སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ས་མིང་ཁུངས་འདེད།

སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ས་མིང་ཁུངས་འདེད།

སྨན་ཤུལ་རིན་ཆེན་རྡོ་རྗེ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་།

 

 

ཟུར་བཀོད། སྟོད་མངའ་རིས་སྐོར་གསུམ་གྱི་ས་བཀྲ་བཞུགས་སོ། །

གསལ་བཤད། ས་ཁྲའི་མ་ཡིག་ནི་2014 ལོའི་ཟླ་7 པའི་ཚེས་29 ཉིན་དྲ་ངོས་https://www.onegreen.net/ སྟེང་གི་ཀྲུང་གོའི་སྲིད་ཁོངས་ཞེས་པ་དེ་ཡིན།(地图蓝本:中国政区https://www.onegreen.net/,2014/7/29.)

སྒྲིག་མཁན་གྱི་གཏམ།

དཔྱད་རྩོམ་འདི་ནི2018ལོའི《ཀྲུང་གོའི་བོད་རིག་པ》དེབ་གཉིས་པའི་སྟེང་སྤེལ་ཡོད་པ་དང་།

རྩོམ་མཁན་གྱི་ཆོག་མཆན་བརྒྱུད་ངེད་འཕྲིན་སྟེགས་སུ་སྤེལ་བ་ཡིན།

ནང་དོན་གནད་བསྡུས།

དཔྱད་རྩོམ་འདིར་ཚིག་མཛོད་ནང་གི་སྟོད་མངའ་རིས་སྐོར་གསུམ་དང་། ལོ་རྒྱུས་ཡིག་ཚང་ནང་གི་སྟོད་མངའ་རིས་སྐོར་གསུམ། ད་ལྟའི་གནས་བབས་ཀྱི་སྟོད་མངའ་རིས་སྐོར་གསུམ་ཞེས་ཚན་པ་གསུམ་དུ་བགོས་ནས། སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ས་མིང་འདིའི་ཡོང་ཁུངས་དང་། འགྱུར་ལྡོག ད་ལྟའི་གནས་བབས་བཅས་པར་དཔྱད་ཞིབ་ཀྱིས། ནམ་ཞིག་མེས་རྒྱལ་ཆེན་མོ་ལ་སྟོབས་དང་ཐབས་ཤེས་འཛོམས་ཏེ། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་(一带一路倡议)ལ་རྒྱལ་ཁ་ཐོབ་ན། སླར་ཡང་རང་ས་རང་ཡུལ་ལ་བདག་པོ་རྒྱག་དགོས་པ་དང་། ཞར་བྱུང་སྟོད་མངའ་རིས་སྐོར་གསུམ་དང་གེ་སར་སྒྲུང་གི་བར་གྱི་འབྲེལ་བ་ཞིག་ཀྱང་ཞུས་ཡོད།

 

བརྡ་ཆད་གཙོ་བོ།

མངའ་རིས། ལ་དྭགས། ཟངས་དཀར། སྤུ་རང་། གུ་གེ ཡ་རྩེ། ཀསྨིར།

ནམ་རྒྱུན་ང་རང་ཚོས་སྟོད་མངའ་རིས་སྐོར་གསུམ་ཞེས་གླེང་ཚེ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ། གུ་གེ་མཁར་ཤུལ་སོགས་སེམས་ནང་དྲན་ཡོང་གིན་ཡོད་མོད། ཏག་ཏག་སྟོད་མངའ་རིས་སྐོར་གསུམ་ལ་ཆ་རྒྱུས་ཡོད་མེད་དྲིས་ཚེ། དེའི་ས་བབས་ཆེ་ཆུང་དང་། ལོ་རྒྱུས་དོན་རྐྱེན། ད་ལྟའི་གནས་བབས་སོགས་ལ་ཞིབ་ཆ་མེད་པ་ཞིག་ཀྱང་ཡོང་གིན་ཡོད། ཅིའི་ཕྱིར་ཅེ་ན། སྟོད་མངའ་རིས་སྐོར་གསུམ་གྱི་ས་བབས་དེ་བོད་མདོ་དབུས་ཁམས་གསུམ་དང་རྒྱང་ཐག་རིང་བས་མི་ཚད། སྟོད་མངའ་རིས་སྐོར་གསུམ་གྱི་གནས་ཚུལ་དེ་ང་རང་ཚོའི་ཚིག་མཛོད་དང་ལོ་རྒྱུས་ཡིག་ཚང་ནང་ནའང་རྙོག་འདུག་པས་རེད།

