རྩོམ་བྱང་སྩོལ་མཁན་བུ་ཚེ་རིང་རྒན་པས།
འཇིག་རྟེན་ཁམས་འདིར་ཕ་མས་ཕྲུ་གུ་དང་ཕྲུ་གུས་ཕ་མ་མི་བྱེད་པ་ཞིག་མེད་དེ། ཕ་མས་ཕྲུ་གུ་དང་ཕྲུ་གུས་ཕ་མ་བྱེད་པ་ནི་འཚོ་བའི་ཆོས་ཉིད་ཅིག་རེད། འཇིག་རྟེན་གྱི་ཆོས་ཉིད་དེ་དང་འཚོ་བའི་བརྒྱུད་རིམ་དེའི་ཁྲོད་དུ། ང་ཚོ་ཕ་མ་དང་བུ་ཕྲུག་ཚང་མར་དམིགས་བསལ་གྱི་ཚོར་སྣང་ཞིག་ཡོང་གི་ཡོད་ལ། འཚོ་བའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་སོགས་མི་སོ་སོའི་ལས་དབང་མི་མཚུངས་པའི་དབང་གིས་འདི་ལྟའི་ཚོར་སྣང་ཡང་མི་གཅིག་པ་ཡིན། མདོར་བསྡུས་ནས་བཤད་ན་ཚོར་སྣང་དེ་ནི་སེམས་ཀྱི་མྱོང་བ་ཙམ་མ་ཟད་ཤ་རུས་ལ་སིམས་པའི་བརྩེ་དུང་ཞིག་ཀྱང་ལོས་ཡིན་སྙམ། སྙན་ངག་ལ་མཁོ་བ་ནི་འཚོ་བ་རེད་ལ་རླབས་ལྟར་འཕྱུར་བའི་བརྩེ་བ་ཡང་རེད། རྒྱུ་མཚན་འདི་འདྲ་ཞིག་ལ་བརྟེན་ཏེ། རྩོམ་གྲོགས་འགའི་མངགས་སྐུལ་འོག་ད་རེས་གཙང་ཁུལ་གྱི་རྩོམ་བྱང་གཅིག་པའི་སྙན་རྩོམ་གྱི་རྩོམ་བྱང་དེ་བཞིན་ཨ་མ་དྲན་དུས་ཞེས་པ་འདི་སྟོན་པ་ཡིན། གཤམ་དུ་འཁོད་པ་ནི་གཙང་ཁུལ་གྱི་རྩོམ་པ་པོ་ཁག་ཅིག་གི་བྲིས་པའི་རྩོམ་བྱང་དུ་ཨ་མ་དྲན་དུས་ཞེས་པའི་སྙན་ངག་ཡིན་པས། ཚང་མས་དགྱེས་གཟིགས་དང་བཅས་ཐུན་མོང་དུ་ཡར་རྒྱས་གོང་འཕེལ་ཆེད་དགོངས་ཆར་ལྷུག་རྩོལ་གནང་རྒྱུའི་རེ་བ་ཆེ།
༄༅། །ཨ་མ་དྲན་དུས།
བུ་ཚེ་རིང་རྒན་པ། གཙང་གྲོ་མོ།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
ཨ་མ་དྲན་དུས།
ང་ལ་བསམ་རྒྱུ་དང་དྲན་རྒྱུ་མང་།
ཨ་མ་དྲན་དུས།
མིག་ལམ་ཨ་མའི་ཞལ་རས་འཁོར་ཞིང་།
སེམས་ནང་ཨ་མའི་ལས་ཚུལ་དང་འཇོན་ཐང་དྲན་སྲིད།
ཨ་མ་དྲན་དུས།
ང་རང་སྔར་བཞིན་ཨ་མའི་པང་ཁའི་ནང་གི་ཕྲུ་གུ་ཆུང་ཆུང་དེ་ཡིན་ལ།
ཨ་མ་དྲན་དུས།
ང་རང་བྱམས་བརྩེས་སྐྱོང་བའི་པྲ་ཚག་གི་ཕྲུ་གུ་དེ་ཡང་ཡིན་ངེས།
ཨ་མ་དྲན་དུས།
ངའི་མིག་མཐར་མཆི་མ་འཁོར་ངེས་ལ།
ཨ་མ་དྲན་དུས།
ངའི་ངག་སྒོ་ལས་ཨ་མ་ཞེས་དབང་མེད་དུ་ཤོར་ངེས།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
རང་ཕྲུག་གིས་ང་ལ་ཁོང་ཁྲོ་སློང་དུས།
ངས་ཨ་མ་དྲན་སྲིད་ལ།
རང་ཕྲུག་གིས་ང་ལ་བརྩེ་བ་སྦྱིན་དུས།
ངས་ཨ་མ་དྲན་སྲིད།
ཕྲུ་གུ་ཁྲེལ་ཡོད་གཅིག་གིས་ཨ་མ་སྐྱོར་ཏེ་འགྲོ་དུས། ངས་ཨ་མ་དྲན་སྲིད་ལ།
ཁྲེལ་མེད་ཕྲུ་གུས་ཨ་མར་ཁ་ལན་མིག་ལོག་སྟོན་དུས།
ངས་ཨ་མ་དྲན་སྲིད།
ཨ་མ་ཞིག་གིས་རང་ཕྲུག་གི་ཆེད་དུ་མིག་ཆུ་འདོན་དུས།
ངས་ཨ་མ་དྲན་ངེས་ལ།
ཨ་མ་ཞིག་གིས་བུ་ཕྲུག་གི་དོན་དུ་གསོལ་བ་སྨོན་ལམ་འདེབས་དུས།
ངས་ཨ་མ་དྲན་སྲིད།
ཨ་མ་ཞིག་གིས་བུ་ཕྲུག་གི་དོན་དུ་ཟས་གྱོང་ལྟོ་གྱོང་འཁུར་དུས།
ངས་ཨ་མ་དྲན་སྲིད་ལ།
ཨ་མ་ཞིག་གིས་རང་ཕྲུག་གི་དོན་དུ་སེན་མགོ་ཁྲག་དང་སེན་རྩ་རྣག་ལ་བཅོལ་དུས།
ངས་ཨ་མ་དྲན་སྲིད།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
བསོད་ནམས་དམན་པའི་བུ་ངས་ཨ་མ་དྲན་དུས།
ཁ་བ་ལྟ་བུའི་ཨ་མའི་བཞིན་རས་ཡང་ཡང་དྲན་སྲིད་ལ།
ཟླ་བ་འདྲ་བའི་ཨ་མའི་བྱམས་སེམས་ལྷང་ལྷང་ལ་དྲན་སྲིད།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
ཨ་མ་དྲན་ཚུལ་ནི། དབྱར་ཟླ་ལྟ་བུའི་སྐྱིད་སྣང་དེ་རེད་ལ།
དགུན་ཟླ་ལྟ་བུའི་སྐྱོ་སྣང་དེའང་རེད།
ཨ་མ་དྲན་ཚུལ་ནི། ཀ་ར་ལྟ་བུའི་བྲོ་བ་མངར་མོ་དེ་རེད་ལ།
སེའུ་ལྟ་བུའི་བྲོ་བ་སྐྱུར་མོ་དེའང་རེད།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
ངས་ཨ་མ་དྲན་བཞིན་ཡོད།
ཨ་མ་ཡོད་དུས།
ལས་གཡོག་ཐབ་གཡོག་ལ་བྲེལ་བའི་ལས་ངན་མ་དེ་རེད་ལ།
ཨ་མ་མེད་དུས།
དྲིན་ལན་གཞལ་དུ་མེད་པའི་འཇིག་རྟེན་གྱི་ནོར་བུ་དེ་རེད།
ཨ་མ་ཡོད་དུས།
ངུ་ས་དང་ཁྲོ་ས་དེ་ཨ་མ་རེད་ལ།
ཨ་མ་མེད་དུས།
སེམས་ཀྱི་དྲན་པ་དང་སྙིང་གི་འཕག་སྒྲ་དེའང་ཨ་མ་རེད།
ཨ་མ་དང་བྲལ་ཏེ་ཡུན་རིང་སོང་།
ཨ་མ་མེད་དུས།
ངས་དྲིན་ཆེན་ཨ་མ་ཡང་ཡང་དྲན་བཞིན་ཡོད།
༄༅། །ཨ་མ་དྲན་དུས།
འདྲུ་བཀྲ་ཤིས་རྒྱལ། གཙང་མཐོང་སྨོན།
གཞན་ཡུལ་ཞིག་ན་འཚོ་མལ་འཆའ་དུས་སུ། །
དཀའ་སྡུག་བཟོད་མེད་ཕྲག་སྟེང་འབབ་པའི་ཚེ། །
ཕུགས་ཀྱི་འདུན་མར་བརྩོན་པས་ངལ་དུས་ལ། །
བརྩེ་བ་རྒྱ་མཚོའི་རུམ་གཅིག་ཨ་མ་དྲན། །
དགུན་རླུང་ངར་མས་ལུས་པོ་རེངས་དུས་སུ། །
འཚོ་གཤིས་དབང་གིས་ངག་ནི་ལྐུགས་པའི་ཚེ། །
མི་ཁ་ངན་པས་སེམས་པ་སྦྲིད་དུས་ལ། །
བྱམས་ལྡན་ཡིད་ཁ་གསོ་བའི་ཨ་མ་དྲན། །
རང་སེམས་མཁྲེགས་པོས་རང་འདོད་སྒྲུབ་དུས་སུ། །
གཞན་བས་རང་གཅེས་གཞན་སེམས་དཀྲུག་པའི་ཚེ། །
མི་སྤྱོད་ངན་པས་མི་གཤིས་འབོར་དུས་ལ། །
དྲང་པོའི་གཙུག་རྒྱན་དྲང་སྲོང་ཨ་མ་དྲན། །
གནག་སྣུམ་སྐྲ་ལོར་དུང་མཚོ་འཁྱིལ་དུས་སུ། །
