དེ་སྔོན་ལོ་རྒྱུས་རྣམས་ཀྱི་ནང་དུ་པུ་རངས་དང་། པུ་རང་། པུ་ཧྲང་། པུ་མར་ཧྲང་། པུ་མར་ཧྲིང་། པུ་ཧྲང་། པུ་ཧྲེང། པུ་ཧྲངས། སྤུ་ཧྲང་། སྤུ་ཧྲེང་སོགས་ས་མགོ་དང་ཡང་འཇུག་ཡོད་མེད་བཅས་འབྲི་ཚུལ་མང་པོ་བྱུང་འདུག་པར། དེ་ལྟར་སྤུ་ཧྲེང་ཞེས་པ་བོད་སྐད་ཀྱི་ཐོག་ཏུ་འགྲེལ་བར་ལས་སླ་མོད། འདིར་བརྡ་རྙིང་ངམ་ཞང་ཞུང་གི་སྐད་དུ་འདིའི་གོ་དོན་ནི། པུའམ་སྤུ་ཞེས་པ་ནི། སེམས་དང་། ཟངས། སྤྱི་བོའམ་མགོ། གངས་བཅས་ལ་འཇུག ༼མར་ནི།༽ གསེར་དང་། བཟང་པོ་ལ་འཇུག ༼རང་ངམ་རངས་ནི།༽ རི་བོ་དང་ལྕགས་རི་ལྟ་བུའམ་རི་བོ་དང་རི་ཕྲན་མང་པོ་ཡོད་པ་སོགས་ལའང་འཇུག
༼ཧྲང་ནི།༽ རྟ་དང་རྐྱང་ལ་འཇུག ༼ཧྲིང་ནི། ༽ གསལ་བ་དང་། མྱུར་བའམ་མགྱོགས་པ་སོགས་ལ་འཇུག་པར་སྣང་། མདོར་ན་འདི་ཚོ་དེང་གི་བོད་སྐད་དང་མཐུན་པར་ཐད་སྒྱུར་དུ་བྱས་ནས། པུ་རང་ཞེས་གངས་རིའམ་གངས་རིའི་བསྐོར་བ། པུ་ཧྲང་ཞེས་མགོ་རྐྱང་ངམ་མགོ་རྟ། པུ་མར་ཧྲིང་ཞེས་ཟངས་བཟང་གསལ་ལམ་ཟངས་གསེར་གསལ་ལམ་མགྱོགས་ཞེས་སོགས་ལ་གོ་བ་ཡིན།
མདོར་ན་ཁོ་བོས་བཤད་འདོད་པའམ་དོགས་སློང་བྱེད་འདོད་པ་ནི། བོན་གྱི་ལོ་རྒྱུས་ཁག་ནང་དུ་ཁ་བ་ཅན་གྱི་བོད་ཁམས་འདི་དང་པོ། ནམ་མཁའི་ལྷས་དང་། ༢ མ་སངས་གཉན་། ༣ འཕྱེ་བོ་ཀླུ། ༤ གནོད་སྦྱིན་བཙན། ༥ བདུད་དང་སྲིན་པོ། ༦ བོད་དང་ཞང་ཞུང་སོ་སོར་གྱེས། ༧ མ་སངས་སྤུན་དགུ ༨ ཟ་རམ་སྐྱེས་དྲུག ༩ རྒྱལ་ཕྲན་བཅུ་གཉིས། ༡༠ རྒྱལ་ཕྲན་སིལ་མ་བཞི་བཅུ་བཅས་སྤུ་རྒྱལ་བཙན་པོའི་གོང་དུ་དབང་མཛད་བཅུ་ཙམ་བྱུང་བ་དང་། ཆོས་འབྱུང་ཁག་གི་ནང་དུ། ༡ ཕྱྭའམ་གནོད་སྦྱིན། ༢ བདུད། ༣ སྲིན། ༤ ལྷ། ༥ རྨུ། ༦ འདྲེའམ་བཙན། ༧ མ་སངས་རུ་དགུ ༧ ཀླུ ༨ མི་མ་ཡིན། ༩ ཟ་རེད་སྤུན་དྲུག ༡༠ རྒྱལ་ཕྲན་བཅུ་གཉིས། ༡༢ སིལ་མ་བཞི་བཅུ་བཅས་ཆོས་འབྱུང་ཁག་ལས་མངའ་མཛད་རྣམས་གོང་འོག་མི་འདྲ་བ་ཡོད་པ་མ་གཏོགས་དོན་དུ་མངའ་མཛད་བཅུ་གཉིས་སམ་བཅུ་གསུམ་ཙམ་བྱུང་འདུག་པས། བོན་གྱི་ལོ་རྒྱུས་ནང་དུ་དབང་མཛད་ཐོག་མར་ལྷ་ཡིན་པ་དང་ལྔ་པ་གནོད་སྦྱིན་དང་བདུད་སྲིན་གྱིས་དབང་བྱས་པའི་རྗེས་སུ་ཞང་ཞུང་དང་བོད་གཉིས་སོ་སོར་གྱེས་པའི་ཚུལ་དང་། ཆོས་འབྱུང་ཁག་གི་ནང་དུ་དབང་མཛད་ཐོག་མར་ཕྱྭའམ་གནོད་སྦྱིན་བཞག་མཛད་འདུག་པས་རྒྱུ་མཚན་ངེས་ཅན་ཞིག་ཡོད་སྙམ་སྟེ། བོན་གྱི་ལོ་རྒྱུས་ནང་དུ་མི་རིགས་དང་རིག་གནས་ཀྱི་ཕུག་ཕར་ཆེར་བ་དེ་ཞང་ཞུང་ལ་གཏུགས་ཡོད་པ་དང་། ཆོས་འབྱུང་ཁག་གི་ནང་དུ་བོད་གཅིག་བུའི་ལོ་རྒྱུས་བཀོད་ཡོད་པས་འདི་ཙམ་གྱིས་མཁྱེན་ནུས་པ་ཡིན། ད་ལན་འདིར་དམིགས་གསལ་ཤོད་དགོས་པ་ནི་བོན་གྱི་ལོ་རྒྱུས་ནང་དུ་གསལ་བའི་ཞང་ཞུང་དང་བོད་གཉིས་མིང་སོ་སོར་མ་གྱེས་གོང་གི་དབང་མཛད་ལྔ་པ་སྟེ། བདུད་སྲིན་གཉིས་གྱིས་དབང་བྱས་པའི་ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ་ལམ་ཁ་རག་སྒོ་དགུ་འམ་མགོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ་ཞེས་བྱ་བ་དེ་དང་། ཆོས་འབྱུང་ཁག་གི་ནང་དུ་གསལ་བའི་མངའ་མཛད་དང་པོ་སྟེ། ཕྱྭའམ་གནོད་སྦྱིན་གྱིས་དབང་བྱས་པའི་ཡུལ་མིང་ཟངས་སམ་བཟང་ཡུལ་རྒྱན་མེད་དམ་བདུད་ཡུལ་ཁ་རག་མགོ་དགུ་ཞེས་གསལ་བ་དེ་དང་། གོང་གི་ཞང་ཞུང་སྐད་ཀྱི་པུ་རང་གི་སྐོར་དང་འབྲེལ་བའི་སྒོ་ནས་ཚིག་རྣམས་གུང་སྒྲིག་སྟེ་འདི་ཚོའི་སྐོར་ལོ་རྒྱུས་རྣམས་ཁ་གསལ་མེད་པའི་རྐྱེན་གྱི་རྡོ་ཆག་བཙན་སྒྲིག་ལྟ་བུའི་ངོས་ནས་མ་བྱས་རང་བྱས་སུ་བཤད་དགོས་བྱུང་འདུགཔར། དེའང་བདུད་ཡུལ་ཁ་རག་སྒོ་དགུའམ་མགོ་དགུ་ཞེས་སྤྱིར་བདུད་ཡུལ་ནི་དྭགས་མྱང་ཀོང་གསུམ་ལ་འདུད་དང་འབྲེལ་བའི་ལོ་རྒྱུས