དང་པོ། ཚིག་མཛོད་ནང་གི་སྟོད་མངའ་རིས་སྐོར་གསུམ།

སྤྱིར་བརྡ་སྤྲོད་དང་བསྟུན་ན་ཚིག་མཛོད་ཟེར་བ་ལས་མིང་མཛོད་ཟེར་ན་འགྲིག་མོད། དེང་སང་མ་དག་རྒྱུན་འབྱམས་སུ་བོད་རྒྱ་ཚིག་མཛོད་ཆེན་མོ་ཟེར་ཏེ། དེའི་ནང་དུ། “སྟོད་མངའ་རིས་སྐོར་གསུམ་ནི། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང་། ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག འཆིམ་མམ་ལི་དང་། བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག་སྟེ་སྐོར་གསུམ།”  ཞེས་གསུངས་མོད། འདི་ཉིད་དུས་ཕྱིས་སུ་མཁས་པ་འཕྱུག་ན་འདོམས་གང་ཟེར་བའི་དཔེ་བརྗོད་ཙམ་དུ་སོང་བ་ལས། གནའ་བོའི་མངའ་རིས་སྐོར་གསུམ་དེ་མིན་པ་རིམ་གྱིས་ཞུ་ཆོག་མོད། འོན་ཀྱང་ཚིག་རིས་ཙམ་དེད་ནས་ཅུང་ཟད་དཔྱད་ན། སྤུ་ཧྲེང་ཞེས་པ་ནི་སྔར་པུ་ཧྲངས་སྟག་ལ་མཁར་ཞེས་པ་དེ་རང་རེད། དེང་སང་ཡང་མིང་མ་འགྱུར་བར་རྫོང་ཆགས་ཡོད། མང་ཡུལ་ཞེས་པ་ནི་མར་ཡུལ་ལ་ཡིག་ནོར་བྲིས་པས་དོན་གྱིས་ལ་དྭགས་ཡིན་དགོས། དེ་མིན་མང་ཡུལ་གུང་ཐང་དང་འཕྱུག་འགྲོ ཟངས་དཀར་ཞེས་པ་ནི་ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ་འཁྲུངས་ས་དེ་ཡིན་མོད། བོད་རྒྱ་ཚིག་མཛོད་ཆེན་མོར། 桑迦。阿里地区普兰县境一地区名。ཞེས་ཟངས་དཀར་ནི་སྤུ་ཧྲེང་རྫོང་ཁོངས་ཀྱི་ས་ཁུལ་ཞིག་གི་མིང་ཡིན་ཞེས་བརྗོད་པ་འགྲིག་མེད། རྒྱུ་མཚན་ནི་དེང་སང་ཡང་མིང་མ་འགྱུར་བར་རྒྱ་གར་མངའ་ཁོངས་ན་ཡོད་པས་མི་ཚད། ས་བབས་ཆེ་ཆུང་ནི་སྤུ་ཧྲེང་རྫོང་ལས་ལྡབ་འགྱུར་གྱིས་ཆེའོ། །དེ་ནས་ཞང་ཞུང་ཞེས་པ་ནི། སྔར་ཡུལ་དེའི་རྗེ་བོ་ནི་ཆོས་རྒྱལ་གྱི་གདུང་རྒྱུད་ལས་མཆེད་པས་བཙན་པོའི་གཉེན་དུ་གྱུར་བའི་རྒྱལ་ཕྲན་ཞིག་ཡིན་ཡང་། མཐར་བཙན་པོས་མངའ་ཁོངས་སུ་བཅུག གཡུང་དྲུང་བོན་ལུགས་ཐོག་མར་དར་ས་དང་གུ་གེའི་ཡུལ་འདི་ཉིད་ཡིན། ད་ལྟ་སྟོད་མངའ་རིས་རྩ་མདའ་རྫོང་གི་ཁོངས་སུ་ཡོད། ཁྲི་ཏེ་སྟོད་སྨད་ཞེས་པ་ནི། སྐད་འཕྲིན་བརྒྱུད་རྒན་དོན་གྲུབ་ལ་བཀའ་འདྲི་བྱས་པར། “ཞང་ཞུང་ཁྲི་ཏེ་སྟོད་སྨད་གཉིས་ལས། སྟོད་ནི། སྟོད་མངའ་རིས་སྐོར་གསུམ་གྱི་ས་ཆ་དག་ཚུད་པ་དང་། ཁྲི་ཏེ་སྨད་ནི། གུང་ཐང་མན་ཆད་ཀྱི་ཞང་ཞུང་སྨད་པའི་ས་ཆ་རྣམས་ལ་ཟེར། རྒྱ་སྐད་དུ་(上下羊同)ཞེས་འབོད་ཀྱིན་ཡོད། འོན་ཀྱང་མངའ་རིས་སྐོར་གསུམ་ཞེས་པ་ཕྱིས་ཀྱི་སྐད་རེད། ཞང་ཞུང་ཁྲི་ཏེ་སྟོད་སྨད་ཅེས་པ་དེ་ལས་སྔ་བའི་ཐ་སྙད་རེད།” ཅེས་གསུངས་པ་དང་། རྒན་པ་སངས་དབང་འདུས་ལགས་ལ་བཀའ་འདྲི་བྱས་པར། “མང་ཡུལ་ཞེས་པ་དེ་མར་ཡུལ་ཏེ་དེང་གི་ལ་དྭགས་ཡིན་དགོས། ལོ་ངོ་700 ཡས་མས་ནས་བོད་ཀྱི་ལོ་རྒྱུས་སྨྲ་བ་འགས་ཡིག་ནོར་དུ་བྲིས་འདུག ཟངས་དཀར་ནི་ལ་དྭགས་དང་ཉེ་བའི་ས་ཁུལ་ཞིག་སྟེ་དེང་སང་ཕལ་ཆེ་བ་རྒྱ་གར་ཁོངས་ཡིན། ཚིག་མཛོད་ནང་གི་ཁྲི་ཏེ་སྟོད་སྨད་ཟེར་བ་དེ་མ་དག ཕལ་ཆེར་སྤུ་རྒྱལ་དུས་ཀྱི་ཞང་ཞུང་ཁྲི་སྡེ་སྟོད་སྨད་ཟེར་བ་ལུང་འདྲེན་པ་འདྲ།” ཞེས་གསུངས། དེས་ན་ཞང་ཞུང་ཁྲི་སྡེ་སྟོད་སྨད་ཀྱི་སྟོང་སྡེ་བཅུ་ནི། “བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་སྟེ་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔ། བོད་དང་སུམ་པའི་མཚམས་ན་གུག་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དེ་སྟོང་བུ་ཆུང་སྟེ་ཞང་ཞུང་སྨད་ཀྱི་སྟོང་སྡེ་སྟེ་ཞང་ཞུང་གི་སྟོང་སྡེ་བཅུའོ། །” ཞེས་གསུངས་པ་འདི་ལ་དུང་དཀར་རིན་པོ་ཆེས་དོགས་སློང་མཛད་དེ། “སུམ་པའི་རུའི་ཁོངས་ཀྱི་རྒོད་ཚང་སྟོད་སྨད་གཉིས་དང་། ནགས་ཤོད་བཅས་ནི་བར་ཁམས་ས་ཁུལ་གྱི་ས་མིང་ཡིན་པས་སུམ་པའི་ས་གནས་དང་བོད་ཀྱི་བར་དུ་མངའ་རིས་སྟོད་ཀྱི་གུ་གེ་ཅོག་ལ་སོགས་ཡོད་མི་སྲིད། དེར་བརྟེན་ཁོ་བོའི་བསམ་པར། མཛད་པ་པོས་གསུངས་པ་ལྟར་བོད་དང་གྲུ་གུའི་མཚམས་ན་ཞང་ཞུང་སྟོད་རྒྱུད་ཀྱི་སྟོང་སྡེ་ཡོད་པ་དང་། བོད་དང་སུམ་པའི་མཚམས་སུ་ཞང་ཞུང་སྨད་ཀྱི་སྟོང་སྡེ་ཡོད་པ་ནི་ཞང་ཞུང་རྒྱལ་པོས་བོད་ལ་དབང་བསྒྱུར་བྱེད་སྐབས། མདོ་ཁམས་དབུས་གཙང་མངའ་རིས་བཅས་ལ་ཞང་ཞུང་སྒོ་བར་ཕུག་གསུམ་དུ་འབོད་པ་དང་མཐུན་པས་ས་མིང་འདྲེན་པ་གནང་སྐབས་ཞང་ཞུང་སྟོད་སྨད་གཉིས་ཀྱི་ས་ཆ་ཕན་ཚུན་ནོར་བ་འདྲ་སྙམ།” ཞེས་གསུངས་མོད། གེ་སར་སྒྲུང་དཔེ་སུམ་པ་མཛོ་རྫོང་དང་བསྟུན་ན་སུམ་པ་དེ་ཏག་ཏག་ཏུ་གྲུ་གུ་ལས་ཀྱང་ནུབ་ཕྱོགས་སུ་ཡོད་པ་ཞིག་རེད། དེས་ན་གནའ་བོའི་སུམ་པ་དེ་གུ་གེའི་ཕན་ཆད་ན་ཡོད་པ་དང་། སྲོང་བཙན་སྐབས་སུ་ཞང་ཞུང་བཟའ་ལུག་རྟུག་སྨན་གྱི་གཏམ་ཁ་ལྕེ་ལ་བསྟེན་ནས། སུམ་པ་ཡོངས་རྫོགས་རུ་སྤོར་ནས་དེང་སང་གི་འབྲི་རུ་ནགས་ཤོད་དང་ཚ་བ་མཛོ་སྒང་བར་དུ་གཞིས་ཆགས་པ་ཨེ་ཡིན་ནམ་ཡང་སྙམ། དེ་ནས་འཆིམ་མམ་ལི་ཞེས་པ་ནི། ལི་ཡུལ་ཏེ། “ཤིན་ཅང་ལྷོ་རྒྱུད་རི་བོ་ཁུ་ནུའི་བྱང་ཕྱོགས་དང་། ཐག་ལ་མ་གན་ཞེས་པའི་བྱེ་ཐང་ཆེན་པོའི་ལྷོ་ཕྱོགས་བར་མཚམས་ཀྱི་ཧོ་ཐོན་དང་། ཆེ་མོ། རྨིན་ཧྥེང་ནས་རུའོ་ཆང་གཏུགས་པའི་བར་བཅས་ཀྱི་ས་ཆ་སྤྱི་དང་། སྒོས་སུ་དེའི་ནང་གསེས་ཀྱི་ཧོ་ཐེན་དང་ཡུས་ཐེན་ཡུལ་གྲུ་གཉིས་ཀྱི་མིང་རྙིང་། སྔར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་མྱོང་བའི་ཡུལ་འཁོར་ཞིག ” ཞེས་གསུངས་པ་དང་། བྲུ་ཤ་ཞེས་པ་ནི། རྒྱ་ཡིག་གི་ལོ་རྒྱུས་སྟེང་དུ་布流沙、勃律ཞེས་བརྗོད་པ་དེ་ཡིན་ཞིང་། དེ་ནི་བོད་ཀྱི་བརྡ་རྙིང་གི་སྒྲ་བསྒྱུར་ཡིན་དགོས་ཏེ། “བུ་རུ་ཤ” ཞེས་འདོགས་ཅན་འཕྲལ་ནས་བཀླགས་ན་布流沙ཞེས་བསྒྱུར་བ་དང་། སྒྲ་གཞུང་དུ་“ཤ་ཥ་ཡར་སྦྱར་ས་ལྟར་ཀློག”ཅེས་“བུ་རུས”ཞེས་བཀླག་ན་勃律ཞེས་པ་རང་ཡིན། ལ་དྭགས་ཡས་མས་སུ་ཨ་མདོའི་སྐད་ཀྱི་བ་ཡིག་པ་ལྟར་ཀློག་པ་ནི་ལ་དྭགས་མཐིལ་གྱི་“བ་སྒོ” ལ་“པ་སྒོ” ཞེས་བརྗོད་པས་ཤེས། དེས་ན་བྲུ་ཤ་ནི་དེང་སང་“ཁཱ་ཧྲིའི་ལྷོ་ཕྱོགས་དང་། མངའ་རིས་བྱང་རྒྱུད་དེ། ཀསྨིར་དང་འདབས་འབྲེལ་ནས་ཡོད།” ཞེས་གསུངས། སྦལ་ཏི་ཞེས་པ་ནི། “འདི་《ལ་དྭགས་རྒྱལ་རབས》ཀྱི་ནང་མངའ་རིས་གུ་གེ་རྒྱལ་པོའི་ཁོངས་གཏོགས་ཀྱི་ས་ཆ་བགྲངས་སྐབས། སྦི་ཏི་ཟེར་བ་ཞིག་འདུག་པ་དེ་ཡིན་མིན་དཔྱད་པར་ཞུ།” ཞེས་དུང་དཀར་རིན་པོ་ཆེས་གསུངས་མོད། སྦལ་ཏི་དང་སྦི་ཏི་གཉིས་ཁ་ཁ་སོ་སོ་ཡིན་ཏེ། སྦལ་ཏི་ནི་དེང་སང་པཱ་ཀི་སི་ཐན་གྱི་མངའ་ཁོངས་ན་སེང་གེ་ཁ་འབབ་རྒྱུད་དུ་སྦལ་ཏི་སི་ཐན་ཞེས་པ་ཞིག་ཡོད་པ་དེ་ཡིན། ས་ཆ་དེའི་མི་རྒྱུད་རྫོགས་ནས་བོད་པ་རྣམས་མིག་རྐོང་ལ་ལྷུང་ཞིང་། རྣ་གཟེངས་མཐོན་པོར་སྐྱེས་ཏེ་ཨ་རབ་པ་ཇི་ལྟ་བ་བཞིན་དུ་སོང་ཚར། རྒྱུན་ལྡན་གྱི་ཅ་ལག་ཡོ་བྱད་དེ་དཔེར་ན་ཅོག་ཙེ་དང་། ཀ་ཏོ་ར་ལྟ་བུ་མ་གཏོགས་ཨ་རབ་སྐད་ཀྱི་ཐ་སྙད་མང་མོད། ལྐོག་ཏུ་གེ་སར་སྒྲུང་བཤད་པའང་ཡོད་ཅེས་ཞིབ་འཇུག་པ་ཡུལ་དངོས་སུ་སོང་བ་དག་གི་ངག་ལས་ཐོས། འོན་ཀྱང་སྦི་ཏི་ནི་དེང་སང་རྒྱ་གར་མངའ་ཁོངས་ཀྱི་གླང་ཆེན་ཁ་འབབ་དེའི་བྱང་ཕྱོགས་ན་ལྡན་མཁར་དགོན་ཡོད་ས་དེར་སྦི་ཏི་ཞེས་བརྗོད། ད་དུང་སྦི་ཏི་འདི་གུ་གེ་རྒྱལ་པོའི་ཁོངས་གཏོགས་མིན་ཏེ། ཟངས་དཀར་རྒྱལ་རྒྱུད་ཀྱི་མངའ་ཁོངས་ཡིན་ནོ། །