ཞལ་ཁྱིམ་འཇམ་པོར་ཆུ་རིས་འཆར་བའི་ཚེ། །
ལུས་ཟུངས་ཉམས་ཏེ་ན་ཚོད་རྒས་དུས་ལ། །
བདག་ལ་བདེ་དགའ་སྩོལ་མཛད་ཨ་མ་དྲན། །
ཉིན་མཚན་དུས་དྲུག་བུ་ལོ་སེམས་དུས་སུ། །
ཟས་ཞིམ་གོས་འཇམ་བུ་ལ་སྩོལ་བའི་ཚེ། །
རིན་ཆེན་སྲོག་བས་བུ་ཕྲུག་གཅེས་དུས་ལ། །
རྣམ་དག་སེམས་དཔལ་ལྷ་མོ་ཨ་མ་དྲན། །
མི་ཆོས་གནད་ཀྱི་སྙིང་པོ་གདམས་དུས་སུ། །
འཇིག་རྟེན་འཚོ་བའི་འདུན་མ་སྟོན་པའི་ཚེ། །
བདག་གི་ཁོག་པའི་སྙིང་གཅིག་ཟེར་དུས་ལ། །
མགོན་མེད་སྐྱབས་ཀྱི་སྐྱོབ་པ་ཨ་མ་དྲན། །
སྐྱེ་བ་འདི་དང་ཕྱི་མའི་ཕར་ངོགས་སུ། །
དཀའ་བ་བརྒྱ་དང་བདེ་སྐྱིད་སྟོང་གི་ཁྲོད། །
དྲན་པའི་ངོས་ཀྱི་མེ་ལོང་དྭངས་མ་ལ། །
ཨ་མ་རྡོ་བར་བརྐོས་པའི་རི་མོ་ཡིན། །
༄༅། །ཨ་མ་དྲན་དུས།
གངས་ཕྲུག་རྒྱལ། གཙང་རྟ་ནག
དྲན་རྟེན་གྱི་ཁ་བཏགས་དཀར་པོ་བདག་གི་སྐེ་ལ་གཡོགས་པ་ནས།
སྐབས་ཤིག་ཡུལ་བསྐལ་གྱི་བདེ་སྡུག་ཅིག་མྱོང་བའི་རྟེན་འབྲེལ་འགྲིག་ཟིན།
དཔྲལ་བ་ཐུག་པའི་སྐད་ཅིག་དེ་ནི་ཅི་འདྲའི་བདེ་སྐྱིད་ཆེ་ལ་སྡུག་བསྔལ་དྲག་པ་ཞིག་རེད་ཨང་།
ཁངས་ཆར་མང་པོ་ཞིག་དུས་གཅིག་ལ་འབབ་པ་ལན་གཅིག་གི་དྲན་གདུང་ཡིན་པ་འདྲ།
སྐྱིད་དུས་སེམས་དབུས་ནས་བརྗེད་སོང་བ་རྒྱུ་དག་མེད་པའི་བུ་ཕྲུག་ཅིག་གི་རྟགས་མཚན་རེད།
ཀྱེ་མ།
མི་ཡུལ་དུ་བརྩེ་སེམས་ཟེར་བ་ཤིན་ཏུ་ནས་མི་རྟག་མོད།
ཨ་མ་ཁོ་ན་འགྱུར་མེད་ཀྱི་བརྩེ་བ་ཞིག་ཡིན་ཨང་།
འདུན་ལམ་རབ་རིབ་ཅིག་གི་འདུར་རྒྱུག་གིས།
ལྷན་འཛོམས་ཀྱི་སྐལ་བ་ཇེ་ཕྲར་འགྲོ་བ་ནི།
དྲན་གདུང་གི་མནར་གཅོད་ཐུག་པོ་ཞིག་མྱོང་དགོས་པའི་སྟ་གོན་ཡིན་པ་འདྲ།
འཇམ་ཐིང་ཐིང་གི་མཚན་མོ་རེ་རེ།
འུར་ཟིང་ཟིང་གི་ཉིན་མོ་རེ་རེ།
དྲན་གདུང་གི་རི་རབ་བརྩིགས་འོང་།
བདག་གི་ཉི་སེར།
༄༅། །ཨ་མ་དྲན་དུས།
སྨིན་རུང་འབྲས་བུ། གཙང་ངམ་རིང་།
རྣམ་ཤེས་དང་མའི་གནས་ཚང་གཡར་བའི་མ། །
དང་པོར་ཟུངས་ཁྲག་ལུས་ཀྱི་བཅུད་དེ་གནང་། །
སྐྱེས་ནས་དབང་པོ་རབ་རིབ་མ་རྫོགས་དུས། །
བྲང་གི་ནུ་ཞོས་ལུས་གཟུགས་ལང་ཚོ་གསོ། །
བཅོས་མའི་གཤིས་ལ་གཡོ་སྒྱུ་མ་མཆིས་ཤིང་། །
ལྷད་མེད་བྱམས་བརྩེས་སྙིང་ནས་སྐྱོང་བ་ཡི། །
བཀའ་དྲིན་འགྲན་ཟླ་བྲལ་བའི་མིག་གཅིག་པུ། །
བརྩེ་ལྡན་ཨ་མ་ཁྱེད་མིན་སུ་ཞིག་ཡོད། །
ཀུན་གྱིས་གཅེས་འཛིན་རང་གི་ཚེ་སྲོག་ཀྱང་། །
བུ་ཚའི་ཆེད་དུ་དོར་བའི་རླབས་ཆེན་མ། །
ཁྱེད་ལས་ལྷག་པའི་དྲིན་ཆེན་སུ་ཡང་མེད། །
བཀའ་དྲིན་དྲན་ནོ་བྱམས་ལྡན་ཨ་མ་ལགས། །
གྲོགས་མེད་ཁེར་རྐྱང་འཁྱམས་པའི་བུ་རུལ་ལ། །
ཡིད་བརྟན་འཁོར་ས་ཁྱེད་མིན་གང་ནའང་མེད། །
རང་ལས་གཞན་གཅེས་སེམས་པའི་ཨ་མ་ཁྱེད། །
ལྷང་ལྷང་མིག་ལམ་འདི་ཁར་དྲན་ཅིང་འཁོར། །
རྒྱང་རིང་ཕ་མཐར་བགྲོད་པའི་བུ་ཆུང་བདག །
བྱམས་ལྡན་ཨ་མའི་བཀའ་དྲིན་ཡིད་ལ་འཁོར། །
མ་བཟོད་དྲན་གདུང་མིག་ཆུའི་ཀློང་དཀྱིལ་ནས། །
ཡང་ཡང་ཁྱེད་ཉིད་བདེ་བའི་སྨོན་ལམ་འདེབས། །
ལས་མང་མི་འཚེའི་བྲེལ་འཚུབ་ཆེ་བའི་ཀློང་། །
དྲན་པ་ཀུན་གྱི་ནང་ནས་ཆེས་གདུང་བའི། །
ཨ་མ་དྲན་དུས་ཅིས་ཀྱང་མི་ཕན་གདའ། །
ཨ་མ་དྲན་པའི་སེམས་གཏམ་སྙིང་ནས་བརྡོལ། །
ལས་ཀྱིས་འཁྱར་བའི་གཞན་ཡུལ་སྐྱ་མོ་ནས། །
དྲན་རྟོག་འགྱུ་བའི་ཉམ་ཆུང་མི་བུ་བདག །
ཨ་མ་དྲན་དུས་ལས་གཞན་མི་སེམས་པར། །
སེམས་དུབ་མིག་ཆུས་བརླན་པའི་ཚུལ་རེ་སྣང་། །
བཟང་ངན་སྣང་བའི་འཇིག་རྟེན་འཁོར་བ་འདིར། །
ཨ་མ་ལས་གཞན་དྲན་པའི་དྲིན་ཅན་མེད། །
ཨ་མ་དྲན་དུས་ཅི་ཡང་ཐབས་མེད་པར། །
ཚོར་སྣང་ཡི་གེར་བཀོད་ནས་དྲན་གདུང་གྱེར། །
༄༅། །ཨ་མ་དྲན་དུས།
རིག་ཞེན་སྲི་ཐར། གཙང་ས་སྐྱ།
ནམ་མཁའ་འདིའི་འོག་ན།
ཁྱོད་གཅིག་པུ་ཁྱོད་དྲན་སླ་ཞིང་།
ཁྱོད་གཅིག་པུ་སྙིང་དུ་སྡུག
འགྲུལ་བཞུད་ཀྱི་སྣེ་མོར་དྲངས་པ།
ཁྱོད་ཀྱི་སྐྲ་ལོ་དང་འཛུམ་མདངས།
མེ་ཏོག་གི་ན་ཚོད་དང་ཚེ་སྲོག་གི་འདབ་མ།
ཞོགས་པ་དང་ས་སྲོད་རེ་རེར།
ཁྱོད་ཀྱི་བརྩེ་བ་རྩྭ་རྩེའི་ཟིལ་བར་འཐིམ་ཡོད།
ཁང་ཁྱིམ་གྱི་མེ་ཐབ་ལ་འཐིམ་ཡོད།
བུ་ཕྲུག་གི་བདེ་སྡུག་ལ་འཐིམ་ཡོད།
སེམས་པ་གཏད་ནས་ཕྲེང་རྡོག་བགྲངས།
བརྩེ་བ་བསྲིངས་ནས་སྨོན་ལམ་བཏབ།
ཁྱོད་དྲན་དུས་བདེ་སྐྱིད་ཚོར་ཡོང་།
ཁྱོད་དྲན་དུས་མིག་ཆུ་ལྷུང་ཡོང་།
ཁྱོད་དྲན་དུས་སྙིང་ཁ་འགུལ་ཡོང་།
༄༅། །ཨ་མ་དྲན་དུས།
ཨ་བཀྲ་ཤིས་སྐྱབས། གཙང་རྣམ་གླིང་།
ཨ་མ་དྲན་དུས།
ཨ་མའི་འཁྲིས་ན་མེད།
བྱིའུ་ཆུང་ལྟ་བུའི་བུ་ཕྲུག་ཚོ་རང་མགོ་ཐོན་ཏེ།
ཕུགས་བསམ་རུམ་གང་ཁྱེར་ནས།
རྨི་ལམ་ལྟ་བུའི་ལམ་བུར་རྡོག་ཐོན་ཟིན།
ཟང་ཟིང་གི་འཚོ་བའི་ལམ་འཕྲང་ཐོག
ཟླ་བ་ཁེར་འགྲོ་ལྟ་བུའི་མི་ཚེའི་འགྲུལ་བཞུད་ལ།
སྒྱུ་ལུས་ཆག་འཇིག་གི་བར་ཆད་དང་།
འཚོ་བའི་དཀའ་སྡུག་གང་མང་འཕྲད་ཚེ།
