ཀླུང་ཤོད་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་བྱུང་འཕེལ་ལོ་རྒྱུས།

ཀླུང་ཤོད་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་བྱུང་འཕེལ་ལོ་རྒྱུས།

མགོན་པོ་དོན་གྲུབ། ཁྲིན་ཏུའུ་ཀྲུང་དབྱི་གསོ་རིག་སློབ་ཆེན་མི་རིགས་གསོ་རིག་སློབ་གླིང་། སི་ཁྲོན། ཁྲིན་ཏུའུ།

 

ནང་དོན་གནད་བསྡུས། (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་) རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་དུས་རབས་བཅུ་བདུན་པའི་ནང་འབྲི་གུང་གདན་རབས་ཉེར་གསུམ་པ་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་གསར་དུ་བཙུགས་ཤིང་། གནས་དེ་ནི་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་འབྲི་ལུགས་གསོ་རིག་གི་ཕྱག་ལེན་རྒྱུད་སྤེལ་བྱ་སའི་བསྟི་གནས་སུ་ཆགས། གསོ་རིག་སློབ་གྲྭ་འདི་ཉིད་ཀྱི་འཕྲིན་ལས་ལ་བརྟེན་ནས་འབྲི་གུང་གསོ་རིག་ཅེས་ཐུན་མིན་གྱི་ལུགས་སྲོལ་དེ་ཉིད་བྱུང་ཞིང་དུས་ད་ལྟའི་བར་དུའང་མ་ཉམས་པར་འགྲོ་བ་ནད་པའི་སྡུག་བསྔལ་སེལ་བཞིན་ཡོད། དེར་བརྟེན་གུས་པས་འབྲི་གུང་རྩེ་བ་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་བྱུང་འཕེལ་ལོ་རྒྱུས་རགས་བསྡུས་ཤིག་ཡུལ་དངོས་རྟོག་ཞིབ་ཀྱི་འབྲས་བུ་དང་སྦྲགས་ནས་རྣམ་པ་ལྷན་རྒྱས་ཀྱི་སྤྱན་སྔར་འབུལ་བའོ།།

གནད་ཚིག   (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད)། གསོ་རིག སློབ་གྲྭ།

 

(དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་འབྲི་གུང་གསོ་རིག་གི་ཕྱག་རྒྱུན་དང་། ཐུན་མིན་དགོངས་པ་རྒྱུད་སྤེལ་བྱ་སའི་བསྟི་གནས་ཤིག་ཡིན་ཞིང་། དེ་ལ་ཐོག་མར་འབྲི་གུང་ཞེས་པ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་འབྲི་བསེ་རུ་གུང་སྟོན་གྱི་མངའ་མཛད་ཡུལ་དང་། ཡང་ན་དེའི་གནས་གཞིས་ཡིན་པས་དེར་འབྲི་གུང་ཞེས་ཐོགས་པ། དུས་ཕྱིས་སྐྱོབ་པ་འཇིག་རྟེན་མགོན་པོས་ཕྱི་ལོ་ ༡༡༧༩ ལོར་འབྲི་གདན་བྱང་ཆུབ་གླིང་ཕྱག་བཏབ་པ་ནས་བཟུང་། འབྲི་གུང་ཞེས་གཏན་ཆགས་སུ་གྱུར། ས་སྐྱ་བས་དབང་བསྒྱུར་བའི་དུས་སྐབས་སུ་བོད་དབུས་གཙང་ཁྲི་སྐོར་བཅུ་གསུམ་དུ་དབྱེ་སྐབས་འབྲི་གུང་དེའང་ཁྲི་སྐོར་གཅིག་ཏུ་དབྱེ་ནས་གཞོ་སྟོད་སྨད། (དབུ་རུ་སྟོད་འབྲི་གུང་) ཀླུང་ཤོད་སོགས་འབྲི་གུང་གི་ཁུངས་སུ་བསྡུ་བའི་ལོ་རྒྱུས་བྱུང་། ཆོས་སྲིད་གང་གི་ཐད་ནས་འཆད་ན་འབྲི་གུང་གིས་བོད་ཀྱི་ལོ་རྒྱུས་སྟེང་གནས་བབས་གལ་ཆེན་བཟུང་ཡོད་དེ། དཔེར་ན། མཁྱེན་ལུགས་ལས་ཟུར་དུ་གྱེས་པའི་རི་མོའི་བྲིས་རྒྱུན་ཏེ་འབྲི་རིས་ལྟ་བུ་དང་། བོད་ཀྱི་ཡི་གེ་ཀློག་སྟངས་དག་མར་བརྩི་བའི་འབྲི་གུང་མཐིལ་ཀློག་ལྟ་བུ། དེ་བཞིན་དུ་འབྲི་གུང་གསོ་རིག་སོགས་ཀྱིས་མཚོན་པའི་རང་གི་ཁྱད་ཆོས་མངོན་ཡོད་པའི་རིག་གནས་མང་། འབྲི་གུང་གསོ་རིག་ནི་དུས་རབས་བཅུ་བདུན་པའི་འགོར་བྱུང་བའི་བོད་ཀྱི་གསོ་རིག་གི་བྱང་ཟུར་གཉིས་ལས་ཟུར་ལུགས་ལ་གཏོགས་པའི་གསོ་རིག་གི་ལུགས་སྲོལ་ཞིག་ཡིན་ཞིང་ཟུར་ལུགས་ཀྱི་ཁྱད་ཆོས་སྟེང་འབྲི་གུང་རང་གི་ཡུལ་དུས་དང་འཚམ་པའི་ཁྱད་ཆོས་བཏོན་ནས་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་གསོ་རིག་གི་ལུགས་སྲོལ་ཡན་གར་བ་ཞིག་ཡིན། སྐབས་དེར་ལུགས་སྲོལ་འདི་ཉིད་རྒྱུད་འཛིན་དང་། སློབ་སྦྱོང་བྱ་བ་ལ་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭས་ནུས་པ་གལ་ཆེན་བཏོན་ཡོད་པས་ད་རེས་འདིར་སློབ་གྲྭ་དེ་ཉིད་གསར་འཛུགས་གནང་མཁན་དང་། སློབ་གྲྭའི་སློབ་གཞི། སློབ་གྲྭས་བྱས་རྗེས་གང་འདྲ་བཞག་ཡོད་པ་སོགས་རང་བློས་འཆུན་ཚོད་ཀྱིས་འཆད་པར་བྱའོ།།