བོད་རྒྱ་ཚིག་མཛོད་ཆེན་མོར་ད་དུང་རྒྱ་གར་དུ་འབབ་པའི་ཆུ་བོ་ཆེན་པོ་བཞི་སྟེ། སྟོད་མངའ་རིས་ཀྱི་གངས་རིན་པོ་ཆེའི་ཁ་འབབ་བཞི་ཡི་མིང་བརྡ་འགྲེལ་ཚུལ་ཡང་འགྲིག་མེད། ཚིག་མཛོད་ནང་། “ཤར་ཕྱོགས་གླང་ཆེན་ཁ་ནས་གང་གཱ་འབབ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིདྷུ་འབབ། ནུབ་ཕྱོགས་རྟ་མཆོག་ཁ་ནས་པཀྵུ་འབབ། འདི་ལ་ཡར་ཀླུངས་གཙང་པོའང་ཟེར། བྱང་ཕྱོགས་སེང་གེའི་ཁ་ནས་སི་ཏཱ་འབབ།” ཅེས་བརྗོད་ཀྱང་། འདིའི་ཤར་ནུབ་གཉིས་ལ་གོ་འཛོལ་བྱུང་འདུག་སྟེ། གྱི་ན་པ་ཡུལ་དངོས་སུ་སོང་ནས་རྩད་གཅོད་བྱས་པས། ཤར་ཕྱོགས་དེ་རྟ་མཆོག་ཁ་འབབ་དང་། ནུབ་ཕྱོགས་དེ་གླང་ཆེན་ཁ་འབབ་ཡིན་པ་མིག་མཐོང་ལག་ཟིན་དུ་རིག དེས་ན་“ཤར་ཕྱོགས་རྟ་མཆོག་ཁ་ནས་གང་གཱ་འབབ། འདི་ལ་ཡར་ཀླུངས་གཙང་པོའང་ཟེར།”ཞེས་བཅོས་ན་འགྲིག གོ་འཛོལ་འདི་བོད་ཡིག་གི་གནའ་དཔེ་ལས་བྱུང་བ་ཡིན་ཀྱང་སྲིད། དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོའི་ཤོག་ངོས་339 སྟེང་གི་གང་གཱ་ཞེས་པའི་ཚིག་འགྲེལ་ཡང་འགྲིག་མེད་དེ། “གང་གཱ། [ལེགས] ཡ་གླིང་གི་ཆུ་བོ་ཆེན་པོ་ཞིག་ཡིན་པ་འདིའི་ཆུ་འགོ་ནི་རང་རྒྱལ་བོད་རང་སྐྱོང་ལྗོངས་ཀྱི་གླང་ཆེན་ཁ་འབབ་ཡིན་ཞིང་།”ཞེས་པའི་གླང་ཆེན་ཁ་འབབ་ནི་རྨ་བྱ་ཁ་འབབ་དང་རྟ་མཆོག་ཁ་འབབ་སོགས་ཡིན་ཞེས་བཅའ་དགོས། ཁོ་བོས་གེ་སར་རིག་པའི་སློབ་ཁྲིད་དུ་ཁ་འབབ་བཞི་ལ་སྡོམ་ཞིག་ཀྱང་བཀོད་ཡོད་དེ། ཤར་ཕྱོགས་རྟ་མཆོག་ཁ་ནས་གངྒ་འབབ། །རྟ་མཆོག་ཁ་འབབ་ཡར་ལུང་བརྒྱུད་ནས་འགྲོ །ལྷོ་ཕྱོགས་རྨ་བྱ་ཁ་ནས་སིདྷུ་འབབ། །རྨ་བྱ་ཁ་འབབ་པུ་ཧྲངས་བརྒྱུད་ནས་འགྲོ །ནུབ་ཕྱོགས་གླང་ཆེན་ཁ་ནས་པཀྵུ་འབབ། །གླང་ཆེན་ཁ་འབབ་གུ་གེ་བསྐོར་ནས་འགྲོ །བྱང་ཕྱོགས་སེང་གེ་ཁ་ནས་སི་ཏཱ་འབབ། །སེང་གེ་ཁ་འབབ་མཱ་ལ་ཡ་ནས་འགྲོ །ཞེས་ཀྱང་བྱའོ། །འདིའི་སེང་གེ་ཁ་འབབ་མཱ་ལ་ཡ་འགྲོ་བ་ནི་གེ་སར་སྒྲུང་གི་མཱ་ལ་ཡ་སྨན་རྫོང་ནང་བརྗོད་ཅིང་། གཞན་པའི་བྷེ་ར་ར་རྫོང་ནང་གི་རྟ་ཆུ་ནི་རྟ་མཆོག་ཁ་འབབ་ཡིན་པ་དང་། ཞང་ཞུང་མུ་ཏིག་རྫོང་ནང་གི་སེང་ཆུ་ནི་སེང་གེ་ཁ་འབབ་ཡིན།