སྐྱབས་མགོན་མེད་པ་ལྟར་གྱི།
ཉམ་ཆུང་གི་བུ་ཕྲུག་ཚོ་དྲིན་ཆེན་ཨ་མ་དྲན།
ཨ་མ་དྲན་དུས། ཨ་མའི་བཀའ་དྲིན་ཤེས།
ཨ་མ་གཅིག་པུ་སེམས་ཀྱི་གཞིས་ཁྱིམ་ཡིན་པ་ཚོར།
ཨ་མ་དྲན་དུས། ཨ་མ་རྒས་ཟིན།
གནམ་འོག་གི་བུ་ཕྲུག་མང་པོ།
སེམས་འདུན་གང་གི་ཆེད།
དཔུང་པ་ས་འོག་ཏུ་འཛུལ།
ལག་རྡོལ་རྡོལ་གྱི་ལས་བྱེད།
རྒས་ནས་དྲིན་ལན་གྱི་ཚུལ་དུ།
གསེར་དངུལ་གྱི་རྒྱན་པ་དང་།
ཞལ་ལག་སྣ་ཚོགས་ཀྱི་སྦྱིན་ཀྱང་།
ནམ་དུས་དང་དང་ག་ཡོལ་ཟིན་པས།
ཨ་མ་དྲན་པ་ཕྱིས་སོང་།
ཨ་མ་དྲན་དུས། ང་གཉིད་ལས་སད།
དབུ་སྐྲ་དུང་ལྟར་དཀར་བའི་ཨ་མས།
ད་དུང་ཡང་བརྒལ་མི་ཚར་བའི་ནང་ལས་ཙག་ཙིག་ཁྲོད།
ལ་ཁའི་ཉི་མ་བཞིན་སྐྱོ་བའི་རྒས་ཉམས་མངོན་དུས།
ངས་རང་དབང་མེད་པར་དཀོན་མཆོག་གི་མཚན་ནས་འབོད་དེ།
ཁྱེད་ཉིད་སྐུ་ཚེ་རིང་བའི་སྨོན་ལམ་ཡང་ནས་ཡང་དུ་འདེབས་པར་ཐལ།
ངའི་ལག་ནང་གི་ནོར་བུ། ཨ་མ་ལགས།
༄༅། །ཨ་མ་དྲན་དུས།
རྡོ་ཐང་། གཙང་རྣམ་གླིང་།
ཨ་མ་དྲན་དུས།
ངས་ཁ་པར་ནང་གི་ཨ་མའི་འདྲ་པར་ལ་ཅེར་ནས།
ཁ་རོག་གེར་མགོ་བོ་མལ་ཐུལ་གྱིས་བཏུམས་དགོས་བྱུང་།
ཨ་མ་དྲན་དུས།
ངས་མ་ལོའི་བྱམས་བརྩེའི་དྲོད་ཁོལ་རུམ་དུ་བཅུག་ནས།
རྡོ་བ་ལྟ་བུའི་རང་སེམས་གསོས་ཆོག
བཀའ་དྲིན་ཆེ། ཡུམ་ཆེན་ལགས།
ལྷོད་ཡངས་པའི་ཁྱེད་ཀྱི་སེམས་པའི་ནམ་མཁའ་རུ།
འཚེར་ཡོང་བ་ཕུ་ནུ་མིང་སྲིང་ཚོའི་སྐྱིད་སྡུག་རེད།
མཐའ་མི་མངོན་པའི་ཁྱེད་ཀྱི་ཡ་ཁོག་གི་རྩྭ་ཐང་དུ།
བཞད་ཡོང་བ་བུ་ཕྲུག་ཚོའི་ལང་ཚོའི་མེ་ཏོག་རེད།
ཐོག་ཁ་ནས་རྭ་བར་དུ་བསྐྱོད་པའི་འགྲུལ་བཞུད་རེར།
ཁྱེད་ཀྱིས་བུ་ཕྲུག་ཚོར་ངལ་དུབ་དང་རྔུལ་ཆུས་བཞེངས་པའི་འཛུམ་མདངས་ཡོད།
ད་ལྟ་འཛུམ་མདངས་དེ་དག་མངར་སྐྱུར་ཅི་ཡིན་ཁྱེད་ཀྱིས་ཚོར་ཨེ་བྱུང་།
ད་དུང་ལུག་ཁྱུ་ལྷས་སུ་བསྐོར་ཤུལ་ན།
ལོ་ཟླའི་སྐྲ་ལོ་རླུང་ལ་བསྲེས་ནས་བུ་ཕྲུག་ཚོར་ལྗང་མདོག་གི་རྨི་ལམ་བསྩལ།
ད་ལྟ་རྨི་ལམ་དེ་ལས་ཁྱེད་ལ་ཡིད་འོང་གི་དཔྱིད་ཀ་ཚེས་ཨེ་བྱུང་།
ཨ་མ་དྲན་དུས།
ངས་ཁ་པར་ནང་གི་ཨ་མའི་འདྲ་པར་ལ་ཅེར་ནས།
ཁ་རོག་གེར་མགོ་བོ་མལ་ཐུལ་གྱིས་བཏུམས་དགོས་བྱུང་།
༢༠༡༨/༢/༧ཉིན།
༄༅། །ཨ་མ་དྲན་དུས། ཡང་ན་མཐོང་ཐོས་ཨ་མ་དྲན་གླུ།
ཇོ་ཇོ་མིང་མེད། གཙང་གཏིང་སྐྱེས།
བུ་ཆུང་ཨ་མ་དྲན་པའི་དུས། །
དཔྱིད་ཀྱི་ས་གཞི་དོག་མོ་ལ། །
སྒེར་སེམས་མེད་པའི་ཉི་མ་ཡིས། །
དྲོད་འཇམ་འོད་ཐིག་སྤྲོ་བ་མཐོང་། །
བུ་ཆུང་ཨ་མ་དྲན་པའི་དུས། །
དབྱར་གྱི་སྤང་ལྗོངས་ཡངས་མོའི་སྟེང་། །
རྒོད་མ་རྟེའུ་དང་བ་མོ་བེའུ། །
མ་མོ་ལུ་གུ་མཉམ་རྩེད་མཐོང་། །
བུ་ཆུང་ཨ་མ་དྲན་པའི་དུས། །
སྟོན་གྱི་འཇིག་རྟེན་སེར་པོ་ནས། །
ཡལ་ག་གུག་པའི་སྡོང་རྒན་གྱི། །
འདབ་ལོ་ས་ལ་ཟགས་པ་ཐོས། །
བུ་ཆུང་ཨ་མ་དྲན་པའི་དུས། །
དགུན་གྱི་གྲང་ངར་ནག་པོའི་ཁྲོད། །
དུ་དྲི་འཁྱིལ་བའི་ཐབ་ཁ་ནས། །
མེ་ཁ་དམར་མོ་འབར་བ་ཐོས། །
༄༅། །ཨ་མ་དྲན་དུས།
ལྷ་ཁྲོང་ཟླ་བཟང་། ཡར་འབྲོག
བུ་ཕྲུག་གི་ཆེད།
དུས་ཐུང་གི་མི་ཚེ་གང་པོར།
དཀའ་སྤྱད་ཀྱི་རྡོ་རིང་གསོན་པོ་ཞིག་བཞེངས་རྗེས།
ལས་དབང་གི་ཕོ་ཉས་དེད་ཟིན་པའི་དྲིན་ཆེན་དེ།
ངའི་ཨ་མ་རེད།
ཁྱིམ་གཞིས་ཀྱི་ཆེད།
ཡུན་རིང་གི་འཚོ་བའི་ཁྲོད།
རྔུལ་ཆུ་ཡི་ཡིག་འབྲུ་དུང་ཕྱུར་རྐོ་ལ་རེ་བཞིན་པའི་མཛངས་མ་དེའང་།
ངའི་ཡུམ་ཆེན་ཡིན།
སྐྱ་ཐེར་གྱི་ལམ་ཕྲང་ཐོག
ང་རང་ལུས་པར་ཕྱི་མིག་འཕངས་ཤིང་།
བློ་འགྱོད་དང་ཞེན་ཆགས་འདྲེས་མར་ལམ་ལ་ཆས་ཟིན་པ་དེའང་།
ངའི་ཨ་མ་ཡིན།
ཟང་ཟིང་གི་ཁོར་ཡུག་སྟེང་།
ངའི་འགྲོ་འདུག་སྤྱོད་ལམ་ལ་སེམས་བཞིན།
བརྩེ་བ་དང་དངངས་འཚབ་འདྲེས་མར་ལམ་ལ་འགྲོ་མཁན་དེའང་།
ངའི་མ་ལོའོ།
མདོར་ན།
བསྐྱོད་ཟིན་པ་དང་སྐྱོད་མུས་མཁན་སུ་འདྲ་ཞིག་ཡིན་རུང་།
ཁྱེད་ནི་ནམ་ཡང་ངའི་སེམས་ཀྱི་རྒྱབ་རི་དེ་ཡིན་པས།
ཨ་མ་ཞེས་པའི་ཐ་སྙད་དེར་ནམ་ཡང་རྫོགས་ཤད་ཅིག་ག་ལ་བཀོད་ལ།
ཁྱེད་ཀྱི་ང་ལ་བཅངས་པའི་བརྩེ་བར་ཚད་བཀག་ཅིག་གཏན་ནས་མེད་པས།
ངས་ཀྱང་ཁྱོད་ཉིད་དྲན་པར་དུས་བཀག་ཅིག་མེད་པར།
ནམ་ཡང་སེམས་དབུས་ནས་དྲན་སྲིད།
ཨ་མ།
༄༅། །ཨ་མ་དྲན་དུས།
སྤེན་ཚེ་གཞོན་པ། གཙང་པ་སྣམ།
ཨ་མ་དྲན་དུས།
ཕྱག་ཟུང་གི་རྩོལ་བ། ལྕི་འདམ་གྱི་དཀྱིལ་དུ་འཐིམ་ཞིང་།
གོམ་པ་ཡི་འདེགས་འཇོག །བ་ཕྱུག་གི་ཁྲོད་དུ་བསྒྱུར།
དལ་བ་མེད་པའི་ལུས་སེམས་ཧྲིལ་པོ།
སུ་ཞིག་དང་གང་ཞིག་གི་ཆེད་དུ་འདུར་གྱིན་པ་དྲན་བྱུང་།
ཨ་མ་དྲན་དུས།
ཆུ་ལེན་མེ་གཏོང་གི་བགྱི་བ།
དེ་ཕོའི་སྐད་གསང་དང་སྒྲོག་གིན།
ཟས་ཞིམ་གཡོས་སྦྱོར་གྱི་ངལ་བས།
བུ་ཕྲུག་ཚོའི་ལུས་སེམས་བདེ་བས་འཚོས་པ་དྲན་བྱུང་།
ཨ་མ་དྲན་དུས།
ངས། ཁ་བ་བབས་པའི་ནམ་ཟླ་དེ་དྲན་འོངས།