 

དང་པོ། (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་གསར་འཛུགས་གནང་མཁན་ངོ་སྤྲོད།

 

(དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་ད་ལྟ་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཁོངས་སུ་ཡོད་ཀྱང་སློབ་གྲྭ་དེ་ཉིད་ཐོག་མར་གསར་འཛུགས་གནང་མཁན་ནི་འབྲི་གུང་མཐིལ་དགོན་པའི་གདན་རབས་ཉེར་གསུམ་པ་འབྲི་གུང་རིག་འཛིན་ཆོས་གྲགས་ཡིན་ཞིང་། ཁོང་གི་འཁྲུངས་དུས་དང་འཁྲུངས་ཡུལ་ནི། འབྲི་གུང་གདན་རབས་གསེར་ཕྲེང་ལས། ཟླ་གྲངས་ཐེམ་ནས་ཤིང་མོ་ལུག་ལོའི་རྒྱལ་གྱི་ཟླ་བའི་དམར་ཕྱོགས་ལ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་འཁྲུངས་པའི་ཚེ་ངོ་མཚར་བའི་ལྟས་མང་དུ་བྱུང་། ཞེས་དང་། འབྲི་གུང་ཆོས་འབྱུང་ལས། འདས་རྗེས་གཉིས་སྟོང་ཆིག་བརྒྱད་སོ་དགུ་པ་སྟེ་ ༼༡༥༩༦༽རབ་བྱུང་བཅུ་པའི་ཤིང་ལུག་ལོ་རྒྱལ་ཟླ་བའི་དམར་ཕྱོགས་ལ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་བལྟམས། ཞེས་གསུངས་པ་བཞིན་འབྲི་གུང་རིག་འཛིན་ཆོས་གྲགས་མཆོག་ནི་དབུས་གཙང་རུ་བཞིའི་ཡ་གྱལ་དབུ་རུ་སྟོད་ཀྱི་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་ཡབ་ཆོས་རྒྱལ་ཕུན་ཚོགས་དང་། ཡུམ་ཨ་ཕྱི་གཡང་ཁུག་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་ཤིང་ལུག་ལོ་སྟེ་ཕྱི་ལོ་ ༡༥༩༥ ལོར་འཁྲུངས་ཤིང་། སྐུ་ཡི་གཅེན་པོ་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་། ཟུར་ལུགས་ཀྱི་སློབ་རྒྱུད་ལས་བྱུང་བའི་འབྲུག་པ་ཀུན་མཁྱེན་པད་མ་དཀར་པོའི་སྐུ་ཚ་འཚོ་བྱེད་ཀོང་སྨན་དཀོན་མཆོག་རྒྱལ་མཚན་སོགས་ལས་གསོ་བ་རིག་པར་བསླབས་ཤིང་། འབྲི་ལུགས་གསོ་རིག་ཅེས་བྱང་ཟུར་གཉིས་ལས་ཟུར་ལུགས་ལ་གཏོགས་པའི་ལུགས་སྲོལ་ཁྱད་པར་ཅན་དེ་ཉིད་གསར་གཏོད་བྱས། འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་རང་ཉིད་ཀྱིས་སྲོལ་བཏོད་པའི་འབྲི་ལུགས་གསོ་རིག་འདི་ཉིད་མི་ཉམས་གོང་འཕེལ་གྱི་སླད་དུ་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་གསར་འཛུགས་གནང་བ་སྟེ། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས།   (དབུ་རུ་སྟོད་)རྩལ་དགོན་པ་༼  འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེ་ཕོ་བྲང་ལ་ཡུལ་དེ་ནས་རྩེ་བ་དགོན་ནམ་རྩལ་དགོན་པ་ཞེས་འབོད་པའོ། །༽ཞེས་པའི་ནང་དུ། དྭགས་པོ་ཚང་ཟེར་བའི་ཁང་མིག་ཡོད་པ་དེར་སྔོན་ཆད་འབྲི་གུང་གི་སྨན་སློབ་འཛིན་གྲྭ་ཚུགས་ཡུལ་ཡིན། ཞེས་དང་། བོད་ཀྱི་གསོ་རིག་ལས་འབྲི་ལུགས་གསོ་རིག་སྤྱི་བཤད་ལས། ཁོང་གིས་རང་ཉིད་ཀྱིས་ཉམས་མྱོང་རྣམས་མི་རབས་རྗེས་མར་ཕན་ཆེ་བའི་ཆེད་དུ་རྒྱུད་བཞིའི་དཀའ་མཆན་དང་སྨན་སྦྱོར་གསར་གཏོད་མཛད་པ་རྣམས་ཀྱི་ལག་ལེན་གྱི་ཡིག་ཆ་མང་པོ་བརྩམས་པར་མཛད་ཡོད་པ་དང་། ཡིག་ཆ་དེ་དག་བརྒྱུད་འཛིན་གྱི་སློབ་མ་ཡང་མང་པོ་ཞིག་གསོ་སྐྱོང་གནང་ཡོད། རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་དུ་སྨན་གྱི་སློབ་གྲྭ་གཉེར་བ་དང་། མཐོང་བ་བརྒྱུད་པའི་ཕྱག་ལེན་དམར་ཁྲིད་ཀྱིས་རྒྱུད་དོན་ཆེས་ཆེར་གསལ་བར་མཛད་ཡོད། ཅེས་གསུངས་པ་བཞིན་རྗེ་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་སྐུ་ཉིད་ཀྱི་འཁྲུངས་གཞིས་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་དྭགས་པོ་ཚང་གི་ཁང་མིག་ནས་གསོ་རིག་སློབ་གྲྭ་བཙུགས་ཤིང་། གསོ་རིག་སློབ་གྲྭ་དེ་ནས་འབྲི་གུང་ཚེ་དབང་བརྟན་པ་དང་། དཔོན་ཚང་ཡེ་ཤེས་བསམ་གཏན། ལྷོ་འཕྲིན་ལས་རྣམ་རྒྱལ་སོགས་ཀྱིས་མཚོན་པའི་འབྲི་ལུགས་གསོ་རིག་གི་བསྟན་པ་དགོང་ལ་འདེགས་ནུས་པའི་སྐྱེས་བུ་མང་པོ་གསོ་སྐྱོང་བྱས།   (དབུ་རུ་སྟོད་)འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་ནི་ད་ལྟ་དགོན་པའི་རྣམ་པར་ཆགས་ཤིང་གཞི་རྒྱའང་དེ་འདྲའི་ཆེན་པོ་ཞིག་མི་འདུག འོན་ཀྱང་དེར་དུས་ད་ལྟའང་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་བཙུགས་པའི་སྨན་གྱི་སློབ་གྲྭའི་ཁང་ཤུལ་༼དྭགས་པོ་ཚང་༽དང་གསོ་རིག་སློབ་གྲྭའི་སྨན་གཞོང་སོགས་མཇལ་རྒྱུ་ཡོད།

