རྩོམ་པ་པོ། སེང་དར།
ཤ་ཚ་དང་དྲན་སྐུལ་གྱི་ཀློང་ནས་ནང་པ་བ་ཚོ་ལ་འཕྲིན་འདི་གཏོང་ཤོར།།
སྟོན་པ་ཡི་བཀའ་དྲིན་ལ་བསམ་ནས་ནང་པ་བ་ཚོ་ལ་འཕྲིན་འདི་བསྐུར་ཤོར།
བསླུ་སླ་ཡི་རྗེས་འཇུག་ལ་ཞེན་ནས་ནང་པ་བ་ཚོ་ལ་འཕྲིན་འདི་སྤེལ་ཤོར།
དབྱིག་གཉེན་གྱི་དྲང་གཏམ་འགའ་དྲན་ནས་ནང་པ་བ་ཚོ་ལ་འཕྲིན་འདི་བྲི་ཤོར།
མི་འཇོན་པར་འཇོན་མདོག་གིས་དེད་ནས་ནང་པ་བ་ཚོ་ལ་འཕྲིན་འདི་སྤྲིང་ཤོར།
རི་རྒྱལ་ལྷུན་པོ་མེད་པར་འདོད་པའི་སྔ་རྒོལ་གྱི་འདོད་པ་གཉིས།
ཞེས་འདི་ལྟར་ཚིགས་བཅད་འགས་སྣ་དྲངས་ནས་ནང་པ་བ་སྐོར་ཞིག་ལ་སྐད་ཆ་འདི་ལྟར་བཤད་འདོད།
མ་གཞི་བྱས་ན་འདིར་དེ་ལྟར་མེད་པར་འདོད་པའི་སྔ་རྒོལ་འགའ་ཁ་གསལ་པོར་ངོས་བཟུང་ན་འདོད་རུང་། ཕན་ཡོན་ལས་ཉེས་སྐྱོན་ཆེ་བར་མཐོང་ནས་རེ་ཞིག་འདིར་མ་བཀོད།
ནང་བོད་ཀྱི་བླ་ཆེན་དང་མཁས་ཆེན་ཆེད་མང་པོ་ཞིག་གིས་མངོན་པ་སོགས་ནས་བཤད་པའི་རི་རྒྱལ་ལྷུན་པོ་མེད་ཟེར།
འོ་ན་ཁྱེད་ཚོར་མེད་པའི་རྒྱུ་མཚན་གང་ཡོད། མེད་པའི་རིག་པ་གང་། ལུང་གང་།
ཁོ་ན་རེ། ༡_ཡོད་ན་ད་ཙམ་ལ་ཚན་རིག་པར་རྙེད་ཚོད་ཡིན་ཡང་ཚན་རིག་པར་རྙེད་མེད་པ་འདི། འོ་ན་མངོན་པ་སོགས་ནས་བཤད་དོན་ཅི་ཟེར་ན།
དེའི་དུས་ཀྱི་སེམས་ཅན་རྣམས་ལ་སྣང་རུང་ཙམ་ལས་དོན་ལ་མེད་ཟེར། ཡང་ལོག་རྟོག་པ་འགའ་རེས། ༢_སྟོན་དུས་དང་དབྱིག་དུས་སོགས་སྔོན་གྱི་སེམས་ཅན་རྣམས་ལ་སྣང་ཞིང་ཡོད་ལ། ད་ལྟའི་སེམས་ཅན་རྣམས་ལ་མི་སྣང་ཞིང་མེད་ཟེར་བ་སོགས་གང་དྲན་དྲན་བཤད་ཀྱི་འདུག
༈ འདོད་པ་སོ་སོའི་སྐྱོན་བསྟན་པ།
དང་པོ་ལྟར་ན་ནང་ཆོས་མངོན་པ་མཛོད་སོགས་ནས་བཤད་པའི་ཆོས་མངོན་གྱུར་བ་དག་ཚན་རིག་པར་རྙེད་དགོས་ལ་དེར་མ་རྙེད་ན་མེད་པར་འདོད་ན། འོ་ན་མངོན་པ་སོགས་ནས་བཤད་པའི་བྱང་སྒྲ་མི་སྙན་ཆོས་ཅན། མེད་པར་ཐལ། ད་ལྟའི་འཆར་ཚན་རིག་པར་རྙེད་ནས་དེའི་དཔག་བསམ་གྱི་ཤིང་ལས་གང་འདོད་ཡིད་བཞིན་དུ་སྩོལ་བ་སོགས་བྱས་མེད་པའི་ཕྱིར། རིག་པ་མགོ་མཚུངས། དེ་འདོད་ནུས་ན་གླིང་བཞི་ནས་ལྷོ་འཛམ་བུ་གླིང་འདི་མ་གཏོགས་གསུམ་པོ་དག་མེད་པར་འདོད་དགོས་སོ། གལ་སྲིད་དེ་ཡང་འདོད་ན།