ཁ་བ་ལྷབ་ལྷུབ་ཏུ་བབས་པའི་མཚན་མོ་དེ་ལ།
ལྷབ་ལྷབ་ཏུ་འབར་བའི་ལྕི་བའི་མེ་ལྕེའི་འགྲམ་དུ།
ལྷོག་ལྷོག་ཏུ་འཁོལ་བའི་རྩམ་ཐུག་ཞིམ་པོ་འཐུང་གིན།
ཨ་ཕོ་རི་བོང་གི་བྱིས་སྒྲུང་ལ་རྣ་བ་གླགས་ཀྱིན།
བདེ་བའི་རྨི་ལམ་གྱི་ཞིང་ཁམས་འགྲིམས་པ་དྲན་བྱུང་།
ཨ་མ་དྲན་དུས།
ངས། ཕ་ཡུལ་གྱི་ལམ་སུམ་མདོ་ཁ་དེ་དྲན་འོངས།
དེ་རུ། ཨ་མའི་ཕྱག་ཟུང་གི་རྩོལ་བས་བསྒྲུབས་པའི།
ཞོག་ཁོག་བརྔོས་མ་དང་གོ་རེ་བཙོས་མའི་ཁ་ཟས།
རྫོང་གྲོང་དུ་ང་ལ་བསྐུར་བའི་རྒྱབ་གཟུགས་དེ།
བདག་གི་སེམས་དབུས་སུ་དཔར་དུ་བཏབ་ཡོད།
ཨ་མ་དྲན་དུས།
ངས། སེམས་ངལ་གྱིས་བྲིས་པའི་གཉེར་མའི་བཞིན་གྱིས།
བྱམས་བརྩེའི་འཛུམ་མདངས་གནང་བ་མཐོང་བྱུང་།
སྐྱི་ལྤགས་མཐུག་པའི་ཕྱག་ཟུང་དྲོན་མོ་ཞིག་གིས།
ངའི་མགོ་ལ་བྱིལ་བྱིལ་གཏོང་བཞིན་པ་ཚོར་བྱུང་།
ལོ་ཟླའི་བུ་ཡུག་གིས་གཙེས་པའི་སྤྱན་ཟུང་གཉིས་པོ།
ད་དུང་ཡང་། ང་ལ་བརྩེ་བས་གཟིགས་བཞིན་པ་དྲན་བྱུང་།
ཨ་མ་དྲན་དུས།
བདག་སེམས་ཀྱི་དུས་གསུམ་ན་རྟག་བརྟན་དུ་འཚོ་བའི།
སེམས་ཚེགས་དང་སྡུག་བསྔལ་ཐམས་ཅད་ཀྱི་དང་བླངས་པ།
བདེ་སྐྱིད་དང་ཕུན་ཚོགས་ཐམས་ཅད་ཀྱི་སྦྱིན་པའི་བདག་མོ།
ལྷག་བསམ་དང་བྱང་སེམས་ཀྱི་འོད་ཀྱིས་ཕྱུག་པའི།
མི་ཡུལ་གྱི་སྒྲོལ་མ་དཀར་པོ་དེ་ཡང་ཡང་དྲན་བྱུང་།
༢༠༡༨/༢/༥
༄༅། །ཨ་མ་དྲན་དུས།
ས་དཀར། གཙང་མཐོང་སྨོན།
ཨ་མ། ང་རང་གཅིག་པུ་མཚན་མོ་འདིར་ཟླ་འོད་ལ་ཅེར་ཏེ།
ཆུང་དུས་ཀྱི་དྲན་སྣང་དག་སྨྱུག་རྩེ་ནས་ལུད་ཡོང་དུས།
དཀར་ཤིང་གཙང་བའི་ཤོག་བུའི་ལྡིང་ཁང་དུ།
མིག་ཆུའི་ཐིགས་ཕྲེང་བར་མེད་ལྷུངས།
ཨ་མ། ང་རང་ཁེར་འགྲོད་ཀྱི་ལམ་བུ་རེ་རེར།
ཁྱེད་ཀྱི་ཐུགས་ཁྲལ་གྱི་སྡོང་ལོ་རེ་རེ་འབབ་ཡོང་དུས།
བུ་ངའི་བསྒྲུབ་དགོས་ཀྱི་བྱ་བཞག་ལ་རེ་བའི་འདབ་སེར་འཕྲོ།
ཨ་མ། ཁྱེད་ཡོད་པའི་ཉིན་དེ་ནས།
བུ་ངའི་ཕུགས་འདུན་གྱི་ལམ་བུར་མངོན་སུམ་གྱི་རྨི་ལམ་རྨིས།
ཨ་མ། ཁྱེད་ཀྱིས་བུ་ཕྲུག་གི་དོན་དུ།
དཀའ་སྡུག་གི་རྔུལ་ཁྲག་ལྷུངས་བ་མཐོང་དུས།
བུ་ངའི་ཡིད་སེམས་ཀྱི་ནམ་མཁར།
ཁྱེད་ཀྱི་བྱམས་རྩེའི་བྱ་ཁྱུ་འཕུར་འོང་།
༄༅། །ཨ་མ་དྲན་དུས།
ཞིམ་མྱོས། གཙང་ངམ་རིང་།
བཅོ་ལྔའི་དུང་ཟླ་ཚེས་དུས།
ཐོ་རེངས་སྐར་ཆེན་འཆར་དུས།
ཁུ་བྱུག་གསུང་དབྱངས་སྒྲོག་དུས།
མེ་ཏོག་མཚར་སྡུག་འགྲན་དུས།
ངས་ཨ་མ་དྲན་མྱོང་།
དེ་དུས་ཨ་མ་ལང་ཚོ་དར་དུས་ཡིན།
དོ་ནུབ་ང་སྔར་རྒྱུན་ལྟར་ཨ་མ་དྲན་བཞིན་ཡོད།
ཐལ་རྡུལ་གྱིས་གནམ་ས་སྒྲིབ་སྐབས་འདིར་ངས་ཨ་མ་དྲན།
འཛུམ་མདངས་ཀྱིས་ཕྱུག་པའི་གཉེར་རིས་དེའི་སྲུབ་ཀ་ནས་དཀའ་སྡུག་གི་འཚོ་བ་སྦས་ཡོད།
གྲང་རླུང་འུར་འུར་དུ་ལྡང་དུས་འདིར་ངས་ཨ་མ་དྲན།
དྲོད་འཁོལ་གྱིས་ཁྱབ་པའི་ཚ་ཐབ་དེའི་འགྲམ་ན་ཨ་མའི་བྱམས་བརྩེ་འཁྱིལ།
ཁ་བ་ལྷབ་ལྷུབ་ཏུ་བབས་པས་ངས་ཨ་མ་དྲན།
ཁ་བ་ལྟ་བུའི་ཨ་མའི་དབུ་སྐྲ་དྲན།
དུས་དེར་ཨ་མའི་ལང་ཚོ་དུས་ཀྱི་རྐུན་པོ་བཅོམ་ཟིན་པ་གཞི་ནས་རྟོགས།
ཨ་མ་ལགས།
འཇིག་རྟེན་འདིའི་སྟེང་ཆེས་རླབས་ཆེ་བའི་མཛངས་མ།
བུ་ཕྲུག་གུ་དོན་དུ་ཡོད་ཚད་བློས་གཏོང་ཕོད་པའི་སྦྱིན་པའི་དེད་དཔོན།
ཁྱེད་ཡོད་ན་བུ་ཕྲུག་ཚོར་དགོད་སྒྲ་ཡོད།
ཞུམ་མེད་ཀྱི་བློ་སྟོབས་ཡོད།
འཛད་མེད་ཀྱི་བདེ་སྐྱིད་ཡོད།
དེས་ན་ཁྱེད་རང་བདེ་ཐང་ངང་དུ་གནས་རོགས།
གལ་ཏེ་ཁྱེད་ཕེབས་སོང་ན།
གོ་ཁ་འདིར་ཐལ་སྐྱ་འཕྱུར་ངེས།
སྣུམ་ཞག་གི་འཚོ་བ་ཡལ་ངེས།
སྤུན་ཟླའི་ལག་གདང་ལྷོད་སྲིད།
ཚ་སོབ་སོབ་ཀྱི་ཁྱིམ་གཞིས་གྲུ་བཞི་འདི།
ཉལ་བའི་རྨི་ལམ་ལྟ་བུར་འགྱུར་ངེས།
ཨ་མ་ལགས། ངས་ཁྱེད་རང་དྲན་པ་ནི།
ཁྱེད་ཀྱི་བཀའ་དྲིན་ཙམ་མ་ཟད་ལྷད་མེད་ཀྱི་མ་བུའི་བརྩེ་སེམས་ཡོད།
ད་དུང་འཇལ་མི་ནུས་པའི་བཀའ་དྲིན་གྱི་རྒྱ་མཚོ་ཡོད།
༄༅། །ཨ་མ་དྲན་དུས།
སྤོས་ཁང་པ་དོན། གཙང་པ་སྣམ།
མེ་ཏོག་ཁྲ་ཆིལ་བཞད་པའི་ཕ་ཡུལ་ནས། །
དཀར་གཙང་ཁ་བཏགས་དཀར་པོའི་སྐྱེལ་མ་ཡིས། །
ཡང་ཡང་མངག་བྱའི་ཞལ་གསུང་སྒྲ་དབྱངས་དེས། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
འཁྱར་འཁྱོར་གོམ་པའི་གྲངས་ཀྱིས་ས་གཞི་དེར། །
འཁོར་བའི་སྐྱིད་སྡུག་རིང་ཐུང་འཇལ་བའི་དུས། །
ལག་ཟུང་དམ་པོས་མདུན་ནས་འདྲེན་པ་ཡིས། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
རང་དབང་ངོ་མཚར་བྱིས་པའི་ལོ་ཟླ་ན། །
རྩེད་མོས་ཐལ་བའི་ངོ་འབག་སྐྱ་ཐེར་གྱོན། །
ཐང་ཁུག་མར་སྤགས་ཕྱེ་མར་བསྣམས་པ་ཡིས། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
མུ་གེས་ཟས་གོས་ཕོངས་པའི་དུས་ཀྱི་ཆར། །
འཇམ་ལེགས་སྣམ་གོས་བུ་ལ་གཡོགས་པ་དང་། །
ལྷན་པ་དགུ་བརྩེགས་ཧྲལ་ཕྱུ་གྱོན་པ་གང་། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