 

གཉིས་པ།   (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་སློབ་གཞི་ངོ་སྤྲོད།

 

(དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་སློབ་གཞི་གཙོ་བོ་ནི་བོད་གངས་ཅན་གྱི་སྔོན་བྱོན་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་དག་གི་གསུང་དང་བཀའ་སློབ་དག་ལས་མ་འདས་པར་བྲང་ཏི་ཡབ་སྲས་དང་སྤྲུལ་བའི་སྲས་གསུམ། གཡུ་ཐོག་གསར་རྙིང་། བོད་སྨན་མཁས་པ་མི་དགུ་སོགས་ཀྱིས་མཛད་པའི་གསོ་རིག་གི་དགོངས་པ་ཡིན་ལ་དེའི་ནང་ནས་ཀྱང་ཟུར་ལུགས་ཀྱི་དགོངས་པའི་ལུང་རིགས་གཙོ་ཆེར་བཟུང་བ་སྟེ། གསོ་བ་རིག་པའི་མན་ངག་ཀུན་གྱི་གཅེས་བསྡུས་ཕན་བདེ་སྙིང་པོ་ཞེས་པ་ལས། འདི་ཡང་རང་ཉིད་དང་རིགས་མཐུན྄་པའི་བློ་གསལ་བ་དག་གིས་ཉམས་སུ་བླངས་བདེའི་ཆེད་དུ་གཡུ་ཐོག་སྙིང་ཐིག་གི་འབྱུང་བ་ལུས་འཁྲུག་གི་གེགས་སེལ་དང་། མན་ངག་ཤོག་དྲིལ་སྐོར་གསུམ། བྲང་ཏིའི་གསེར་བྲེ་དངུལ་བྲེ།མཁས་གྲུབ་ཨོ་རྒྱན་པའི་དངུལ་ཆུ་གྲུབ་པའི་བསྟན་བཅོས། ཆག་སྨན་རིན་ཆེན་རྒྱལ་པོའི་འབུམ་ཁུ་ཚུར། གཙང་སྟོད་དར་མ་མགོན་པོའི་ཟིན་ཏིག་ཡང་ཏིག ཟུར་མཁར་ཆོས་རྗེ་མཉམ་ཉིད་རྡོ་རྗེའི་བྱེ་བ་རིང་བསྲེལ། གོང་སྨན་དཀོན་ཅོག་འཕན་དར་གྱི་ཉམས་ཡིག་བརྒྱ་རྩ། དྲང་སྲོང་ཉི་མའི་སྤྱི་སྨན་ངོ་མཚར། མཚོ་སྨད་མཁན་ཆེན་གྱི་མན་ངག་ཀུན་གྱི་སྙིང་པོ་བསྡུས་པ་ལ་སོགས། དཔལ་འབྲི་གུང་བའི་དྷརྨ་ཀརྟིའི་གསུངས་རྒྱུན་ཅུང་ཟད་ཙམ་ཐོས་པ་དང། རྒྱུད་བཞིའི་དཀའ་མཆན་དུ་བཏབ་པའི་ཟབ་གནད་ཉེར་ལྔ་ཉི་ཤུ་རྩ་ལྔའི་སྦྱོར་བ་སོགས་བཀའ་འབུམ་དུ་འཁོད་པ་རྣམས་དང་། གཞན་ཡང་དེང་སང་གི་སྨན་པ་ཁ་ཤས་ཤིག་ལ་སྨན་སྦྱོར་ཟབ་པ་སྣ་རེ་ཡོད་པ་དངོས་དང་བརྒྱུད་པའི་སྒོ་ནས་ཐོས་པ་ཙམ་ཡང་ཐབས་དང་འབད་པ་དུ་མས་བཙལ་ཏེ། རང་ཉིད་ཀྱི་ཉམས་སུ་བླངས་པའི་ཚེ་མ་བསྡུས་པར་གྱུར་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་འབྲེལ་ཆགས་སུ་བཀོད་པའོ།། ཞེས་གསུངས་པ་དང་། གཅེས་བཏུས་ཕན་བདེ་སྙིང་པོའི་གབ་པ་མངོན་དུ་ཕྱུང་བའི་ལྡེ་མིག་ལས། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་མ་དང་གཉིས་སུ་མེད་པའི་མཚུངས་མེད་གུ་ཎ་ཉིད་ཀྱི་ཐུགས་རྗེས་ཆར་རྒྱུན་ལྔ་བདོའི་ལུས་ཅན་ཀུན་ལ་བརླན་པར་མཛད་པའི་སྐྱབས་སུ་གྱུར་བ་དཔལ་ལྡན་རྒྱུད་བཞི་ཉམས་སུ་ལེན་ཚེ་ཆོས་རྗེ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོའི་ཞལ་ལུང་རྩ་བཤད་ཕྱི་རྒྱུད་རེག་པའི་མདོ་ཡན་གྱི་འགྲེལ་བཤད། འཚོ་བྱེད་ཚེ་དབང་རྒྱལ་པོའི་ཕྱི་རྒྱུད་འབྲུ་འགྲེལ་དང་། མན་རྒྱུད་ལས་འགྲེལ་བ་འདོད་འཇོ་ཞེས་པ་སྣང་ཡང་ལུང་བཤད་རེ་གཉིས་ལས་མཐོང་མ་མྱོང་བས།ཆོས་རྗེ་དཔལ་ལྡན་དྷརྨཱ་ཀིརྟིའི་རྒྱུད་ཀྱི་མཆན་བུ་དཀའ་འགྲེལ་གྱི་ཚུལ་དུ་མཛད་པས་འདི་རྣམས་ལ་རང་ཅག་ཀྱི་གཏད་སོ་འདི་ལས་བཟང་བ་ཅི་དགོས་པས། དེ་དག་གི་ཚིག་དོན་ལེགས་པར་དཔྱད་པས་རྒྱུད་དགོངས་དོན་དཔང་དུ་བཞག