མངོན་པ་མཛོད་ལས།
གླིང་བཞི་པ་དང་ཉི་ཟླ་དང་།།
རི་རབ་དང་ནི་འདོད་ལྷ་དང་།།
ཚངས་པའི་འཇིག་རྟེན་སྟོང་ལ་ནི།།
སྟོང་ནི་སྤྱི་ཕུད་ཡིན་པར་འདོད།།
ཞེས་པ་ལ་སོགས་པའི་གླིང་བཞི་དང་ཉི་མ་དང་ཟླ་བ་དང་རི་རྒྱལ་དང་དབང་ཆེན་དང་ལྕགས་རི་སོགས་སྟོང་སྟོང་གྱིས་གྲུབ་པའི་མི་འཇིད་འཇིག་རྟེན་གྱི་ཁམས་མེད་པར་འདོད་དགོས་ཏེ། ཚན་རིག་པར་གླིང་བཞི་སྟོང་གཅིག་རྙེད་རྒྱུ་ཕར་བཞག་ནས་གླིང་བཞི་ཡང་རྙེད་མེད་ལ་དེས་ན་ཉི་མ་སྟོང་གཅིག་སོགས་རྙེད་རྒྱུ་ཕ་རིའི་ལོག་གི་སྤང་རྒྱན་ཡིན་པའི་ཕྱིར།
དེ་འདྲའི་ནག་ཉེས་དེ་ཡང་ཁས་ལེན་ན་ནང་པའི་མདོ་རྒྱུད་མང་པོའི་གཞུང་ལས་མི་འཇིད་འཇིག་རྟེན་གྱི་ཁམས་སམ་གཞི་དང་སྙིང་པོ་མེ་ཏོག་གིས་རྒྱན་པའི་ཞིང་ཁམས་འདི་ནི་སྟོན་པ་ཤཱཀྱ་ཐུབ་པའི་འདུལ་ཞིང་ཡིན་ལ་དེ་ཞིང་འདིར་བྱོན་ནས་འདུལ་བྱ་མ་བསྡུས་པ་བསྡུས་པ་བྱས། བསྡུས་པ་སྨིན་པ་བྱས་པ་སོགས་མཛད་པ་དག་ཡང་ཁས་ལེན་མི་ཤེས་ཏེ། འཇིག་རྟེན་འདིར་མ་བྱོན་པའི་ཕྱིར། རྟགས་གྲུབ་ཏེ་འཇིག་རྟེན་འདི་མེད་པའི་ཕྱིར་ཏེ། གོང་གི་རི་རྒྱལ་ལྷུན་མེད་པའི་རིག་པ་དང་མགོ་མཚུངས།
གཉིས་པ་ལྟར་ན། འོ་ན་སྔོན་མ་ཡོད་པའི་རི་ཆེན་པོ་ཁོ་ཡལ་སོང་བ་རེད་དམ། ཟད་སོང་བ་རེད།
མ་ཟད་སྔོན་གྱི་སེམས་ཅན་རྣམས་ལ་སྣང་ན་ཡོད་པས་ཁྱབ་ཞིང་ད་ཆའི་སེམས་ཅན་རྣམས་ལ་མ་སྣང་ན་མེད་པས་ཁྱབ་པ་རྣམ་པ་གཉིས་ཡང་གྲུབ་ནུས་སམ།
དང་པོ་ནུས་ན་སྔོན་གྱི་སེམས་ཅན་རྣམས་ལ་ཟླ་བ་གཉིས་སྣང་གི་འཁྲུལ་ཤེས་སྐྱེ་མི་རིག་པར་ཐལ་ཏེ་ཤེས་པ་དེ་ཁོ་ཚོར་མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། ཡིན་ཏེ་ཟླ་བ་གཉིས་ཡོད་པའི་ཕྱིར་ཏེ་ཟླ་བ་གཉིས་སྣང་བའི་ཕྱིར། ཁྱབ་པ་ཁས།