གྲང་ངར་རླུང་བུས་ལུས་སེམས་གཙེས་པའི་དུས། །
ཨ་མས་ཐབ་སྟེང་འོ་ཇ་ལྷོག་ལྷོག་བསྐོལ། །
ངག་འཇམ་ཚིག་གིས་དྲོད་འཁོལ་སྟེར་བ་ཡི། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
དཀའ་ཚེགས་ལོ་ཟླའི་མནར་གཅོད་གྲངས་མེད་ཁྲོད། །
དུས་བཞིའི་ངལ་དུབ་མཁའ་དབུགས་འཐེན་བཞིན་དུ། །
བུ་ཡི་བདེ་སྡུག་ཁོ་ན་སེམས་བཞིན་པའི། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
ཞིང་ཐང་ཆེན་པོར་ཨ་མའི་ཕྱག་རིས་ཡོད། །
རི་གྲོང་མཛེས་པོར་ཨ་མའི་མཛེས་ཉམས་ཡོད། །
ཁོ་བོའི་ལང་ཚོར་ཨ་མའི་གསུང་ངག་ཡོད། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
མདང་ནུབ་ཉལ་བའི་རྨི་ལམ་སྒྱུ་འཁྲུལ་དུ། །
ཨ་མའི་བཞིན་རས་འཛུམ་དཀར་འདབ་རྒྱ་ལས། །
བརྩི་གདངས་སྙིང་གཏམ་ཟེའུ་འབྲུ་རབ་སྨིན་པས། །
ཨ་མ་དྲན་དུས་སེམས་ན་ལྷང་ལྷང་སྐྱོ། །
༄༅། །ཨ་མ་དྲན་དུས།
གཅུང་ཐོས་གྲོལ། གཙང་ངམ་རིང་།
༡
ནམ་ཟླའི་སྐས་འཛེགས་མཐོན་པོ་ཞིག་མ་སླེབས་བར།
དུས་ཀྱི་བྲང་ག་ལ་ཤུགས་ཀྱིས་རྡུང་མཁན་དེ།
སེམས་པས་གཞལ་བའི་རྣམ་ཤེས་ཁེར་གདུང་བ་ཞིག་ཡིན་རྐྱེན།
སྐྱབས་འགྲོ་དང་ཡིག་དྲུག་མར་མུར་དུ་འདོན་སྤྲོ་བའང་།
ཨ་མ་དྲན་པའི་སྔོན་འགྲོ་ཡིན།
༢
བྱ་རྒོད་འཕུར་སྐྱེན་པའི་གཡང་གཟར་འདི་ནས།
འབྲོང་རྒོད་བརླག་མི་རུང་བའི་གདམས་ངག་སུས་ཀྱང་ཧ་གོ་བས།
མེ་ལོང་ལ་འཕྱིས་བརྡར་འགའ་བྱས།
རང་ཉིད་ཀྱི་སྦར་མཐིལ་ནང་ཚང་རྩིས་ཤིག་བརྒྱབ།
ལམ་འགྲོ་བ་ཧ་ཅང་མང་བས།
ཕན་ཚུན་དབར་སྒྲོན་མེ་སྤར་ནས་མུན་ནག་བསལ་བར་བྱས།
དོན་དམ་དུ་ཨ་མ་དྲན་པའི་མཐར་ཐུག་ནི།
མར་གྱུར་སེམས་ཅན་སྒོམ་དུས་ཀྱི་གཏོང་ཕོད་ཡིན།
༣
རྡོ་བའི་བྲག་ཆ་དང་མེ་ཏོག་གི་མཛེས་པ་ཡང་།
ཨ་མ་དྲན་དུས་ཀྱི་མཚར་སྡུག་འབའ་ཞིག་སྟེ།
རྩོལ་སྒྲུབ་ཀྱི་ངལ་བ་རྒྱུ་འབྲས་སུ་བཤེར་རྗེས།
ཐབ་ཀ་ནས་རྒྱབ་གཟུགས་ཤིག་འཐད་དུ་བཞེངས།
དུས་གསུམ་གྱི་དབྱིངས་སུ་ཚ་གསུར་རེ་བཏང་།
ཐ་སྙད་དག་རུམ་ནས་མ་བརླག་བར།
དམངས་གླུ་ཁ་ཁེར་ཞིག་གྲེ་བ་ནས་བསྲེགས་འདོད་པ་ནི།
ཨ་མ་དྲན་དུས་ཀྱི་དྲན་གླུ་ཞིག་ཅིས་མ་ཡིན།
༤
ལམ་དུ་རྡོག་རོལ་མང་ཟེར་བས།
རྨི་ལམ་འཚེར་པོ་ཞིག་ལ་ངད་ཁ་སྤྲད།
ཟླ་འོད་སྔས་འགྲམ་དུ་འཐེན་ནས་གཉིད།
མུན་ནག་ཏུ་སྒྲོན་མེ་ཞིག་སྤར་བས།
འཇིག་རྟེན་ལས་དྲོད་ཅིག་བསྐྱེད།
ངལ་དུབ་དག་ཆག་འཐོར་དུ་གཏོར།
ཟླ་བའི་དཀྱིལ་འཁོར་ལ་འཁྲེང་རྐྱེན།
བསིལ་བ་ཁོ་ན་ཨ་མའི་བྱམས་བརྩེར་བཤད།
ཀུ་མུད་དག་བཞད་འགྲོ་བའི་གོ་རིམ་ཁོ་ནས།
ཨ་མ་དྲན་པ་ནི། རྟེན་འབྲེལ་དང་གཟི་བརྗིད་ཡིན་པར་སྨྲ།
༥
རང་ཉིད་གྲུབ་བྱེད་ཀྱི་ཐ་སྙད་རུམ་གང་བརྡལ།
ཟླ་བར་བལྟས་ནས་ཨ་མའི་གཉེར་རིས་བརྩི།
གཉིད་སྐྱིད་པོ་གཏོང་བར་གནའ་སྔ་མོའི་འབེལ་གཏམ་དགོས།
གནའ་སྔ་མོའི་འགོ་མཇུག་ཡོད་ཚད་ཨ་མའི་མདོ་ལ་གཏུགས།
དཔེ་ཆའི་བར་ནས་སྐད་ཆ་མངར་སྐྱུར་བྲོ་བ་ཞིག་རྙེད།
འཆི་བའི་གོ་རིམ་དང་གསོན་པའི་སྙིང་པོ་ན།
མར་གྱུར་གྱི་འགྲོ་དྲུག་དང་འཇིག་རྟེན་དྲན།
ད་དུང་ཨ་མའི་གཏོང་ཕོད་ནས་བཅལ་བའི་དགེ་རྩ་ཐམས་ཅད་དྲན།
༦
རླུང་བསིལ་བུ་ཞིག་ལྡང་རྗེས།
རྡོ་བ་དང་མེ་ཏོག་གི་སྐྱེ་གནས་འདི་ནས།
ཉི་ཟླ་གཉིས་མཉམ་དུ་འཆར་བའི་སྨོན་པ་ཞིག་བཏབ།
དེ་ཡང་ཨ་མ་དྲན་དུས་སུ།
༄༅། །ཨ་མ་དྲན་དུས།
འབྲོང་རྭ། གཙང་ངམ་རིང་།
འཚོ་ཐབས་ཀྱི་འདུན་ཁ་ཞིག་གསོ་ཆེད།
ལམ་ཆུང་གི་གདམ་ག་ཞིག་འཚོལ་ཆེད།
ཨ་མ་དང་བྲལ་ནས་ཨ་མ་དྲན་གྱིན་ཡོད།
ཨ་མ་དྲན་དུས།
ཉི་འོད་ལ་དྲོ་སྐྱིད་མེད་པས།
འགྲུལ་བཞུད་ལ་སྤྲོ་སྣང་མེད།
ཨ་མ་དྲན་དུས།
ཟླ་འོད་ལ་བཀྲག་མདངས་མེད་པས།
རྨི་ལམ་ལ་ཁ་མདོག་མེད།
ཨ་མ་དྲན་དུས།
སེམས་སྦུགས་ལ་དགའ་སྐྱོ་ཟུང་གི་གཏམ་རྒྱུད་ཡོད།
ཨ་མ་དྲན་དུས།
རུས་རྐང་ལ་དྲོ་གྲང་འདྲེས་མའི་ན་ཟུག་ཡོད།
ཨ་མ་དྲན་དུས།
མིག་ཆུ་ཐ་སྙད་དུ་བྱས་ཏེ་སྙན་ངག་བྲིས་ཆོག
ཨ་མ་དྲན་དུས།
སྙན་ངག་གླུ་ཚིག་ཏུ་གྱེར་ནས་སྐྱོ་གདུང་སེལ་ཆོག
ཨ་མ་དྲན་ཐེངས་རེར།
མིག་ཆུ་ཕྲེང་ཐག་ལ་བརྒྱུས་ཏེ།
འོད་སྣང་མཆོད་མེ་ལ་བསྒྲོན་ནས།
སྐུ་ཚེ་རིང་བའི་སྨོན་ལམ་རྩེ་གཅིག་ཏུ་བཏབ།
སྨོན་ལམ་ལ་སྨོན་ལམ་བརྒྱུས་ནས་རྒྱང་རིང་དུ་བསྐུར།
༄༅། །ཨ་མ་དྲན་དུས།
རིག་པའི་རྗེས་འགྲོ། གཙང་རྣམ་གླིང་།
ཨ་མ་དྲན་དུས། ངའི་ཁྲ་ཆུང་མིག་ལ་རེ་བའི་འོད་མདངས་ཡེ་ནས་མེད་ཅིང་སྐྱོ་བའི་མཆི་མ་ལྷུང་ལྷུང་དུ་འབབ།
ཨ་མ་དྲན་དུས། ངའི་སྐྲ་ལོར་བྱིལ་བྱིལ་བྱེད་མཁན་གྱི་ཕྱག་ཟུང་མེད་པས་གནག་སྣུམ་གྱི་མགོ་སྐྱེས་རྔ་མ་ལྟར་ཟིང་།
ཨ་མ་དྲན་དུས། ངའི་རང་ལུས་འདོམ་གང་ལ་ཤེད་ཤུགས་ཡེ་ནས་མེད་པར་ས་རྡོ་ལྟར་དབང་མེད་དུ་འགྱེལ།