མན་ངག་ལག་ལེན་སྐབས་སུ། ཟུར་མཁར་བ་ཆེན་མོའི་བྱེ་བ་རིང་བསྲེལ། སློབ་དཔོན་ཆེན་མོའི་གཏེར་བྱོན་གཉན་ནད་རྒྱུག་འགྱེལ་ལམ་ནག་པོ་སུམ་བསྒྲིལ་ལམ་གཉན་ནད་པརྤ་ཏའི་བཅོས་རྣམས་དུས་དབང་གིས་ཟབ་པར་མངོན། རྗེ་ཆོས་ཀྱི་གྲགས་པའི་དྲག་སྦྱོར་རིལ་ནག་ཆེན་མོའི་སྦྱོར་བ་དངུལ་ཆུའི་བཙོ་བཀྲུ་ཆེན་མོ། རིན་ཆེན་བསྲེག་ཐབས་སོགས་ཀྱི་ཆ་ལག་ཆ་ཚང་བ་སོགས་དང་། སློབ་དཔོན་ཚེ་དབང་བརྟན་པའི་གཅེས་བཏུས་ཕན་བདེའི་ཆར་རྒྱུན། མ་བུ་ལེ་ལག་གི་སྙིང་པོ་གཏད་སོ་བྱས་ན་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་བར་མ་ཚང་བ་མེད་པའི་སྐྱབས་གནས་དེ་ལས་བཟང་བ་མེད། ཅེས་སློབ་དཔོན་གྱི་གསུང་རྒྱུན་ལྟར་ཁོ་བོ་ཀྱང་རང་ཕྱོགས་རྣམས་ལ་ཁ་ཆེམས་ལྟ་བུ་བཞག་པས་དེ་བཞིན་ལ་བློ་ཕུག་གི་གཏད་སོ་མཛོད། ཅེས་གསུངས་པ་བཞིན་སྐབས་དེའི་སྨན་པ་གྲགས་ཅན་གྱི་དཔེ་ཆ་ལག་ཏུ་སོན་པ་ཐམས་ཅད་ལ་ཁུངས་བཅོལ་ཅིང་གཞི་གཏུགས། དེའི་ནང་དུ་ལྷག་ཏུ་རྨང་གཞིའི་རིག་གཞུང་སྐབས་སུ་སྐྱེམས་པའི་འབྲུ་འགྲེལ་དང་ཟུར་མཁར་བློ་གྲོས་རྒྱལ་པོའི་མེས་པོའི་ཞལ་ལུང་སོགས་ཡིན་འདུག ཡིན་ན་ཡང་དེ་གཉིས་ལས་སྣ་གཅིག་ཕྱོགས་ཞེན་སྒོས་མ་བཟུང་པར་སྐབས་འགར་མེས་པོའི་ཞལ་ལུང་ལ་དགག་པ་དང་ཡང་སྐབས་འགར་སྐྱེམས་འགྲེལ་ལ་དགག་པའི་ཚུལ་གྱིས་ཕྱོགས་གཉིས་སུ་མ་ལྷུང་བར་རང་ལུགས་རྣལ་མ་དེ་འདོན་པར་བྱས་ཡོད། དཔེར་ན། ལུག་ཤ་གཡག་རྒོད་གཅན་གཟན་ཉ་ཡི་ཤ། ཞེས་པའི་སྐབས་སུ་ཟུར་མཁར་བློ་གྲོས་རྒྱལ་པོ་ལ་འདི་ལྟར་དགག་པ་སྟེ། ཟུར་མཁར་བློ་གྲོས་རྒྱལ་པོ་དེ་རིག་གནས་མཐའ་དག་ལ་མཁས་པས་མེས་པོའི་ཞལ་ལུང་རིག་གནས་གཞན་གྱི་རྒྱས་འགེབས་ལེགས་པ་མ་གཏོགས་གསོ་དཔྱད་རང་གི་ངོས་ལ་འཚོ་བྱེད་ཚེ་དབང་རྒྱལ་པོ་མི་ཞན་ཙམ་འདུག ཅེས་གསུངས་པ་དང་། ཡང་། རྩད་དང་དགུ་ཐུབ་ལྡུམ་སྟག་དུག་ནད་སེལ། ། ཞེས་པའི་སྐབས་སུ་འདི་ལྟར་སྐྱེམས་པ་ཚེ་དབང་ལ་དགག་པ་སྟེ། བླ་རྟ་ཚེ་དབང་རྒྱལ་པོའི་ལུགས་འདི་ནི་ལེགས་པར་བཤད་པའི་ཆ་ཙམ་ཡང་མ་མངོན། ཞེས་སོགས་གསུངས་པའོ། ། ནད་ཐོག་ལག་ལེན་སྐབས་སུ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་བྱེ་བ་རིང་བསྲེལ་དང་གཉན་ནད་སྐབས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་བདུད་རྩི་བུམ་པ་ཆེ་ཆུང་གཉིས་ཡིན་འདུག ཆུ་བཅོས་སྐབས་སུ་ར་མོ་ཤེལ་སྨན་གྱི་དགོངས་པ་གཙོ་བཟུང་བྱས་ཡོད།