གཉིས་པ་ནུས་ན་ད་ལྟའི་སེམས་ཅན་རྣམས་ལ་ལས་རྒྱུ་འབྲས་ཕྲ་ཞིང་ཞིབ་པ་མེད་པར་ཐལ་ཏེ་མ་སྣང་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་ཏེ་ལས་རྒྱུ་འབྲས་ཕྲ་ཞིང་ཞིབ་པ་རྣམ་མཁྱེན་ཁོ་ནའི་ཞལ་བྱ་ཡིན་པའི་ཕྱིར། རྟགས་གཞུང་སྤྱི་ཁྱབ་ཀྱི་གོ་བས་ཁས།
དེ་ལྟར་རྒྱུ་མཚན་ཡོད་པའི་བཀའ་བསྟན་ཡག་པོ་དག་རྒྱབ་དུ་བསྐྱུར་ནས་དོན་མེད་ཀྱི་ཁ་ཚིག་འདི་ལྟར་ལབ་པ་ངོ་མི་ཚའམ། ཞལ་མི་སྐྱེང་ངམ། མཁས་པ་ཚོ། མཁས་རློམ་ཚོ།
རི་རབ་ཡོད་པའི་རྟགས་སྦྱོར་མདོར་བསྡུས།
དེ་ཡོད་པའི་རྒྱུ་མཚན་རྣམ་པ་གཉིས་ཡོད། དངོས་སུ་རི་དེ་ཉིད་མིག་ལ་བསྟན་རྒྱུ་མེད་ཀྱང་། ཡོད་པའི་ལུང་ཁུངས་ལྡན་ཡོད་པའི་ཕྱིར་དང་། མེད་པའི་རིག་པ་བརྫུན་མ་ཡིན་པའི་ཕྱིར་ཞེས་པ་དེ་གཉིས་ཀྱིས་གྲུབ་ཐུབ།
དང་པོ་གྲུབ་པ་འོག་དུ་གསལ། གཉིས་པ་གྲུབ་ཏེ། རིག་པའི་རྒྱབ་རྟེན་ལུང་ཁུངས་ལྡན་མེད་པའི་ཕྱིར། ཁྱབ་པ་ཡོད་ཏེ། ས་པཎ་གྱིས། སློབ་དཔོན་མེད་པའི་རིག་པ་རྣམ།། ཡོད་ཀྱང་གཞན་གྱིས་བརྩི་བ་མེད།། གསུངས་པའི་ཕྱིར།
ཚན་རིག་པ་ནི་མུ་སྟེགས་པ་ཡིན།
ནང་པ་བ་མང་པོས་ཚན་རིག་པ་ལྷ་ལྟར་རྩིས་ན་ཡང་ཁོ་བོས་ནི་ཕྱི་རོལ་པ་གཞན་ཞིག་དུ་འདོད་འདོད།
མུ་སྟེགས་པ་ལ་ཡང་དབྱེ་ན་གྲངས་མང་བ་ཡིན་ཏེ།
དེ་ཡང་འཇུག་པ་ལས། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག།
ཡོན་ཏན་བྱར་མེད་གྲངས་ཅན་རྣམས་ཀྱིས་བརྟགས།།
དེ་དབྱེ་དེ་དོན་ཅུང་ཟད་ལ་བརྟེན་ནས།།
མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར་།། གསུངས་པ་ལྟར་རོ།
ཚེ་དང་ལས་དང་རྒྱུ་འབྲས་སོགས་ཡོད་མེད་ཅི་རིགས་པར་འདོད་མཁ་ཡོད་ན་ཡང་། སྒོ་ལྔའི་ཡུལ་དུ་གྱུར་བ་ཙམ་ཁས་ལེན་པའི་གྲུབ་མཐའ་ཡོད་དེ། ཇི་སྐད་དུ་མུ་སྟེགས་པའི་གཞུང་ལས།
ཇི་ཙམ་དབང་པོ་སྤྱོད་ཡུལ་བ།།
སྐྱེ་བུའམ་དེ་ཙམ་ཁོ་ནར་ཟད།།
ཀྱེ་མ་མང་ཐོས་གང་སྨྲ་བ།།
སླུ་བྱེད་སྤྱང་ཀིའི་རྗེས་དང་མཚུངས།། ཞེས་ཟེར་ལོ།
ཚན་རིག་པ་ནི་དེ་དང་རིགས་མཐུན་པའི་གྲུབ་མཐའ་ཡིན་ཏེ།