ཨ་མ་དྲན་དུས། ངའི་བཞིན་མདངས་སྐྱ་བོར་གྱུར་ཏེ་མ་འོངས་པའི་རེ་བ་དང་གསོན་ཤུགས་རྒྱང་དུ་བྲལ།
ཨ་མ་དྲན་དུས། ང་རང་ས་སྟེང་དུ་འགྱེལ་ཏེ་འདྲེ་ལོག་རྒྱག་བཞིན་ཡིད་གདུང་གིས་རབ་ཏུ་མནར།
ཨ་མ་དྲན་དུས། ངའི་རྣམ་ཤེས་དྭངས་མ་གདུང་བ་ཡིས་བཅོམ་སྟེ་གང་དྲན་ཅི་དྲན་མེད་པར་གྱུར།
ཨ་མ་དྲན་དུས། ངའི་འཚོ་བར་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པ་ད་གཟོད་གཞི་ནས་རྟོགས།
ཨེ་མ། ཨ་མ་ལགས། འཛམ་གླིང་གི་མཛངས་མ། ཁྱེད་ནི་ཁོ་བོའི་ཚེ་སྲོག་གི་བྱེད་པོ་དང་འཇིག་རྟེན་གྱི་མ་ལོ་ཞིག་ཡིན་པས། ངས་ནམ་ཡང་ཁྱེད་ལ་སྙན་ཚིག་གི་བསྟོད་གླུ་འབུལ་བར་བྱ།
༄༅། །ཨ་མ་དྲན་དུས།
ཁ་བའི་ལས་དབང་། གཙང་ངམ་རིང་།
ཟླ་དགུ་མངལ་འཁུར་ཚ་གྲང་ཀུན་སྐྱོབ་མ། །
སྣབ་སོགས་ཁ་དང་ལག་པས་ཕྱིས་མཛད་མ། །
ཟས་ཞིམ་གོས་འཇམ་གཏམ་སྙན་གྱིས་སྐྱོང་མ། །
དུས་ཀུན་སྐྱོ་ངལ་མ་ལུས་ཁྱད་གསོད་མ། །
མ་ཁྱེད་བོར་བའི་བུ་ཆུང་བསོད་ཟད་ངས། །
དང་པོར་བསམ་མེད་ཡིན་སྙམ་སྐུ་ལས་གཏོད། །
བར་དུ་ང་རྒྱལ་ལྟ་བས་ཁྱེད་གསུང་བཅག །
མཐའ་མར་ཟ་ཟིར་བྱ་བས་ཁྱེད་ཐུགས་དཀྲུགས། །
མདོར་ན་བྱིས་དུས་རྣམ་གཡེང་ལེ་ལོས་འདས། །
དར་མར་སློབ་གཉེར་དབང་གིས་ཁྱེད་དང་གྱེས། །
ད་ཆ་འཁོར་བའི་ཆོས་ཀྱིས་ཁྱེད་དང་ཕྲལ། །
བསམ་ཞིང་དྲན་དུས་མཆི་མས་གདོང་པ་བརླན། །
ངང་པས་ངང་ཕྲུག་འཁྲིད་དུས་མ་ཁྱེད་དྲན། །
དྲན་ནས་བོས་ཀྱང་ཨ་ལན་བྲག་ཅ་ཉིད། །
ཉིད་ཀྱི་བཞིན་རས་མ་མཇལ་ཡིད་རེ་སྐྱོ། །
སྐྱོ་བའི་གླུ་འདི་སྨྱུ་གུའི་ཁ་ནས་ཤོར། །
ཨ་མ་ལགས། འཛམ་གླིང་འདིར་བཀའ་དྲིན་ཤིན་ཏུ་ནས་ཆེ་བའི་བྱམས་ལྡན་གྱི་ཨ་མ་ལགས། མ་གཞི་བྱས་ན་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་བྱམས་ལྡན་གྱི་ཡབ་ཡུམ་ཟུང་ལ་སྲི་ཞུ་ཚུལ་བཞིན་དུ་སྒྲུབ་པས་བཀའ་དྲིན་གཞལ་བར་ནུས་པ་ལས། ཡིག་ཉོག་ཅིག་གིས་བཀའ་དྲིན་མཚོན་པའམ་གཞལ་བར་མི་ནུས་ན་རྩ་བ་བོར་ནས་ཡལ་གར་བཟུང་བ་དང་འདྲ་བའི་ཁ་ཡག་འདི་ལྟ་བུ་ཞིག་དགོས་པས་དབེན། དེས་ན་ཨ་མ་ལགས། ཁྱེད་རྣམ་པ་འཚོ་ཞིང་བཞུགས་པའི་སྐབས་སུ་གསོལ་བ་ཞབས་ཏོག་དང་བཀའ་བཞིན་སྒྲུབ་པ་སོགས་ཀྱིས་སྲི་ཞུ་རྒྱུན་མ་ཆད་པར་སྒྲུབ་པ་ནི་དོན་གྱི་དམ་པ་ལགས། འོན་ཀྱང་ཨ་མ་ལགས། ཁྱེད་དང་གཏན་དུ་འགྲོགས་སྐལ་དབེན་པའི་བུ་རུལ་བདག་ལྟ་བུར་མཚོན་ན་ཆུང་དུས་ལོ་ན་ཕྲ་བས་མནོ་བསམ་མ་འཁོར་བ་དང་ཡབ་ཡུམ་ཟུང་དང་ས་ཐག་རིང་བ་སོགས་མདོར་ན་དྲིན་ལན་འཇལ་བའམ་སྲི་ཞུ་སྒྲུབ་པ་ནི་ཉིན་མོའི་སྐར་མ་དང་གཉིས་སུ་མ་མཆིས། ཡིན་ན་ཡང་རང་ཉིད་རང་ལོ་ཉེར་ལྔར་སོན་པའི་སྐབས་སྔོན་ལས་སམ་ཕྲལ་རྐྱེན་ངན་པའི་དབང་གིས་བསྟི་གནས་དང་ཁ་ཕྲལ་ཏེ་ཕ་ཡུལ་དུ་སློག་པ་དེས་རྐྱེན་ངན་གྲོགས་ཤར་གྱིས་ཚུལ་དུ་སྙུན་གཞིས་མནར་བའི་ཡབ་ཡུམ་ཟུང་ལ་ཆེས་མཐའ་མའི་ཞབས་ཏོག་ལོ་གསུམ་ཙམ་སྒྲུབ་པའི་གོ་སྐབས་བཟང་པོ་ཐོབ། ད་ཆ་ཁྱེད་རྣམ་གཉིས་གུས་དང་གཏན་དུ་ཞལ་གྱེས་ནས་མི་ལོ་ཧྲིལ་པོ་ཉི་ཤུ་ཙམ་འདས་ཟིན་ལ་དུས་ཇི་སྲིད་བར་ཁྱེད་རྣམ་པའི་ཕྱག་ཞབས་བསིལ་བའམ་བཞེས་ལག་ཐེངས་གཅིག་གམ་གསོལ་ཇ་བཞེས་དཀར་གང་ངམ། ཐ་ན་བཀའ་མོལ་ཚིག་གཅིག་ཙམ་ཞུ་བའི་གོ་སྐབས་ཙམ་ཡང་མེད་པས་བློ་ཕམ་དང་འགྱོད་སེམས་ཀྱི་ཚོར་བ་སྐྱུར་མོ་ཞིག་ངམ་ངམ་ཤུགས་ཀྱིས་འོང་གིན་འདུག
ཨ་མ་ལགས། འཇིག་རྟེན་འདིའི་ཐོག་ཆེས་ཡིད་དུ་འོང་བའི་ཨ་མ་ལགས། ཁྱེད་གང་ན་བཞུགས་ཡོད། དེ་རིང་བུ་རུལ་ངས་ཁྱེད་རང་ཤིན་ཏུ་དྲན་པའི་ངུ་ངག་འདི་ཁྱེད་ཀྱིས་གསན་བྱུང་ངམ། སེམས་ཀྱི་ཨ་མ་ལགས།
༄༅། །ཨ་མ་དྲན་དུས།
བདུད་རྩིའི་ཉིང་བཅུད། གཙང་ས་སྐྱ།
དཔྱིད་ཀྱི་དཔའ་ཡོན་སྒོ་འཕར་ཕྱེས་ཤིང་ལྗོན་ཤིང་གི་རྩ་བ་ཚུགས། མེ་ཏོག་གི་ཞབས་བྲོའི་ལྡེམ་འཁྱུར་ལ་རོལ། ད་དུང་ཕྱེ་མ་ལེབ་ཀྱི་གཤོག་ཟུང་ལྡེམ། སྦྲང་ཆར་སིམ་སིམ་དུ་བབས་རྗེས་རི་མོ་སྤུན་བདུན་གྱིས་བརྒྱན་པའི་འཇའ་མཚོན་གྱིས་ལྷོ་བྱང་གཉིས་ཀྱི་རི་མོའི་རྩེ་མོ་སྦྲེལ་ཞིང་ཞོགས་པའི་ཉི་ཟེར་དབྱིག་འཛིན་སྒེག་མོའི་ངོས་ལ་འཇོ་དུས། ཨ་ཕའི་དཔྲལ་བའི་མིག་དང་ཨ་མའི་ཁོག་གི་སྙིང་ལྟ་བུའི་བུ་ཆུང་ལོ་ལོ་ང་རང་མཚར་ཞིང་མཛེས་ལ་སྡུག་ཅིང་གཡལ་བའི་འཇིག་རྟེན་མི་ཡུལ་དེ་རུ་ཨ་མ་རྒན་མོའི་ལུས་ལས་ཤ་ཁྲག་གི་ལྟེ་བ་འཕོས། ལག་ཟུང་སྦར་མོ་གང་གི་ཤ་རྡོག་གཅིག་དཔྱིད་ཀྱི་བསིལ་རླུང་དབྱངས་སྒྲ་དང་འགྲོགས་ཤིང་ངུ་ངག་གི་དབྱངས་རྟ་ལེན་ཞོར་འཇིག་རྟེན་མི་ཡུལ་ཁམས་ཀྱི་སྣ་མང་གི་ལྟད་མོ་ལ་རོལ་འགོ་བརྩམས།