 

གསུམ་པ།   (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་མཛད་རྗེས།

 

དེ་ལྟར་  (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་ཐོག་མར་འབྲི་གུང་གདན་རབས་ཉེར་གསུམ་པ་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་སྲོལ་བཏོད་ཅིང་རིམ་བཞིན་ཁོང་གི་སློབ་མ་འབྲི་གུང་ཚེ་དབང་བརྟན་པའམ་དཀོན་མཆོག་འགྲོ་ཕན་དབང་པོ་དང་དེའི་སློབ་མ་དཔོན་ཚང་ཡེ་ཤེས་སོགས་རིམ་བཞིན་གྱིས་འཕེལ་རྒྱས་དང་གོང་འཕེལ་བཏང་ནས་འབྲི་ལུགས་གསོ་རིག་གི་དགོངས་པ་དང་ཕྱག་ལེན་རྒྱུད་སྤེལ་བྱ་སའི་བསྟི་གནས་གཅིག་པུར་གྱུར། འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་གཙོ་བོར་འབྲི་གུང་རིག་འཛིན་ཆོས་གྲགས་དང་། འབྲི་གུང་ཚེ་དབང་བརྟན་པ། དཔོན་ཚང་ཡེ་ཤེས་བསམ་གཏན་བཅས་སློབ་མ་དང་ཡང་སློབ་ཏུ་གྱུར་བའི་མི་རབས་འདི་གསུམ་གྱི་རིང་་ལ་བཙུགས་ཤིང་གོང་འཕེལ་སོང་།གསོ་རིག་སློབ་གྲྭ་འདི་ཉིད་ཀྱི་བྱས་རྗེས་ལ་བརྟེན་ནས་འབྲི་གུང་རིན་ཆེན་རིལ་ནག་དང་། གཡུ་རྙིང་ཉེར་ལྔ། འབྲི་ལུགས་བོང་དཀར་བཅུ་བ། འབྲི་ལུགས་ཕྱིར་མི་ལྡོག་པའི་བྱུག་པ་སོགས་ཀྱིས་མཚོན་པའི་སྨན་སྦྱོར་མང་པོ་གསར་དུ་བྱུང་ངོ་།། དེ་མིན་སློབ་གྲྭ་འདི་ཉིད་ཀྱི་འཕྲིན་ལས་ལ་བརྟེན་ནས་ཁམས་ཕྱོགས་ལ་འབྲི་ལུགས་ཤུགས་ཆེན་དར་ཞིང་རྒྱས་བར་བྱས་པ་སྟེ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་དཔོན་ཚང་ཡེ་ཤེས་གསོ་རིག་གི་དགེ་རྒན་ལ་བསྟེན་ཏེ་ཁམས་གསུམ་ལ་སྐད་གྲགས་ཡོད་པའི་གསོ་རིག་མཁས་དབང་ཞིག་ཏུ་གྱུར་བ་དང་། ཁོང་གིས་སྡེ་དགེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ནས་གསོ་རིག་གི་བཤད་གྲྭ་བཙུགས་ནས་སྐུ་ཉིད་ཀྱི་སྐུ་མཆེད་ཀརྨ་ངེས་ལེགས་བསྟན་འཛིན། གླིང་སྨན་བཀྲ་ཤིས་འབུམ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། སྟོང་ནག་བསྟན་འཛིན་འཕྲིན་ལས་རབ་རྒྱས། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས། དྲུང་ཡིག་གུ་རུ་འཕེལ། འབེ་ལོ་ཚེ་དབང་ཀུན་ཁྱབ།སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་སོགས་སྐབས་དེར་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་དབང་ཕལ་ཆེར་སི་ཏུ་པན་ཆེན་ཆོས་ཀྱི་སྣང་བ་དང་བླ་སློབ་ཀྱི་འབྲེལ་བ་ཆགས་ཏེ་རང་སོ་སོའི་ངོས་ནས་གསོ་རིག་འཕེལ་རྒྱས་དང་གོང་འཕེལ་བཏང་བ་རེད། ལྷག་ཏུ་སྟོང་ནག་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་ཁམས་ནང་ཆེན་གཙོས་བའི་ཡུལ་ཤུལ་ས་ཁུལ་དུ་གསོ་རིག་གི་བསྟན་པ་རྒྱ་ཆེར་སྤེལ་ནས་འབྲོང་སྨན་ལུགས་ཞེས་པའི་གསོ་རིག་ལུགས་སྲོལ་ཁྱད་པར་ཅན་ཞིག་གསར་མཛད་གནང་སྟེ་དུས་ད་ལྟའི་བར་དུ་དབང་ལུང་འཆད་སྤེལ་གྱི་རྒྱུན་མ་ཉམས་པར་འགྲོ་བ་ནད་པ་མང་པོ་ཞིག་དུས་མིན་འཆི་བའི་སྡུག་བསྔལ་ལས་སྐྱོབ་བཞིན་ཡོད། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་བཀའ་དྲིན་གྱིས་བསྐྱངས་པའི་མགོ་ལོག་སྨན་པ་སྟག་བླ་ནོར་བུ་དང་། དཔལ་སྤུངས་དགོན་ནས་གསོ་རིག་ལ་སྦྱངས་བའི་མགོ་ལོག་ཁམས་གཙང་འབྲུག་རྒྱལ་ཞུ་བ་དང་དེའི་སློབ་རྒྱུད་ཉེ་དུས་ཀྱི་རྒན་མཐུ་ལྡན་སོགས་ཨ་མདོའི་མགོ་ལོག་ས་ཁུལ་དུ་དུས་ད་ལྟའི་བར་ལ་གསོ་རིག་གི་སློབ་རྒྱུད་མ་ཉམས་པར་བཞུགས་ཡོད་པ་འདི་དག་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་འཕྲིན་ལས་ལས་བྱུང་བ་ཤ་སྟག་ཡིན་ཞེ་ན་འགལ་བ་ཆེར་མེད་པའོ།། འདིར་གུས་པས་འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་གདན་རབས་དང་གསོ་རིག་བརྩམས་ཆོས་སོགས་རེའུ་མིག་གི་ཚུལ་དུ་བཀྲམ་ན།

འབྲི་གུང་རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭའི་གདན་རབས་རེའུ་མིག