གཉིས་པ། ལོ་རྒྱུས་ཡིག་ཚང་ནང་གི་སྟོད་མངའ་རིས་སྐོར་གསུམ།

དེས་ན་གོང་གི་ཚིག་མཛོད་ལ་ཡིད་རྟོན་མི་ནུས་ཏེ། ད་ནི་ལོ་རྒྱུས་ཡིག་ཚང་ལས་སྟོད་མངའ་རིས་སྐོར་གྱི་ཆེས་དཔེ་རྙིང་དུ་སོང་བ་《ལ་དྭགས་རྒྱལ་རབས》ལ་གཞི་འཛིན་དགོས། པར་གཞི་རིག་པའི་ཐད་ནས་བཤད་ནའང་། ཇི་ལྟར་དཔེ་རྙིང་ཡིན་ན་དེ་ལྟར་སྐབས་ཐོག་དེའི་དོན་དག་དངོས་ལ་ཐག་ཉེ་བའི་རྒྱུ་མཚན་གྱིས་རེད། ད་ནི་《ལ་དྭགས་རྒྱལ་རབས》ཀྱི་ནང་དུ་སྟོད་མངའ་རིས་སྐོར་གསུམ་ཞེས་པ་ཇི་ལྟར་གསུངས་ཡོད་ཅེ་ན། “དེ་ནས་༼སྐྱིད་ལྡེ་ཉི་མ་མགོན་གྱི་༽སྲས་གསུམ་ལ་མངའ་རིས་སོ་སོར་གནང་སྟེ། ཆེ་བ་དཔལ་གྱི་མགོན་ལ་མངའ་རིས་མར་ཡུལ། འབངས་གཞུ་ནག་ཅན། ཤར་རུ་ཐོག་དང་གསེར་ཁ་འགོག་ལད་ཀྱི་སྡེ་མཆོག་དཀར་པོ། མཚམས་ཀྱི་ར་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་ལ་མགོ་བར།(གཡག་༡༥ལྡེར) ནུབ་ཁ་ཆེའི་ལ་རྩ། རྡོ་བུག་པ་ཅན་ཡན་ཆད། བྱང་གསེར་ཁ་འགོག་པོ་(མགོན་པོ)ཚུན་ཆད་ཀྱི་ས་རྒྱ་ལ་གཏོགས་པ་རྣམས་ཡིན་ནོ། །བར་པ་བཀྲ་ཤིས་མགོན་ལ་གུ་གེ་(དང་)པུ་ཧྲངས། [ཡ་]རྩེ་དང་བཅས་པ་ལ་མངའ་མཛད། ཆུང་བ་ལྡེ་གཙུག་མགོན་ལ། ཟང་(ཟངས)དཀར་སྒོ་གསུམ། སྤི་ཏི། སྤི་ལྕོགས་དང་བཅས་པ་ལ་མངའ་མཛད།” ཞེས་གསུངས་པ་འདི་ཚེ་འདས་གུ་གེ་ཚེ་རིང་རྒྱལ་པོ་སོགས་མངའ་རིས་ལོ་རྒྱུས་ཆེད་མཁས་པ་རྣམས་ཀྱིས་ཁས་ལེན་པའི་ལུང་ཁུངས་གལ་ཆེན་ཞིག་ཡིན་པ་དང་། འདིའི་ནང་གི་མར་ཡུལ་ཞེས་པ་ནི་ལ་དྭགས་ས་ཆ་ཡིན་པ་དང་། མར་ཡུལ་ཟེར་དགོས་དོན་ཀྱང་ཧི་མ་ལ་ཡའི་རི་རྒྱུད་(喜马拉雅山脉)དང་ཁ་ལ་ཁུ་ནུ་རི་རྒྱུད།(喀喇昆仑山脉) ད་དུང་གངས་ཏི་སེའི་རི་རྒྱུད་(冈底斯山脉)དང་བཅས་པའི་ས་བབས་ལས་དམའ་ཤོས་སུ་འགྲོ་བས་ན་མར་ཡུལ་ཞེས་འབོད་སྙམ། དེས་ན་ལ་དྭགས་ཞེས་པར་ལ་འཐག་དང་། བླ་དྭགས་སོགས་སུ་འབོད་པ་དང་། ད་དུང་ལ་དྭགས་སྟོད་གཤམ་གཉིས་སུ་དབྱེ་བའི་རྒྱུ་མཚན་སོགས་ནི་སྐད་འཕྲིན་བརྒྱུད་ཨ་རུ་ན་བཞུགས་པའི་རྒན་འཇམ་དཔལ་ལགས་སུ་བཀའ་འདྲི་བྱས་པར། “ལ་དྭགས་ཀྱི་དག་ཆ་དངོས་མ་དེ་གང་ཡིན་མ་རྟོགས ༧པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱིས་ལ་འཐག་དང་། དགེ་ཆོས་ཀྱིས་བླ་དྭགས་ཞེས་བྲིས་ཡོད་པ་མཐོང་། ང་སྐྱེ་སའི་ལུང་པ་བ་སྒོ་ནས་ཤར་སྟོད་ཕྱོགས་སུ། ཨིན་སྐད་ཀྱི་མི་ལི།  རྒྱང་གྲགས་དྲུག་ཙམ་སྟོད་དུ་སོང་བ་ན། ལ་འཐག་ཅེས་པའི་ལ་ཞིག་ཡོད། གཤམ་ནས་སྟོད་དུ་སྐྱོད་པ་ན། ཡར་འཛེགས་དགོས་ཀྱང་། སྟོད་ནས་མར་སྐྱོདཔ་ན། ལ་མེད་པ་ལྟ་བུ་ཡོད་པས། ལ་འཐག་ཅེས་པ་དག་པ་ཡིན་ནམ། ས་གནས་དེ་ལ་དྭགས་ཀྱི་དཀྱིལ་ལྟ་བུ་ལགས། ལ་དེ་ནས་ཤར་ཕྱོགས་དེ་ལ་དྭགས་སྟོད་དང་། ནུབ་ཕྱོགས་དེ་ལ་ལ་དྭགས་གཤམ་ཟེར། དིང་སང་སྔོན་དུས་སུ། ལ་དྭགས་མ་ཡིན་པ་ཡུལ་ལུང་མང་པོ་ལ་ལ་དྭགས་ཟེར། དཔེར་ན། ཟངས་དཀར་སོགས་ཡིན། དིང་སང་རླངས་འཁོར་ཐོག་འགྲོ་འོང་བྱེད་པ་མ་གཏོགས། རྐང་པ་རྒྱག་མཁན་མེད་པ་ལྟ་བུའོ། །”  ཞེས་གསུངས། དེས་ན་གླེ་ནི་ལ་དྭགས་རྒྱལ་ས་སླེ་ཡིན། ཟངས་དཀར་ནི་ལ་དྭགས་དང་གུ་གེའི་དབར་དུ་ཆགས། ས་བབས་ཆེ་ཆུང་ནི་ལ་དྭགས་ལས་མི་ཆེ་ན་མི་ཆུང་། པུ་རངས་ནི་དེང་སང་ཡང་མིང་མ་འགྱུར་བར་མ་ཕམ་གཡུ་མཚོའི་ལྷོ་འདབས་སུ་ཆགས་པ་དེ་ཡིན། དེས་ན་སྐབས་འདིའི་སྐོར་གསུམ་ནི་ལོ་རྒྱུས་སྟེང་མངའ་རིས་སྐོར་གསུམ་ཞེས་པའི་བརྡ་ཆད་བྱུང་མ་ཐག་པའི་ས་བབས་བགོ་སྟངས་དེ་ཡིན་ནོ། །