དབྱར་གྱི་དྲག་ཆར་ཅི་འདྲའི་རྒོད་རུང་། དབྱར་གྱི་གནམ་གཤིས་ཅི་འདྲའི་ཚ་རུང་། ལོ་ཟླའི་བཞུར་རྒྱུན་ནི་སྐད་ཅིག་ཉིད་དུ་མི་སྡོད། འཚོ་བ་ནི་བསྐྱལ་དགོས། ཨ་མ་དང་བྲལ་དགོས། འཛོམས་པའི་ཐ་མ་བྲལ་ཞེས་པའི་དཔེ་ལྟར་བྱམས་ཤིང་བརྩེ་བའི་ཨ་མ་དང་བྲལ་ནས་གཞན་ཡུལ་དུ་རང་དགོས་ཀྱི་ཕུགས་བསམ་གྲུ་བཞིའམ་ནར་མོ་གང་ཞིག་ཡིན་རུང་། ཚ་སོབ་སོབ་ཀྱི་ཨ་མའི་ཕྱག་ཟུང་དྲོན་མོ་ལ་གྱེས་ཕྱག་འཕུལ་དགོས། འཇམ་པ་བུ་དང་རྩུབ་པ་ཨ་མས་བྱས་པའི་གོས། མངར་བ་བུ་དང་སྐྱུར་བ་ཨ་མས་བྱས་པའི་ཟས། རྩུབ་པ་ལག་དང་འཇམ་པ་ངག་གིས་བྱས་ནས་བུ་ཕྲུག་གི་སྐྱེ་འཚར་རེ་རེ་ཡིད་ལ་སྒོམ་ཞིང་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། ཞོགས་པ་ལངས་བའི་ཐོག་མ་མ་ཎི་དབྱངས་ལ་འཐེན་ཞིང་བུ་ཆུང་ང་ལ་བར་ཆད་མེད་པའི་གསོལ་བ་འདེབས། དགོང་མོ་ཉལ་བའི་མཐའ་མ་སངས་རྒྱས་ཡིད་ལ་སྒོམ་ཞིང་བུ་ཆུང་ང་རང་མགྱོགས་མྱུར་འཚར་ལོངས་ཡོང་བར་རེ། དུས་ཀྱི་འགྱུར་བག་རྒོད་མོའི་བྲང་གཞུང་སྟེང་ནས་འགྲེད་ལོགས་མང་པོ་ནས་མང་པོ་བྱས་ཤིང་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་དྲིན་ཆེན་མ་རྒན་མོ་དང་ཐེངས་གཅིག་བྲལ་དགོས་བྱུང་། གང་ཡང་མི་རྟག་པའི་གཞི་ལ་ང་རང་ཉམ་ཆུང་མགོ་བོ་ཐེངས་གཅིག་མི་བསྒུར་རང་དབང་ཅི། ལས་དབང་བསམ་གནག་དེས་ཨ་མ་རྒན་མོས་ཁྱིམ་ནས་ཉིན་མོ་བཟས་བརྗེད་དང་མཚན་མོ་གཉིད་བཅག་གིས་ཐག་རིང་ཡུལ་གྱི་བུ་ཆུང་ང་ལ་འཁྲེངས་བའི་སེམས་ནི་ཆད་རྒྱུ་མེད་པའི་ཆར་པ་ཞིག་ལྟར་ཉིན་མཚན་དུས་དྲུག་ཏུ་བབས་པར་བྱས། དེ་ནི་རི་བོ་ཇོ་མོ་གླང་མས་དཔང་པོ་བྱས་ཆོག་ལ་ཆུ་མོ་ཡར་ཀླུང་གཙང་པོས་བདེན་ཁ་དཔོག་ཐུབ། ཨ་མ་རྒན་མོ་ནི་མཐོ་གངས་དཀར་ཏི་སི་ཇི་བཞིན་འགྱིངས་ངེར་གནས་ཤིང་དམའ་བུ་ཆུང་ང་གང་དུ་གནས་དང་ཅི་འདྲ་འཚོ། མིག་གི་རྒྱལ་མོའི་ནང་ནས་སྐར་ཆ་གཅིག་ཙམ་ཡང་ཡལ་མ་མྱོང་། བཏབ་པའི་ཞིང་ལ་ལོ་ལེགས་ཞེས་པའི་དཔེ་ལྟར་ཐག་རིང་གི་ཡུལ་གྲུ་དེ་རུ་བུ་ཆུང་ང་རས་ཉིན་མོ་ཉི་མ་འཚོ་ཞིང་མཚན་མོ་ཟླ་བ་སྲུང་ནས་མཐའ་ཡས་ཀྱི་ཤེས་བྱའི་རྒྱ་མཚོར་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བསྡད། ཉིན་ནས་ཟླ་དང་ཟླ་ནས་ལོ། ལོ་ནས་ལོ་སྦྱངས་བརྩོན་སྒོམ་གསུམ་ལ་བརྩོན་པས་འབྲས་བུ་མི་དམན་པ་ཞིག་ལུས་ཀྱི་རྒྱན་དང་སེམས་ཀྱི་ལྡིང་ཁང་དུ་བསྐྲུན། ད་ལྟ་ཨ་མ་རྒན་མོའི་ཕྱོགས་སུ་ལོག་ཡོང་གིན་ཡོད། དེ་དུས་ང་རང་རྒན་དབུ་རྒྱན་རྡོ་རྗེའི་ཨ་མ། ང་ལོག་ཡོང་གིན་ཡོད་ཅེས་པའི་སྙན་ངག་དེ་ཡིད་ལ་སྒོམ་ཞིང་ལོག་ཡོང་གིན་ཡོད། ཨ་མ། ང་ཡིན་གཅིག་སྒུག་རོགས། ང་ཡི་སྙིང་གཏམ་མང་པོ་ལབ་རྒྱུར་ལུས་ནས་ཡོད། ཨ་མ། ངའི་སེམས་དབུས་ཀྱི་ཉི་མ་དམར་པོ།
སྟོན་གྱི་བ་མོ་ཁྲ་མའི་རྒྱ་ལ་བཏབ། ས་གཞི་ཡོངས་ལ་གསེར་མདོག་གིས་ན་གཟའ་གཡོགས། ལྗིད་ཏིག་ཏིག་གི་ལོ་ལེགས་མགོ་བོ་ཐུར་དུ་དཔྱངས་ནས་ལོ་མང་མ་མཇལ་བའི་ཨ་མ་རྒན་མོ་འཕྲད་པར་ཡོང་བའི་བུ་ཆུང་ང་ལ་བསུ་བ་ཡང་ཡང་ཞུ། ངའི་མགྱོགས་པའི་སེམས་དང་དལ་བའི་འགྲོད་ཀྱིས་ཨ་མ་རྒན་མོ་སྟོན་འདིར་གཞི་ནས་འཕྲད། ངའི་སེམས་དབུས་སུ་ཨ་མ་ནི་བཅུ་དྲུག་ལང་ཚོའི་གཟི་དཔའ་མི་འགྱུར་རྟག་བརྟན་དུ་སྒོམ། འོན་ཀྱང་དུས་ཀྱི་འགྱུར་བག་དང་ལོ་ཟླའི་མནར་གཅོད་ཀྱིས་ངའི་ཨ་མ་སྐམ་ཞིང་འཁྲེགས་པའི་ལྗོན་པ་ཞིག་དང་ཅི་ནས་ཀྱང་མཚུངས། ནག་ཅིང་སྣུམ་པའི་དབུ་སྐྲ་དཀར་པོའི་དུང་ལ་བརྗེས། གསལ་ཞིང་འོང་བའི་ཁྲ་ཆུང་ཆུ་འབུར་སྐམ་པའི་རྫིང་དུ་ཆགས། རིང་ཞིང་འདྲོང་བའི་སྐུ་གཟུགས་གུག་པའི་གཞུ་ལ་འགྲན། འཇམ་ཞིང་མཉེན་པའི་ཕྱག་ཟུང་སེར་ཁའི་རྣག་ཁྲག་ཁེངས། དཀར་ཞིང་འཕྲོ་བའི་ཞལ་རས་སོལ་བའི་མདོག་ཏུ་གྱུར། ཐོད་པའི་ཐོག་ཏུ་གཉེར་མའི་གྲོག་ཤུར་འཐེན། ཨ་མ། ཨ་མ། ངའི་སེམས་ཀྱི་དྲན་ཤིང་ཉག་གཅིག །ད་ལྟ་དེ་ལྟར་དུ་གྱུར་དོན་ཅི་ལགས། ཁྱེད་ལ་ཡང་ཐུགས་ཁག་མེད་དེ། ང་བུ་ཆུང་བསམ་མེད་དེའི་ཆེད་དུ་དཀའ་བ་སླ་རུ་སྒོམ་ཞིང་། བཙོག་པ་གཙང་དུ་བལྟས་ནས་ནམ་ཉིན་དབྱེར་མེད་དང་དུས་བཞི་ངེས་མེད་དུ་སྡུག་པའི་འཁུར་པོ་རྒྱབ་འཁུར་དང་དཀའ་བའི་ས་རྡོ་མདུན་དུ་བླངས་ནས། ཡོད་ཚད་བུ་ཕྲུག་ངའི་ཆེད་དུ་མཚར་སྡུག་གི་ལང་འཚོ་སྐྱེས་སུ་འཕུལ། ཨ་མ། ཁྱེད་སྐུ་ལས་ཁག་སོང་། འོན་ཀྱང་ད་ལྟ་བརྗོད་ཚིག་དེ་ནི་སེམས་གསོ་ཙམ་ལས་གཞུ་ལྟར་གུག་པའི་ཨ་མ་ཁྱེད་ཀྱི་སྐུ་གཟུགས་དང་ལུས་ཀྱི་ན་ཚ་དེ་ལ་གང་ནས་ཕན། བུ་ཆུང་བསམ་མེད་ང་ཡིས་ཨ་མ་ཁྱེད་ལ་དགོངས་དག་ཞུ། བསམ་མེད་དྲན་མེད་བུ་ཆུང་གཅིག་གིས་ཨ་མ་མ་བསམ་ད་བར་ལུས་པར་སེམས་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ། ད་ལྟ་སྔར་སོང་གི་ལོ་ཟླ་དག་ལ་བཀའ་དྲིན་མ་བསམ་པ་ནི་ཅི་འདྲའི་འགྱོད་གདུངས་ཆེ་བའི་ལས་ཀ་ཞིག་ལགས། ཇི་སྐད་དུ་བཀའ་དྲིན་བསམ་ཤེས་མེད་ན་ཁྱི་ལས་ལོད་ཟེར། དུས་ད་ལྟ་ང་རང་ཁྱི་རྒན་དེ་ཡི་དོ་ཟླ་ཡང་ཨེ་ཡིན་སྙམ་པའི་ན་ཟུག་ཅིག་ཁོག་པའི་སྦུག་ནས་ལངས། ཁ་ཆེའི་ཕ་ལུའི་བསླབ་བྱ་ལས་ཀྱང་དྲིན་ཆེན་དྲིན་དུ་བསམ་ན་དེ་རུ་རེད། །ཁྲེལ་དང་ངོ་ཚ་དགོས་ན་དེ་རུ་རེད། །གསུངས་ཀྱང་ད་ཆ་ང་ནི་ཁ་ཕྱོགས་མ་རྙེད་པའི་བྱིའུ་ཆུང་ཞིག་ལྟར་རང་གི་གནས་ཚང་དྲོན་མོའི་ཨ་མར་བཀའ་དྲིན་འདི་ཡིན་བསམ་པ་ཞིག་མཇལ་རྒྱུ་མ་བྱུང་། ཨེ་ཧོ། དེ་ལས་སྐྱོ་བ་ཞིག་དང་། དེ་ལས་འགྱོད་པ་ཆེ་བ་ཞིག་འཛམ་གླིང་དེ་ན་གང་ནས་ཡོད།