འབྲི་བསྟན་གསོ་རིག་གསལ་བར་བྱེད་པའི་བརྩམས་ཆོས།

རྒྱུད་བཞིའི་དཀའ་མཆན། སྨན་བླ་ལོངས་སྐུ་གཙོ་འཁོར་ལྔའི་སྒྲུབ་ཐབས་དངོས་གྲུབ་ཀྱི་བང་མཛོད། གཡུ་ཐོག་གི་བཀའ་སྲུང་ཞང་བློན་དྲག་པོ་སྡེ་དགུའི་འཕྲིན་ལས་གནམ་ལྕགས་འཁོར་ལོ་བསྒྱུར་བ། གསོ་རིག་ནོར་བུའི་བུམ་བཟང་། རིན་ཆེན་རིལ་ནག་ཆེན་མོའི་ཟིན་བྲིས་བརྟན་གཡོའི་བཅུད་བསྡུས་མཁས་པ་དགའ་བྱེད།རིན་ཆེན་གྲང་སྦྱོར་རིལ་ནག་ཁ་སྐོང་ལྡུམ་བུའི་མན་ངག གྲང་སྦྱོར་རིལ་ནག་གི་ཕན་ཡོན་མོས་ལྡན་དགའ་བའི་དབྱར་རྔ། རིལ་ནག་ཆེ་འབྲིང་ཆུང་ངུའི་སྦས་དོན་ནམ་མཁའི་ནོར་བུ། རིན་ཆེན་ཚ་སྦྱོར་གྱི་ཟིན་བྲིས་གཅོང་ནད་བདེ་སྟེར། རིན་ཆེན་རིལ་བུ་གཏོང་ཚུལ་གྱི་ཟིན་བྲིས་ཟུར་མཁར་བའི་ཁྱད་ཆོས། རིམས་བཅོས་གུད་དུ་བཀོལ་པ་རིན་ཆེན་སྲོག་གི་ཞགས་པ། ཉེར་ལྔ་ཉི་ཤུའི་རྩ་ལྔའི་སྦྱོར་བ་རིན་ཆེན་སྲོག་གི་རྒྱབ་རྟེན།གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཀྱི་གྲངས་ངེས་ཞལ་ལུང་མཛེས་རྒྱན། འབྲི་ལུགས་ཀྱི་ཁྱད་ཆོས་རྨད་དུ་བྱུང་བའི་འབམ་བཅོས་ཚེ་འཛིན་སྲོག་སྐྱོབ། འབྲི་ལུགས་སྨན་ནག་འཕྲུལ་འཁོར་ཆེན་མོ།  སྡེ་སྲིད་སངས་རྒྱ་མཚོས་དོགས་གནད་བཀའ་འདྲི་གནང་བའི་དཀའ་གནད་དོགས་སེལ།

འབྲི་གུང་གཅེས་བསྡུས་ཕན་བདེ་སྙིང་པོ། འབྲི་གུང་གཅེས་བསྡུས་ཀྱི་བླ་མའི་ཞལ་རྒྱུན་གྱི་ཟིན་བྲིས། གཉན་རིམས་མཁྲིས་པ་རྩ་རྒྱུག་གི་་བཅོས་ཚུལ་མདོར་བསྡུས་ཞལ་ལུང་བདུད་རྩིའི་ཆུ་རྒྱུན། རླུང་ནད་ཅེ་སྤྱང་མགོའི་བཅོས་ཐབས། འབམ་བཅོས་མན་ངག་ཁྱད་པར་ཅན། འབམ་བཅོས་ཚེ་འཛིན་སྲོག་སྐྱོབ་ཀྱི་ལྷན་ཐབས་གསོ་ཚུལ་གསུམ་ལྡན། འབམ་བཅོས་ཟབ་ཉུང་དོན་འདྲིལ་སྙིང་དང་འདྲ་བ། ཕན་བདེ་སྙིང་པོའི་ཡན་ལག་འབམ་བཅོས་གཅེས་པའི་གནད་བསྡུས། གཅོང་ནད་དམུ་ཆུ་གསོ་བའི་གདམས་ངག དུག་ནད་བཅོས་གཞན་ཕན་ཟླ་བའི་འཛུམ་ཟེར། བེག་གེའི་བཅོས་འཆི་བདག་ཞགས་གཅོད། མགོ་གསང་མིག་གསང་གི་ཟིན་བྲིས། མགོ་སྨན་ཟླུམ་བཅོས་ཀྱི་སྦྱོར་བ། རྗེ་ཆོས་གྲགས་ཀྱི་གསུང་ལ་ཞལ་ཤེས་སྦྱར་སོགས་མང་པོ་བཞུགས་ཡོད།

གསོ་བ་རིག་པའི་གདམས་པ་ཀུན་གྱི་ཡང་སྙིང་གཅེས་བསྡུས་ཕན་བདེའི་ཆར་རྒྱུན། ཞལ་ཤེས་སྙིང་གི་ཁུ་བ་བདུད་རྩིའི་ཐིགས་པའམ་གཅེས་བཏུས་ཕན་བདེ་སྙིང་པོའི་གབ་པ་མངོན་དུ་ཕྱུང་བའི་ལྡེ་མིག གསང་མཛོད་སྦས་པའི་ལྡེ་མིག མོད་ནད་སྒོ་བཅོས་ཟབ་མོ། འབྲུམ་བཅོས་བདེ་བའི་ལང་ཚོ། བད་ཀན་འགུལ་འགག་གི་བཅོས་ཕན་བདེ་མྱུར་ལམ། རྒྱུ་གཟེར་ཀྱི་བཅོས་མུན་སེལ་སྒྲོན་མེ། མིག་སེར་གྱི་བཅོས་ལང་ཚོའི་བདེ་སྟེར་སོགས་མཛད་ཡོད།

 

བཞི་བ། མཇུག་བསྡུ་བ།

 