་མང་པོ་བཤད་སྲོལ་ཡོད་པ་དང་། སྒོས་སུ་ཞང་ཞུང་གི་ཡུལ་བྱེ་བྲག་པ་ཁ་རག་གི་ཡུལ་ཏེ་བོད་ཀྱི་ལྷོ་ངོས་གངས་རིའི་ཕྲེང་བས་བསྐོར་བའི་རི་རྒྱུད་དམ་ཧི་མ་ལ་ཡི་རི་རྒྱུད་པུ་རང་ནས་མར་རྩིས་པའི་ཀོང་པོ་ལུང་པའི་བར་དུ་ཡུལ་ལམ་ལུང་པ་ཆེ་བ་དགུ་ཡོད་པ་ཨི་ཡིན་ན་སྙམ་པ་དང་། ཞང་ཞུང་སྐད་དམ་བརྡ་རྙིང་དུ་པུ་མར་ཧྲིང་ཞེས་བོད་སྐད་དུ་ཐད་སྒྱུར་དུ་བྱས་ནས་ཟངས་བཟང་ངམ་ཟངས་གསེར་གསལ་གོ་བདེ་བས་ཟངས་ཡུལ་བཟང་ཡུལ་རྒྱན་མེད་ཅེས་ཡུལ་མིང་བཏགས་ས་དེར་གཙོ་བོ་འཛིན་པས་པུ་རང་གི་ཡུལ་ལ་གོ་བ་མིན་ནམ་སྙམ། དེ་བཞིན་པུ་རང་དང་ཀོང་པོ་ལུང་པའི་བར་ལ་ཡུལ་སྲོལ་གོམས་གཤིས་ལ་ཆ་འདྲ་བ་མང་པོ་འདུག་པས་དེ་ཚོའི་སྐོར་འདིར་ཡིག་ཚོགས་དོག་པ་ཙམ་མ་ཟད་ཞིབ་པར་གཞི་ནས་འཚོལ་དགོས་པ་ནི་སྨོས་ཅི་དགོས། མདོར་ན་ཁོ་བོས་ཁ་རག་སྒོ་དགུ་འམ་ཟངས་ཡུལ་རྒྱན་མེད་ནི་དེ་ལྟར་ཡིན་པར་ཐེ་ཚོམ་ཅི་ཡང་མི་དགོས་སྙམ་པ་ཡིན། ད་དུང་འདིར་དཔྱད་དགོས་པ་ཞིག་ལ་པུ་མར་ཧྲིང་ཞེས་པུ་རང་གི་ལུང་པ་དེར་ཟངས་བཟང་པོའི་གཏེར་ཡོད་པའམ། ཡང་ན་གསེར་དམར་པོ་ལྟ་བུའི་གཏེར་ཡོད་ནས། ཡང་ན་ལུང་པའི་མདོག་དམར་པོ་རྟ་རོ་ཁ་བཤག་པ་ལྟ་བུའི་འབོད་སྲོལ་ཡོད་འདུག་པས་ལུང་པ་དེར་དམར་ཤས་ཆེ་བ་བཅས་དོན་དངོས་སུ་ཐ་སྙད་དེ་གོ་བ་ག་འདྲ་ཞིག་ལེན་དགོས་མིན་གསལ་པོར་མ་ཤེས་སོ།།
ཞར་བྱུང་དུ་ཧ་ཀྱང་གལ་ཆེན་ཞུ་དགོས་པ་ཞིག་ནི།
ལོ་རྒྱུས་མང་པོ་ལས་འཁོད་པའི་སྤུ་རྒྱལ་གཉའ་ཁྲི་བཙན་པོའི་ཕ་ཡི་་རུས་རྒྱུད་ཕྱྭ་དང་མ་ཡི་རྒྱུད་ནི་རྨུའམ་དམུ་ཡི་རྒྱུད་ནས་གྲོལ་རབས་བཤད་པ་དང་། རུས་ཁུངས་ཕྱྭ་དམུ་གཙུག་གསུམ་ནི་ཞང་ཞུང་གི་རྒྱལ་རྒྱུད་དམ་རུས་རྒྱུད་གལ་ཆེན་ཞིག་ཡིན་པ་ནི་བོན་གྱི་ལོ་རྒྱུས་ཁག་གི་ནང་དུ་ཕྱྭ་དམུ་གཙུག་གསུམ་གྱི་སྐོར་མང་དག་ཅིག་འཁོད་ཡོད་པ་དང་། གཉའ་ཁྲི་བཙན་པོ་ནི་ཆུ་བོ་ཆེན་པོ་བཞིའི་མགོ གངས་ཏི་སེ། མཚོ་མ་པང་སོགས་ནས་མར་གཤེགས་པའི་ལོ་རྒྱུས་ཁ་གསལ་དུ་འཁོད་འདུག་པ་སོགས་དེ་ལྟ་བུའི་དོན་དངོས་དང་མཐུན་པའི་ལོ་རྒྱུས་མང་དག་ཅིག་ལ་འདུག་པར་དེ་ཚོ་ལ་བལྟས་ཤིང་དཔྱད་ནས། སྤུ་རྒྱལ་གཉའ་ཁྲིའི་ཕ་ཡུལ་སྤོ་བོ་ལས་ཞང་ཞུང་པུ་རང་ནས་ཡིན་པ་ནི་ཁུངས་བཙན་པའི་བཟོ་འདྲ་འདུག་པས། དེ་ཚོ་ལ་དཔྱད་རིན་ཤིན་ཏུ་ཆེ་བ་དང་ལོ་རྒྱུས་ཕན་ཚུན་འཁྲུགས་པར་གོ་རིམ་བསྡེབ་རྒྱུ་ནི་གལ་ཆེན་ཞིག་ཡིན་མོད་གནས་སྐབས་འདིར་སྤྲོས་པ་སྐྱུང་བ་ཡིན།།
མཐར་འཇུག་གི་དཔྱད་སྡོམ་ནི། པུ་རང་ནི་ཟངས་ཡུལ་ལམ་བཟང་ཡུལ་རྒྱན་མེད་དང་དེ་ནས་མར་ཀོང་པོའི་བར་དུ་ཡུལ་ལམ་ལུང་པ་དགུ་ལ་ཁ་རག་སྒོ་དགུ་རུ་འབོད་པ་དང་། སྤུ་རྒྱལ་གཉའ་ཁྲི་བཙན་པོ་ནི་པུ་རང་གི་ཡུལ་དང་འབྲེལ་བའི་ཞང་ཞུང་གི་རུས་རྒྱུད་ཅིག་ཡིན་པར་སེམས་པའི་དོགས་སློངས་ཙམ་བཀོད་པ་ཡིན་ནོ།།
ཡིག་ཚོགས་མང་བར་དོག་ཅིང་དཔྱད་གཞི་ཡིག་རིགས་རྣམས་ཁ་གསལ་དུ་བྱུང་མ་སོང་བར་དགོངས་དག་ཞུ།།
ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ཚུལ་ཁྲིམས་ཕུན་ཚོགས་ལ་ལོ་རྒྱུས་ལ་མྱོང་གོམས་ཀྱི་བག་ཆགས་ཉེ་བར་ལེན་པ་དང་ཆབས་གཅིག་བློའི་དྲན་ཚོད་མྱུར་མོ་ཞིག་གིས་སྐུལ་ཏེ་དགོང་མོར་ཇ་འཐུང་ཞོར་དུ་ཁ་པར་ནང་དུ་སོར་རྩེར་ཤོར་རོ།། ༢༠༡༧/༢/༩
<<པུ་རང་ཞེས་པའི་ཐ་སྙད་ཀྱི་དོགས་སློངས།། >>ལས། གཉའ་ཁྲི་བཙན་པོ་གཤེགས་རབས་དེ་གོ་མྱོང་མེད་པའི་ལོ་རྒྱུས་རེད་འདུག་སྙམ་མཁན་ཡོད་སྲིད་པས། གཤེགས་རབས་འདི་ལྟར་རེད། དེ་ལྟར་ནང་བཞིན་<<དོགས་སློངས་>>འདི་ཡི་ནང་བཀོད་ཚད་ལོ་རྒྱུས་ལ་དཔྱད་པ་མ་གཏོངས་ཤིང་བསམ་བློ་འཁོར་ཚད་བྲིས་པ་ཞིག་རྩ་ནས་མེད་དོ།།
ཡོང་ཁུངས། ལུག་ཚང་དཔལ་ཡོན།