམ་པ། སྔོ་ཞིང་དྭངས་པ་ཞིག་དགོས་པ་དང་། དེ་ནི་བོད་དུ་སྔར་མེད་པ་ཞིག་དར་བས་དར་ཞེས་དང་།

སྣོད་དེ་ལས་ཚེ་དང་དཔལ་འབྱོར་འཕེལ་བར་བྱེད་པས་ན་ཚེ་ཞེས་ཡིག་འབྲུ་གཉིས་ཟུང་འབྲེལ་གྱིས་དར་ཚེ་ཞེས་མིང་དུ་བརྗོད། གཞན་ཡང་དཀར་ཡོལ་གྱི་རི་མོ་ནི། བོད་ཀྱི་དཀར་ཡོལ་དེ་ཐོག་མར་འདབ་ཆགས་ཀྱིས་ཤིང་ལོ་འཁྱེར་ཡོང་བ་རྐྱེན་བྱས་པ་ཡིན་པས། དཀར་ཡོལ་རབ་དེའི་ནང་དུ་ཁ་ལ་ཤིང་ལོ་འཁྱེར་བའི་བྱ་རེ་དང་

འབྲིང་ལ་ཆུ་ནང་ཉ་རྩེན་པ་རེ། ཐ་མ་ལ་སྤང་རི་དང་ཤ་བ་རེ་འབྲི་དགོས་ལ། ད་དུང་དཀར་ཡོལ་དཀྱུས་མ་རྣམས་ལ་ལག་རྩལ་པའི་འདོད་མོས་ལྟར་རི་མོ་བྲིས་ན་འགྲིག་གསུང་པ་ལྟར་ལག་རྩལ་པས་རྒྱུ་ཆ་བཟང་ངན་དང་དྭངས་སྙིགས་ཕྱེ་ནས། དར་ཚེ་རིགས་མི་འདྲ་བ་དྲུག་བཟོས་པའི་ནང་གི་བཙན་པོས་བཀའ་གནང་བ་གསུམ་པོ་ལ། ཤབ་ཚེ། ལན་ཚེ། ཤང་ཚེ་ཞེས་མིང་བཏགས་པ་དང་། དེ་མིན་དཀྱུས་མ་གསུམ་པོ་ལ། ཐེག་ཚེ། དེས་ཚེ། རྡོ་ཚེ་ཞེས་མིང་བཏགས།

དཀར་ཡོལ་དེ་རིགས་ནི་གྲངས་འབོར་ཉུང་ཞིང་། རྒྱུ་ཆ་ལེགས་ལ་བཟོ་སྤུས་གཙང་བས་རྒྱ་ནག་ཏུ་མེད་པའི་དཀར་ཡོལ་རྩ་ཆེན་ཞིག་ཡིན་ལ། དཀར་ཡོལ་བཟོ་ས་ནི་འཕྱོངས་རྒྱས་སོལ་ནག་ཐང་པོ་ཆེར་ཡིན་ཞིང་། ཡུལ་དེའི་མིང་ལ་སོལ་ནག་ཐང་པོ་ཆེ་ཟེར་དོན་ཡང་དཀར་ཡོལ་བཟོ་དུས་བསྲེགས་རྫས་ཀྱི་སོལ་ནག་ཕུང་པོ་གང་སར་སྤུངས་བཞག་ཡོད་སྟབས་སྔར་གྱི་ཡུལ་མིང་ཐང་པོ་ཆེ་ཞེས་པའི་ཐོག་མར་སོལ་ནག་ཅེས་བསྣན་པ་ཕ་གཏམ་བུ་འཇགས་སུ་གྱུར་རོ། །
ཡར་ཀླུང་སྤྲིན་ཆར་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།