དེ་ལྟར་མདོར་ན། (དབུ་རུ་སྟོད་)འབྲི་གུང་(ཀླུང་ཤོད་)རྩེ་བ་སྲ་བརྟན་རྡོ་རྗེའི་ཕོ་བྲང་གི་གསོ་རིག་སློབ་གྲྭ་ནི་དུས་རབས་བཅུ་བདུན་པར་འབྲི་གུང་མཐིལ་དགོན་པའི་གདན་རབས་ཉེར་གསུམ་པ་འབྲི་གུང་རིག་འཛིན་ཆོས་གྲགས་ཀྱིས་ཐོག་མར་ཕྱག་བཏབ་ཅིང་དེ་ནས་ཁོང་གི་སློབ་མ་འབྲི་གུང་ཚེ་དབང་བརྟན་པ་དང་དེའི་སློབ་མ་དཔོན་ཚང་ཡེ་ཤེས་ཀྱིས་རིམ་བཞིན་བསྐྱངས་ཤིང་འབྲི་ལུགས་གསོ་རིག་གི་ཐུན་མིན་ཕྱག་རྒྱུན་རྒྱུད་སྤེལ་བྱ་སའི་བསྟི་གནས་ཤིག་ཡིན། སྨན་གྱི་སློབ་གྲྭ་འདི་ཉིད་ནི་ལོ་ག་ཚོད་ལ་གནས་ཡོད་མེད་གསལ་ཆ་མེད། ད་ལྟ་སྨན་གཞོང་གས་ཆག་ཤོར་བ་འགའ་དང་སྨན་གྱི་སློབ་གྲྭའི་ཁང་ཤུལ་ཡིན་ཟེར་བ་ཙམ་ལས་གཞན་པ་མཇལ་རྒྱུ་མི་འདུག སློབ་གྲྭའི་སློབ་གཞི་ལ་གཙོ་བོར་ཟུར་ལུགས་གཞི་བཟུང་ཞིང་བྱེ་བྲག་གཞུང་བཤད་སྐབས་སུ་ཟུར་མཁར་བློ་གྲོས་རྒྱལ་པོའི་མེས་པོའི་ཞལ་ལུང་དང་། སྐྱེམས་པའི་རྒྱུད་འགྲེལ་ལ་གཏུགས་ཡོད། མན་ངག་ལག་ལེན་གྱི་སྐབས་སུ་གཙོ་བོར་ཟུར་མཁར་མཉམ་ཉིད་རྡོ་རྗེའི་མན་ངག་བྱེ་བ་རིང་བསྲེལ་ལ་གཏུགས་ཡོད།  གསོ་རིག་སློབ་གྲྭ་འདིའི་བཀའ་དྲིན་ལ་བརྟེན་ནས་འབྲི་ལུགས་གསོ་རིག་ཅེས་སྙན་པའི་གྲགས་པ་དགུང་ལ་ཁྱབ་པ་དང་གསོ་རིག་སློབ་གྲྭ་འདིའི་བཀའ་དྲིན་ལ་བརྟེན་ནས་འབྲི་ལུགས་གསོ་རིག་གི་གཉོམ་ལག་རྒྱས་ཤིང་གངས་རིའི་ལྗོངས་ལ་གཞན་ཕན་སྒྲུབ་པའི་གོམ་པ་དང་པོའང་འདི་ནས་སྤོས་པར་འདོད། མཐར་འདིར་མ་དག་པ་དང་ཆད་ལྷག་གི་ཆ་ཅི་མཆིས་པ་རྒྱ་ཆེའི་ཀློག་པ་རྣམས་ནས་བཟོད་གསོལ་ཡོད་པར་ཞུ།

 

དཔྱད་གཞིའི་ཡིག་ཆ།

 

༡ བསྟན་འཛིན་པདྨའི་རྒྱལ་མཚན་གྱིས་མཛད་པའི་འབྲི་གུང་གདན་རབས་གསེར་ཕྲེང་། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༨༩ལོར་དཔར།

༢ ར་སེ་དཀོན་མཆོག་རྒྱ་མཚོས་མཛད་པའི་འབྲི་གུང་ཆོས་འབྱུང་། [M] མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༠༤ལོར་དཔར།

༣ བྱམས་པ་འཕྲིན་ལས་ཀྱིས་མཛད་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། [M] མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༡༩༩༠ལོར་དཔར།

༤ འབྲི་གུང་ཆོས་རྗེ་བཟང་པོས་མཛད་པའི་བོད་ཀྱི་གསོ་རིག་ལས་འབྲི་ལུགས་གསོ་རིག་སྤྱི་བཤད། རྒྱལ་ཡོངས་བོད་ལུགས་གསོ་རིག་རིག་གཞུང་དཔྱད་གླེང་ཚོགས་ཆེན་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས། ༼༢༽ [G] བོད་ལྗོངས་མི་དམས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༢༠༡༡ལོར་དཔར།

༥ འབྲི་གུང་ཚེ་དབང་བརྟན་པས་མཛད་པའི་གསོ་བ་རིག་པའི་མན་ངག་ཀུན་གྱི་གཅེས་བསྡུས་ཕན་བདེ་སྙིང་པོ། [M] མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༩ལོར་དཔར།

༦ དཔོན་ཚང་ཡེ་ཤེས་བསམ་གཏན་གྱིས་མཛད་པའི་གཅེས་བཏུས་ཕན་བདེ་སྙིང་པོའི་གབ་པ་མངོན་དུ་ཕྱུང་བའི་ལྡེ་མིག [M] མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༩ལོར་དཔར།

༧ འབྲི་གུང་ཚེ་དབང་བརྟན་པས་མཛད་པའི་གསོ་བ་རིག་པའི་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་དོགས་སེལ་གྱི་ཟིན་བྲིས་མདོ། [M]མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༩ལོར་དཔར།

བརྒྱུད་སྐུལ།

མཆན་སྤེལ།