དེ་ནས་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས། “དུས་རབས་བཅུ་བཞི་ནས་བཟུང་བརྩམས་པའི་དེབ་ཐེར་དུ་མའི་ནང་དུ་སྤུ་རང་དང་ཞང་ཞུང་མར་ཡུལ་གསུམ་མངའ་རིས་སྐོར་གསུམ་ཡིན་ཁུལ་དུ་བྲིས་འདུག་པ་དེ་ནི་མི་དག་ཅིང་། ལོ་རྒྱུས་ཀྱི་དོན་དངོས་དང་ཡེ་ནས་མི་མཐུན་པ་བོད་ལྗོངས་ནུབ་ཁུལ་མངའ་རིས་ལོ་རྒྱུས་ལ་དཔྱད་པ་ཕྲན་བུ་ཡོད་པ་ཚང་མས་མཁྱེན་གསལ་ལ་རི་བོང་ཅལ་འདྲོགས་བྱེད་དགོས་དོན་ག་ལ་མཆིས།”  ཞེས་གསུངས་པ་ནི་《ལྡེའུ་ཆོས་འབྱུང་》དང་།《རྒྱལ་རབས་གསལ་བའི་མེ་ལོང་》《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ལ་དམིགས་ཏེ་གསུངས་པ་འདྲ། དེ་བས་《འཁོར་ཆགས་ཇོ་བོའི་དཀར་ཆག》ནང། “ཡབ་ཆེན་སྐྱིད་ལྡེ་ཉི་མ་མགོན་གྱིས་རང་གི་མངའ་ཁོངས་ཀྱི་ཡུལ་ལུང་དག་ཁག་གསུམ་དུ་བགོ་བཤའ་བརྒྱབ་པ་སོགས་གནང་ནས། འཁྲུགས་རྩོད་ལངས་པའི་རྒྱུ་དང་རྐྱེན་གཏན་ནས་མེད་པ་བཟོས་ཡོད་ཅིང་། བུ་གསུམ་པོ་དེ་ལ་དྭགས་དང་། སྤུ་རང་། ཟངས་དཀར་བཅས་ཡུལ་ལུང་གསུམ་གྱི་རྒྱལ་པོ་གསུམ་ལ་གྱུར་ནས། ཁོང་གསུམ་གྱི་བདག་དབང་དུ་གྱུར་པའི་ཡུལ་ཁག་གསུམ་པོ་དེར་‘མངའ་རིས་སྐོར་གསུམ’དུ་འབོད་པའི་ཐ་སྙད་དེ་ཐོག་མར་བྱུང་ཞིང་། དེ་ནས་བཟུང་བོད་ཁ་བ་ཅན་གྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཐོག་‘སྟོད་མངའ་རིས་སྐོར་གསུམ’ཞེས་པའི་སྙན་དབྱངས་ཀྱི་འབྲུག་སྒྲ་དེ་ཐོག་མར་སྒྲོག་ཅིང་ཕྱོགས་མཚམས་ཀུན་དུའང་ཁྱབ་པ་ནི་གོང་དུ་བརྗོད་པ་བཞིན་ནོ། །”  ཞེས་གསུངས། འོ་ན་འདིའི་ལོ་ཚིགས་ནམ་ཞིག་ལ་འཁེལ་ཞེ་ན། བདེ་བར་གཤེགས་པ་ནོར་བྲང་ཨོ་རྒྱན་ལྟར་ན། “སྐྱིད་ལྡེ་ཉི་མ་མགོན་ནི་ཁེང་ལོག་གི་ཚོགས་པ་ཆེ་གེ་མོས་མངའ་རིས་སུ་རྒྱང་འབུད་བཏང་འདྲ་བས།་་་་་་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་སྤྱུགས་པར་བཞེད་པ་དེ་སྐབས་དེའི་ལོ་རྒྱུས་ངོ་མ་ཡིན་པར་ཁ་ཚོན་བཅད་ཆོག་་་་་་དེ་ནས་ར་ལའི་རྒྱུད་དུ་ཕེབས། ཁོང་ནི་སྤྱོད་ལམ་ལེགས་ཤིང་བློ་གྲོས་ཆེ་བས་ཁུལ་དེའི་མི་ཚོའི་བརྩི་བཀུར་ཐོབ་པ་དང་མངའ་ཐང་ཡང་གང་འཚམས་འཕེལ་རྒྱས་སོང་བས་རྟའི་ལོ(སྤྱི་ལོ་934ལོ)ལ་ར་ལ་ཁ་དམར་བརྩིགས་པ་དང་། དེའི་ཕྱི་ལོ་ཤིང་ལུག་སྤྱི་ལོ་935 རྩེ་ཐོ་རྒྱ་རི་བརྩིགས་ནས་དམ་ལག་གི་གཞུང་རྣམས་ལ་ཡུལ་དང་གྲོང་ཁྱེར་མང་པོ་གསར་དུ་འཛུགས་པའི་དགོངས་པ་བཞེས་ཤིང་།་་་་་་པུ་རངས་ཡུལ་དེའི་མི་རྣམས་ཟས་ཀྱིས་ཚིམས་པར་མཛད་པས་དབང་དུ་བསྡུས། དེ་ནས་དམག་ཤུགས་ལ་བརྟེན་ནས་གུ་གེ་ཡང་མངའ་འོག་ཏུ་བཅུག དེ་རྗེས་མར་ཡུལ་དུ་ཡང་འཇམ་རྩུབ་ཅི་རིགས་པ་ཕྱག་བསྟར་གྱིས་རྒྱལ་པོ་མཛད།་་་་་་དེ་རྗེས་ཅོག་རོ་བཟའ་ཟངས་ཁ་མ་ལ་སྲས་ཆེ་བ་དཔལ་གྱི་རིག་པ་མགོན་དང་། བར་པ་བཀྲ་ཤིས་ལྡེ་མགོན། ཆུང་བ་ལྡེ་གཙུག་མགོན་གསུམ་རིམ་པར་འཁྲུངས་པས་སྐུ་ན་སོན་རྗེས་ཡབ་ཀྱི་སྲས་གསུམ་པོར་མངའ་རིས་སྐོར་གསུམ་སོ་སོར་བགོ་བཤའ་གནང་།” ཞེས་པའི་བགོ་བཤའ་གནང་ཚུལ་ནི་གོང་གི་《ལ་དྭགས་རྒྱལ་རབས》ནང་འཁོད་པ་ལྟར་བཀོད་ཡོད་ཅིང་། “ས་ཆེན་རྒྱལ་རབས་དང་། མཁས་པའི་དགའ་སྟོན་ནང་གསལ་བ་དང་ཅུང་མི་མཐུན། ཞེས་ཀྱང་བཞེད།” འོ་ན་གོང་གི་ལུང་ཚིག་ཏུ་སྲས་གསུམ་པོ་རིམ་གྱིས་སྐུ་ན་སོན་རྗེས་ཞེས་པ་ལ་རིགས་འདེད་བྱས་ན། དེང་སང་འགྲོ་བ་མིའི་རིག་པའི་རྩི་སྲོལ་ལྟར་མི་རབས་གཅིག་གི་ཡུན་དེ་ཆེས་རིང་ནའང་མི་ལོ་ཉི་ཤུ་རྩ་ལྔ་ལ་བརྩི་བས། གོང་གི་སྤྱི་ལོ་ 935 ལོར་རྩེ་ཐོ་རི་བརྩིགས་པའི་ལོ་ཚིགས་སྟེང་མི་ལོ་25 བསྣན་ན། སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ས་བབས་བགོ་དུས་ཀྱི་ལོ་ཚིགས་དེ་སྤྱི་ལོ་960 ཡས་མས་སུ་འབབ་པ་ཤེས་གལ་ཆེའོ། །དེས་ན་སྟོད་མངའ་རིས་སྐོར་གསུམ་ཞེས་པའི་བརྡ་ཆད་འདི་བྱུང་མགོའང་དེ་ལས་མི་སྔ་ན་མི་འཕྱིའོ། །