དཀོན་མཆོག་གསུམ་ནི་སྐྱབས་གནས་སུ་མི་འཛིན། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི་ཁས་མི་ལེན་པ་ཙམ་མ་ཟད་མིང་ཙམ་ཡང་མ་ཐོས་པ་མང་། དེའི་ཕྱིར་ན་མཚན་རིག་པ་ནི་མུ་སྟེགས་པའི་གྲུབ་མཐའ་གཞན་ཞིག་ལ་འདོད་དོ། ལྟ་སྤྱོད་ནི། དབང་པོ་སྒོ་ལྔའི་ཡུལ་དུ་གྱུར་བའི་ཆོས་ཡིན་ན་ཡོད་པར་ཁས་ལེན་ཞིང་གང་ཞིག་ལ་ཚོད་དཔག་དང་བཅས་པའི་སྒོ་ནས་བརྟག་དཔྱད་བྱས་ནས་སྒོ་ལྔའི་ཡུལ་དུ་འགྲོ་མིན་བལྟ། དེ་མ་ཡིན་ན་དགག་པ་འཕེན་ནས་མེད་པར་འདོད་མཁན་ཞིག་ཡིན། ཁོ་ཚོས་མིའི་སྒུལ་སྐྱོད་དང་ཀླད་པ་འཕར་བ་དང་སྙིང་གཡུག་པ་སོགས་དཔག་ནས་ཧ་ལམ་སེམས་ཟེར་བ་ཞིག་ཡོད་པ་མིན་ནམ་ཟེར་བ་ཙམ་གྱིས་ནང་པའི་རྗེས་འཇུག་ཚོ་དགའ་ཞིང་མགུ་ཞིང་ནང་པ་དང་ཚན་རིག་པ་གཉིས་དགོངས་པ་གཅིག་དང་དབྱངས་གཅིག་དུ་འདོད་ཞིང་ཚན་རིག་པ་དང་མ་མཐུན་པའི་བཀའ་དང་བསྟན་བཅོས་མང་པོ་དེ་དང་མཐུན་པའི་ཆེད་དུ་འགྲེལ་ལོག་དང་བཀྲལ་ལོག་བྱེད་པ་ནི་སྙིང་རྗེའི་གནས་དམ་པའོ།།
ནང་པ་སངས་རྒྱས་ཟེར་ན་འདི་འདྲ་རེད།
ནང་པ་སངས་རྒྱས་ཀྱིས་དབྱེ་གཞི་ཆོས་ལ་དབྱེ་དུས་ནས། མངོན་གྱུར། ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་དུ་འདོད་པ་ལས་སྒོ་ལྔའི་ཡུལ་དུ་གྱུར་བ་གཅིག་པུས་གྲོད་པ་རྒྱག་ནས་བཞུགས་མཁན་ཞིག་མ་ཡིན་ནོ།
དེ་ཡང་མ་མཐའ་མངོན་གྱུར་རི་ལྟ་བུ་ཞིག་ཡིན་ན་ཡང་སེམས་ཅན་ཐམས་ཅད་ལ་མཐུན་མོང་དུ་སྣང་བར་མི་བཞེས་ཤིང་། ཡང་མ་སྣང་བ་ཙམ་གྱིས་མེད་པར་བསྒྲུབ་མཁན་ཞིག་དེ་བས་མ་ཡིན།
ནང་ཆོས་ནི་ཚན་རིག་དང་མི་འདྲ་བར་གཏིང་ཟབ་ལ་རྒྱ་ཆེ་བ་ཡིན་ཡང་ངས་ནི་ཅི་འདྲ་འདྲའི་མང་པོ་ཤེས་ཡང་མི་ཤེས། ཤེས་པའི་དབང་དུ་བཏང་ན་ཡང་འདིར་བཤད་ཚར་དུས་མེད་པས་འདི་ཙམ་ལ་བཞག་ན་ལེགས་པར་སྣང་།
མདོར་ན་ནང་ཆོས་ནི་ཚན་རིག་ལ་སོགས་པའི་ལུགས་སྲོལ་ཆལ་ཆོལ་དེ་ཚོར་རེ་དགོས་མེད་པའི་རང་རྐང་བརྟན་པོར་ཚུགས་ཟིན་པའི་གྲུབ་མཐའ་ཞིག་ཡིན་པའི་ཕྱིར་ན་དེ་ལ་སྦོལ་ལྷད་དང་འདེབས་པའི་སྒོ་ནས་རྒྱལ་བའི་བཀའ་ལ་འབྱུང་པོའི་གསེར་ཆུས་མ་གོས་མ་གནང་རྒྱུ་སྙིང་ནས་གཅེས།