དགུན་གྱི་རླུང་བུ་བར་སྣང་ཁམས་ལ་ཁྱབ། ས་དང་རྡོ་བ་ཧྲུག་སེ་ཆག །ཤང་ཤང་རྒྱུག་པའི་ཆུ་མོ་དེ་ཡང་འཁྱགས་པས་འགྲིབ། རི་ཀླུང་ཀུན་ལ་ཁ་བས་ཡོངས་སུ་གཡོགས། ས་གཞི་རྒན་མོ་འཁྱགས་ཤིང་ཁོག་འདར་ཡང་ཡང་བྱས། ཧ་ཅང་གྲང་བའི་དགུན་ཁའི་ནམ་ཟླ་དེར་ང་ཡི་དྲིན་ཆེན་སྐྱེས་མ་མི་ཡུལ་དེ་དང་གཏན་དུ་གྱེས། བུ་ཆུང་ང་ཡི་མིག་གི་རྒྱལ་མོའི་ཡུལ་ནས་མ་བྲལ་ཡང་འཚོར་བས་ཟིན་རྒྱུ་ཙམ་ལས་ལུས་ནི་མཐོང་རྒྱུ་མེད། བརྩེ་བ་ནི་མྱང་རྒྱུ་མེད། ཐ་ན་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་དུས་སྙིང་ལ་ན་ཟུག་ཁྲི་མ་འབུམ་ཞིག་སྟེར་བར་བྱས། འོན་ཀྱང་དེ་ནི་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་མ་ཆོད་པར། ནོར་བུ་གཞན་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚང་ཟེར་བའི་དཔེ་ལྟར་འགྱོད་གདུང་ཙམ་ལས་གཞན་གང་ཡང་བསྒྲུབ་ཐབས་མེད། ཨ་མ་ལགས། ཁྱེད་འཇིག་རྟེན་གཞན་དེ་ན་ཅི་འདྲ་ཡིན་ལགས། ད་ལྟ་ངས་རྨོངས་ཚོད་དང་ཚོད་དཔག་ཁོ་ནས་ཁྱེད་ཀྱི་འཚོ་བ་ལ་རྒྱུས་ལོན་བྱེད་རྒྱུ་ལས་ཐབས་གཞན་མ་རྙེད། ཨ་མ་ལགས། ཁྱེད་རང་ཕྱིར་མིག་མེད་པར་ཕེབས་ཤིག །བུ་ཆུང་ང་རང་ད་ལྟ་ལུས་སེམས་གཉིས་ཀ་ནར་ལ་སོན་ནས་ཡོད། སྔོན་ཆད་ངས་ཁྱེད་ཀྱི་བཀའ་དྲིན་འཇལ་ཐུབ་མ་སོང་བས་དགོངས་དག་ལན་བརྒྱར་ཞུ་རྒྱུ་ལས་ཐབས་གཞན་མ་རྙེད། འོན་ཀྱང་དགོངས་དག་ནི་དགོངས་དག་ལས་དྲིན་ལན་འཇལ་རྒྱུ་དང་བཀའ་དྲིན་ནི་གསོ་མི་ཐུབ། ངས་བརྒྱ་ཐམ་པའི་གྲལ་མགོར་མི་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་བྱས་ནས་ཨ་མ་རྒན་མོའི་རང་རྒྱུད་བཞིན་གཞན་ཕན་དང་ལྷག་བསམ། དགེ་སྒྲུབ་སྡིག་སྤོངས་སོགས་ཨ་མ་ཁྱེད་ལ་མངའ་བའི་ལེགས་མཆོག་མཐའ་དག་ལ་དཔེ་བྱས་ནས་འདི་ཕྱི་གཉིས་ཀར་ཕན་པའི་མི་བུ་ཞིག་ཆགས་པར་འབད་བརྩོན་དང་སྐུལ་མ་དུས་རྟག་ཏུ་རང་ཉིད་ལ་བརྩོལ་བར་བྱ། ཨ་མ་ལགས། སྐྱེ་བ་འདིར་ཁྱེད་ཡོད་པས་བཀའ་དྲིན་ཆེ་སོང་།
༄༅། །ཨ་མ་དྲན་དུས།
རྡོ་རྗེའི་ལྷུན་པོ། གཙང་གཏིང་སྐྱེས།
༡ ཐབ་ཁའི་ཉེ་འགྲམ་ནི་ཨ་མའི་གོམ་ཆུང་ཕྲ་མོས་འཇལ་མི་ཚར་བའི་ཐང་ཆེན་རེད། ཕྱི་སྒོ་སྐྱ་བོའི་སྒོ་ཐེམ་ནི་ཨ་མས་དབུགས་ཐེངས་གཅིག་ལ་འགོམ་མི་ཐུབ་པའི་ལ་ཆེན་རེད། ཨ་མའི་ལང་ཚོ་མེ་ཏོག་འདྲ་བོ་ཐབ་ཁའི་འགྲམ་ནས་བཞུད་རུང་། ཨ་མའི་རྨི་ལམ་སྒོ་ཐེམ་བུད་ནས་ཐག་རིང་བུ་ཡི་ཕྱོགས་ན་ཉི་འོད་བཞིན་འོད་འཁྱིལ་ནས་ཡོད།
༢ དུད་དྲེག་གིས་འཚོས་པའི་ཁང་ཆུང་ནི། ཨ་མའི་གླུ་ཆུང་ལེན་སའི་འཇིག་རྟེན་ཧྲིལ་པོ་རེད། ཐབ་ཁའི་སྟེང་གི་ཐུག་ཕྲུ་ནག་ཆུང་འདི། ཨ་མའི་སེམས་ཚེགས་དང་རེ་སྨོན་ལྷོག་ལྷོག་ཏུ་ལྡིར་ས་རེད། ཨ་མའི་གླུ་ཆུང་ཕྲ་མོ་ཁང་ཆུང་དོག་མོ་ནས་འཕུར་མ་ཐུབ་རུང་། ཐུག་ཕྲུ་ནག་ཆུང་གིས་གསོས་པའི་བུ་ཕྲུག་ཚོ་གཞན་ཡུལ་ན་འདྲ་འདྲ་མཉམ་མཉམ་གྱི་འཚོ་བ་སྐྱེལ་བཞིན་ཡོད།
༣ ཨ་མ། ཉི་མ། སྙེ་མ་གསུམ་གྱི་དྲིན་དེ་འཇལ་ཐབས་མེད་པ་ཕ་གཏམ་བུ་ལ་འཇགས་པའི་བོད་པ་ཚང་གི་གཏམ་དཔེ་རེད། ཨ་མ། ཉི་མ། སྙེ་མ་གྱི་དྲིན་དེ་རི་ལས་ལྕི་ཞིང་མཚོ་ལས་ཟབ་པ་མིག་ལྡན་ཀུན་གྱིས་ཤེས་གསལ་རེད། ཨ་མ་ཁྱེད་ནི་ངའི་ལུས་སེམས་ལ་དྲོད་སྣང་སྦྱིན་མཁན་གྱི་དགུན་གྱི་ཁྲི་གདུགས་ཉི་མ་ཡིན། ཨ་མ་ཁྱེད་ནི་ངའི་ལང་ཚོ་རྒྱས་ཤིང་ཟུངས་ཁྲག་འཁོལ་དུ་བཅུག་མཁན་གྱི་འབྲུ་དྲུག་སྙེ་མའི་ཕུད་དེ་ཡིན།
༤ མཚམས་རེར། གྲོང་ཁྱེར་གྱི་ལམ་ཁར་བོད་ཆས་བསྣམས་པའི་ཞིང་ཁུལ་གྱི་ཨ་མ་རེ་མཐོང་དུས། གཞན་ལས་སྙིང་ཐག་ཉེ་ཞིང་རང་ཉིད་ཀྱི་ཨ་མའང་དབང་མེད་དུ་དྲན་འོངས། ལོ་རྒན་དྲུག་ཅུའི་ལ་ཆེན་བརྒལ་ཀྱང་བུ་ཕྲུག་གི་ཆེད་དུ་ཁོམ་པ་མེད་པའི་ཨ་མ་དྲན་འོངས། དབུ་སྐྲ་དཀར་ལ་ཞབས་ཟུང་གྲུམ་པའི་རླུང་ཁའི་དར་ཅོག་འདྲ་བའི་ཨ་མ་རྒན་མོ་དེ་དྲན་འོངས།
༥ ལན་རེར། རྒྱུ་མཚན་ཅི་ཡིན་མི་ཤེས་པར། རང་སེམས་ཐོལ་གྱིས་མི་བདེ་མི་སྐྱིད་པར་གྱུར་ཅིང་དེ་ཡིས་རྐྱེན་པས་ཨ་མ་དྲན་ཞིང་། ཨ་མ་ཁོ་ནར་ཁ་པར་གཏོང་བར་ཐལ་འགྲོ། དེ་ནི་ཨ་མས་བུ་ཕྲུག་དྲན་དུས་བུ་ཕྲུག་གིས་ཨ་མ་དྲན་པ་དུས་གཅིག་ཏུ་འཁེལ་བ་ལོས་ཡིན་ཏེ། འཇིག་རྟེན་འདི་ན། མ་བུའི་སེམས་ཀྱི་ཁ་ཐག་ཆེས་ཉེ་ཤོས་ཡིན་པས་སོ། ། ༢༠༡༨/༢/༩