དེས་ན་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས། མངའ་རིས་རྒྱལ་རྒྱུད་ནི་ལ་དྭགས་རྒྱལ་རྒྱུད། ཟངས་དཀར་རྒྱལ་རྒྱུད། སྤུ་རང་རྒྱལ་རྒྱུད་བཅས་གསུམ་འདྲེན་པ་དང་། སྤུ་རང་རྒྱལ་རྒྱུད་ལས་ཡ་རྩེ་རྒྱལ་རྒྱུད་དང་། གུ་གེའི་རྒྱལ་རྒྱུད་གཉིས་མཆེད་པ་བསྟན། ཡ་རྩེ་ནི་དེང་སང་བལ་པོའི་མངའ་ཁོངས་སུ་འཁེལ་བ་དང་། གུ་གེའི་རྒྱལ་ས་ནི་རྩ་རང་མཁར་དུ་ཡོད་པ་དེང་སང་ཡང་མཁར་ཤུལ་མཇལ་རྒྱུ་ཡོད།

《ལ་དྭགས་རྒྱལ་རབས》འདི་ཉིད་ཁུངས་བཙུན་པ་ནི་“ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་(1698——1755)ཀྱང་དྲངས་པའི་དཔེ་དེབ་ལས་ཆེ་བ་རིག་པ་མགོན་གྱིས་མར་ཡུལ་བྲུ་ཤའི་བར་དང་། འབྲིང་བ་བཀྲ་ཤིས་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོག་དང་ཟངས་དཀར་སྒོ་གསུམ་བཅས་བཟུང་ཞེས་ཁ་གསལ་གསུངས་འདུག་པས་དོགས་པའི་དྲྭ་རྒྱར་ཚུད་དགོས་པའི་རྒྱུ་མཚན་ག་ལ་མཆིས།” ཞེས་གསུངས་པ་ནང་བཞིན། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ཉིད་མངའ་རིས་ཡུལ་དངོས་སུ་ཕེབས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་《ལ་དྭགས་རྒྱལ་རབས》རང་དུའང་བཀོད་ཡོད་པས་ཕན་ཚུན་ཤེས་བྱེད་དུ་འགྲོ་སྙམ་སྟེ། “ཨ་ཁུ་བཀྲ་ཤིས་རྣམ་རྒྱལ་གྱིས་ཁ་ཆུལ་ཚོང་པ་དང་། ལ་དྭགས་མངའ་ཞབས་ཀྱི་མི་སེར་ལ་འཇམ་རྡུང་དབང་འཕྲོག་མཛད་ནས། ཚེ་དབང་རྣམ་རྒྱལ་དང་ཕུན་(ཚོགས་)གཉིས་རྒྱལ་སྲིད་མ་ཐུན་(མཐུན་)པར། ས་མཚམས་ཀྱི་རྒྱལ་པོ་འཁྲུགས་ནས། བོད་ལ་ཐ་དམག་འཐོན་པའི་རྒྱུ་ཞེས་གནས་ཚུལ་རྒྱལ་བ་རིན་པོ་ཆེན་ལ་ཞུས་པར། དེ་བཞིན་ཡིན་ཚེ། ནང་སྒྲིག་བྱེད་མི་བཀའ་རྒྱུད་པ་བླ་མ་སུ་ལ་བཀའ་བབ་ཡོད་པའི་དགོངས་གཅོད་མཛད་སྐབས། ཁམ་(ཁམས་)ནས་བཀའ་(ཀ་)ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ། བལ་ཡུལ་གྱི་མཆོད་རྟེན་ཆེན་པོའི་སྲོག་ཤིང་སྤོ་བར་ཕེབས་སྐབས་དང་། དུས་མཚུངས་རྒྱལ་བ་ཐམས་ཅད་མཁྱེན་པས་རིག་འཛིན་ཆེན་པོར་བཀའ་བཀོད་ཀྱིས། ལ་དྭགས་ཕྱི་སྒྲིག་ལ་ཁྱེད་ལ་ལས་བཀལ་(སྐལ་)ཡོད་པས། འགྲོ་དགོས། ཕེབས་༼ཞེས་བཀའ་ཕབ༽པར། དེ་བཞིན་རྒྱལ་བའི་བཀའ་ལ་མངོན་པར་བསྟོད་ནས། ལ་དྭགས་ལ་ཕེབས་པར་ཞལ་གྱིས་བཞེས། སྒར་དུ་ཕེབས། དེ་ནས་ལ་དྭགས་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་བློན་པོ་བཅས་གསུང་གྲོས་ཐོག གཟིམ་དཔོན་དུ་ཟངས་དཀར་གྲང་དཀར་བློན་པོ་ཡོད་པ་དེ་བཞིན། སྐྱབས་མགོན་རིག་འཛིན་ཆེན་པོར་ཕེབས་བསུས་སུ་ཕུལ། ལ་དྭགས་སྟོད་གཤམ་གྱི་གནས་ཚུལ་རྣམས་ཞུས། དེ་ནས་སྒར་དཔོན་གཉིས་ཀྱི་མི་སྣ་བཅས་ཝམ་ལེ་དགོན་དུ་ཕེབས། ལ་དྭགས་རྒྱལ་བློན་བཅས་ཞལ་འཛོམ་དང་བུ་རིག་རྒྱལ་བློན་རྣམས་རིམ་པར་ཕེབས། བྱ་ཁྲ་མཛད་པའི་དབུ་ཚུགས། དེ་ནས་སྐྱབས་མགོན་རིག་འཛིན་ཆེན་པོའི་བཀའ་དང་དམ་གནས། བྱ་ཁྲ་གཅོད་མཚམས་ནི། ལ་དྭགས་མཁར་ལ་རྒྱལ་སྲས་ཙམ་བལྟམ་ཡང་། ཆེ་བ་རྒྱལ་སྲིད་མཛད། དེ་རྗེས་རྣམས་དཔེ་ཐུབ་ཁྲི་རྩེ་སོགས་ལ་བླ་མ་མཛད་པ་མ་གཏོགས། རྒྱལ་པོ་གཉིས་མི་བཞུགས། ཟངས་དཀར་རྒྱལ་པོ་ནི་ཐ་མཚམས་སོང་གཤིས། རྒྱལ་པོ་སྔར་ལུགས་བཞིན་དང་། ཧེ་ནས་སྐུ་རྒྱལ་བརྒྱུད་དངོས་ཡིན་པ་དང་། རྒྱལ་པོ་སྲིད་ཆེད་མེད་པའི་རང་འཇག དེ་མིན་རྒྱལ་སྲིད་གཅིག་ལ་རྒྱལ་པོ་གཉིས་མི་དགོས་པ་མཛད།” ཅེས་གསུངས་པ་ལྟར། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ནི་བཀའ་རྒྱུད་བླ་མ་ཆེན་པོ་ཡིན་པས་གཏམ་གཟི་བོར་སྨྲ་བ་ལ་ཐེ་ཚོམ་སྐྱེ་མི་དགོས་པས་རྒྱལ་བ་རིན་པོ་ཆེས་བཀའི་བཀོད་པ་གནང་བ་ཡིན་ལ། ལ་དྭགས་པ་རྣམས་ཀྱིས་ཀྱང་ཐོག་མར་རིག་འཛིན་ཆེན་པོ་ཞེས་བརྗོད་ཀྱང་། ཕྱིས་སུ་སྐྱབས་མགོན་རིག་འཛིན་ཆེན་པོ་ཞེས་བཀུར་བ་ལས་ཤེས། ད་དུང་“ལ་དྭགས་སྟོད་གཤམ་གྱི་གནས་ཚུལ་རྣམས་ཞུས་”ཞེས་པ་ནི་ལ་དྭགས་ཧྲིལ་པོའི་ལོ་རྒྱུས་དང་གནས་བབས་ལ་ཟེར་བ་ཡིན་པས། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ་ནི་ཡུལ་དངོས་སུ་སོང་ནས་གནས་ཚུལ་ཕྲ་ཞིང་ཞིབ་པ་རྣམས་རྒྱུས་ལོན་བྱས་པ་ན། ད་གཟོད་ཁོང་གིས་ཐག་བཅད་པའི་“རྒྱལ་སྲིད་གཅིག་ལ་རྒྱལ་པོ་གཉིས་མི་དགོས་པ”དེ་ལ་དྭགས་པ་རྣམས་ཀྱིས་ཁས་ལེན་དང་བརྩི་སྲུང་བྱས་པ་ཡིན་ནོ་སྙམ།