རི་རྒྱལ་ལྷུན་པོ་ཡོད་པའི་ལུང་ཚིག་ཚད་མ་འགའ།
དེ་ཡང་ས་པཎ་གྱིས། ” སློབ་དཔོན་མེད་པའི་རིག་པ་རྣམས།། ཡོད་ཀྱང་གཞན་གྱིས་བརྩི་བ་མེད།། ” གསུངས་པ་ལྟར་ངས་ཀྱང་རི་རྒྱལ་ཡོད་པ་འདིའི་ཁུངས་སུ་ལུང་འགའ་དྲངས་འདོད།
དང་པོ་མདོ་ཕལ་ཆེར་ལས། རི་རབ་དཔག་ཚད་འབུམ་དྲུག་ཁྲི་བརྒྱད་སྟོང་པ་དང་། རྒྱ་མཚོའང་དཔག་ཚད་བརྒྱད་ཁྲི་ནི་བཞི་སྟོང་པར་གསུངས་པ་དང་། གཞན་ཡང་འདུལ་བ་ལུང་གཞི་ལས། རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་འོག་དུ་གསེར་གྱི་ས་གཞི་ལ་ཐུག་པར་འདུག་གོ དཔག་ཚད་བརྒྱད་ཁྲི་ནི་ཆུའི་སྟེང་དུ་བྱུང་སྟེ་དེ་ལྟར་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ་གསུངས་པ་དང་། ད་རུང་གཞན་ཡང་མཛོད་འགྲེལ་མངོན་པའི་རྒྱན་ལས། ལྷུན་པོ་ནི་ཤར་དངུལ་དང་ལྷོ་བཻ་ཌཱུརྱ་དང་ནུབ་ཤེལ་དམར་པོ་དང་བྱང་གསེར་ཏེ་རིན་ཆེན་བཞིའི་རང་བཞིན་ཡིན་ནོ་ཞེས་སོགས་གསུངས་པ་དང་། དེས་མ་ཚད་མངོན་པ་མཛོད་རང་ལས།
ལྷུན་པོ་རིན་ཆེན་བཞིའི་རང་བཞིན།།
ཆུ་ཡི་ནང་དུ་བརྒྱད་ཁྲི་དག།
ནུབ་བོ་དེ་བཞིན་སྟེང་དུ་ཡང་།།
དཔག་ཚད་དག་ནི་བརྒྱད་ཁྲིའོ།། གསུངས་པ་དང་།
ཡང་གཞན་ཡང་རང་འགྲེལ་ལས། རི་རབ་ནི་དབུས་ནའོ། ལྷག་མ་རྣམས་ཀྱིས་ནི་རི་རབ་བསྐོར་ཏེ་གནས་སོ། ཞེས་ལ་སོགས་ཀྱི་ལྷུན་པོ་ཡོད་པར་བསླུ་མེད་ཀྱི་ལུང་ཚིག་ཤིན་ཏུ་མང་ངོ་།
འོན་ཀྱང་དད་པ་དང་མོས་པས་ཕོང་བ་རྣམས་ལ་ནི་ལུང་ཚིག་ཙམ་གྱིས་རྟོགས་རྒྱུ་ཕར་བཞག་ནས་དངོས་སུ་རྐང་འོག་སུ་ནོན་ཀྱང་ད་དུང་ཡོད་པར་མི་ཤེས་པས་ལོང་བས་གཟུགས་མེད་པར་འདོད་པ་དང་ཕྱོགས་ཀུན་ནས་མཚུངས་སོ།
འདི་ལྟར་བསམ་བློ་ཞིབ་མོ་རེ་ནན་གྱིས་གཏོང་དང་གཞི་ནས་ཡོད་པར་གོ་ངེས་རེད་མ་གཏོགས་རང་ཉིད་ཀྱིས་དྲན་ཚད་དང་བཤད་ཚད་བདེན་པ་ཡིན་པའི་ངེས་པ་མེད། མཁས་པ་ཆེན་པོ་ཞིག་ཡིན་ཡང་ནོར་འཁྲུལ་མེད་པ་ཡིན་མ་སྲིད། ས་ཆེན་ཀུན་དགའ་རྒྱལ་མཚན་གྱིས། རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང་། སྐྱོན་དུ་གོ་བ་ཤིན་ཏུ་དཀའ། གསུངས་པ་བཞིན་རེད། གཅིག་བྱས་ན་ད་རེས་འདི་ནས་ཁྱེད་རི་རྒྱལ་དངོས་སུ་རྙེད་པ་ལྟ་བུའི་ཚོར་སྣང་ཡང་སྐྱེ་སྲིད།
འགྱོད་བཤགས་བྱེད་ཚུལ་བསྟན་པ།
འདིར་བཀའ་དང་བསྟན་བཅོས་དེ་ཙམ་གྱི་དགོངས་དོན་ལ་ལོག་བཤད་བྱས་ནས་ལྷུན་པོ་མེད་པར་འདོད་ནས་ཤིན་ཏུ་ནས་མ་རུང་པའི་བསམ་སྤྱོད་ཅན་རྣམས་ཀྱིས་ནི།
རྒྱལ་བ་དང་རྒྱལ་བའི་བཀའ་ལས་འགལ།
དབྱིག་གཉེན་དང་དབྱིག་གཉེན་གྱི་དགོངས་པ་འཁྲུག
ང་དང་ང་ཡི་ཐུགས་འཁྲེལ།
བསྟན་པ་ལ་སྒྲོ་སྐུར་གྱི་སྐྱོན་དུ་གྱུར།
སྡིག་ཚབ་པོ་ཆེ་བསག ཕྱི་མ་ངན་སོང་དུ་ལྟུང་བར་བྱེད་པའི་ལས་ཡིན་པའི་ཕྱིར་ན་དེའི་གཉེན་པོར་སྡིག་སྒྲིབ་ཐམས་ཅད་སྦྱོང་བའི་རྒྱལ་པོ་དཔལ་ལྡན་རྡོ་རྗེ་སེམས་པ་འདི་ཉིད་སྤྱི་བོའི་གཙུག་དུ་སྒོམ་ནས་ནརག་དོང་སྤྲུགས་ཀྱི་སྙིང་པོ་འདི་ཉིད་མི་ཚེའི་རྒྱུན་གྱི་ཁ་འདོན་དུ་བྱེད་རྒྱུ་སྲོག་ལས་ཀྱང་གདམས་པ་ཡིན་ནོ།།
སླར་སྨྲས་པ།
ཚན་རིག་བུ་མོའི་འཕོངས་ལ་མིག་འཁྲུལ་ནས།།
ནང་རིག་ཨ་མའི་ཞལ་རས་མ་མཇལ་པའི།།
ཡག་བཙོག་དགའ་སྡུག་ནོར་བའི་ཉམ་ཆུང་ཚོར།།
སླར་ཡང་འདི་ནས་བླངས་དོར་མིག་འདི་སྟེར།།
ཚན་རིག་ཞེས་པའི་བདུད་ཀྱི་སྤྲུལ་པ་འདིས།།
ཟ་འཐུང་གོས་སོགས་སྐབས་གཅིག་བཀྲ་ན་ཡང་།།
ཕུགས་ཀྱི་དོན་གཉིས་བསྒྲུབ་པའི་གྲོགས་མཆོག་ལ།།
སྟོན་བསྟན་གཉིས་ལས་ལྷག་པ་ཡོད་རེ་ཤི།
འོན་ཀྱང་བློ་ཆུང་བྱིས་པའི་སྣང་ངོ་ལ།།
ཟས་གོས་གཉིས་ལས་ལྷག་པ་མེད་པ་བཞིན།།
དེང་སང་ནང་ཆོས་དོར་བའི་ཆོས་གཟུགས་འགའ།།
ཚན་བརྩལ་རིག་པས་བསླུས་པ་ཤིན་ཏུ་ཕངས།།
ཞེས་པ་འདི་ནི་ཟ༵བ་རྒྱས་ཆོས་ཀྱི་སྤྲིན་ཕུང་འདུ་བའི་གས༵ང་ཆེན་སྔ་འགྱུར་གྱི་གདན་ས་དཔལ་ཆེན་ཧའོ་དགོན་ཐར་ལམ་དམ་ཅན་མཚན་ཉིད་གླིང་དུ་སེང་དར་སུ་འབོད་པའམ་འཛི༵ན་པ༵འི་མིང་ཅན་གྱིས་ཆོས་ཐུན་གྱི་བར་གསེང་ལ་ངལ་བ་མེད་པར་བྲིས་པ་འདིས་མངོན་པའི་ཆོས་ཀྱི་རྨ་ཁ་གསོས་པར་གྱུར་ཅིག། །།
ཡོང་ཁུངས། མེ་ལྕེ་འཕྲིན་སྟེགས།