འོན་ཀྱང་། དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་ནས། མངའ་རིས་སྐོར་གསུམ་ཞེས་པའི་བརྡ་ཆད་ལའང་འགྱུར་ལྡོག་རབས་དང་རིམ་པ་ཞིག་བྱུང་ཡོད་པ་ཁག་ཐག་ཏུ་སོང་བས། ད་ནི་བར་སྐབས་ཤིག་ལ་ལྷ་སའི་སྡེ་བ་གཞུང་གིས་སྟོད་མངའ་རིས་སྐོར་གསུམ་ལ་ཅིའི་ཕྱིར་སྟོད་མངའ་རིས་བསྐོར་གསུམ་ཞེས་བརྗོད་པ་དེ་ལའང་གཟིགས་འཚལ། དཔེར་ན་གུ་གེ་ཚེ་རིང་རྒྱལ་པོའི་མངའ་རིས་ཆོས་འབྱུང་ལྟར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་(1653——1705)སྐུ་རིང་ལ། ལ་དྭགས་རྒྱལ་རབས་ཉེར་གཉིས་པ་སེང་གེ་རྣམ་རྒྱལ་གྱི་བུ་གསུམ་གྱིས་མངའ་རིས་སྐོར་གསུམ་སྟེ་གུ་གེ་དང་། རུ་ཐོག སྤི་ཏི། ཟངས་དཀར། བུ་རིག ཧེམ་བབ། སྐར་རྡོ། ཤི་གར། བྷ་ལྡི་ཡུལ་ཐམས་ཅད་དབང་དུ་བསྡུས། དེ་བཞིན་ས་ཆ་དེ་ཚོ་ནས་བཅའ་དངོས་རིན་ཐང་བྲལ་བ་དང་ར་ལུག་སེམས་ཅན་སོགས་མང་དག་འཕྲོག་བཅོམ་བྱས་པའང་རྒྱལ་ས་སླེལ་ལ་དབོར། ས་གནས་ཁག་ཏུ་མི་ཚབ་བཞག་ནས་རྒྱུ་དངོས་མུ་མཐུད་བཅོམ་པ་མ་ཟད། གུ་གེ་དང་རུ་ཐོག་ནས་ཀྱང་དངུལ་དང་ལུག་སོགས་ཁྲལ་སྤྲད་དགོས་པའང་བྱུང་ནས་མི་ལོ་ལྔ་བཅུའི་རིང་ལ་མངའ་རིས་ཡོངས་སུ་དབང་བསྒྱུར་བྱས། ལྷག་དོན་དུ། དུས་རབས་བཅུ་བདུན་པའི་ལོ་རབས་བརྒྱད་ཅུའི་ནང་། ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་དང་དེའི་བུ་བདེ་ལྡན་རྣམ་རྒྱལ་སྨྱོ་ཧམ་ཇེ་ཆེར་ཕྱིན་ཏེ། ཆོས་ལུགས་གྲུབ་མཐའི་ངོས་ནས་འབྲུག་པ་བཀའ་བརྒྱུད་པའི་ཕྱོགས་སུ་ལངས་ཁུལ་བགྱིས་ཤིང་། དོན་དངོས་ཐོག་མངའ་ཁོངས་རྒྱ་སྐྱེད་གང་ཆེ་དང་རྒྱུ་དངོས་མང་ཙམ་བཅོམ་པའི་སླད་དུ། བོད་དབུས་གཙང་ཁུལ་གྱི་ཤེལ་དཀར་དང་ས་དགའ་ཕྱོགས་སུ་བཙན་འཛུལ་གྱི་འདྲེ་ལག་རྐྱང་འགོ་བཙུགས་སོ། །དེ་བས་རྒྱལ་དབང་ལྔ་བ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སོག་པོ་དཱ་ལེ་ཧན་མཉམ་འཛོམས་ཀྱིས་བཀའ་བསྡུར་གནང་སྟེ་ལ་དྭགས་ལ་རྒོལ་བརྡུངས་དྲག་པོ་དང་། མངའ་རིས་སྐོར་གསུམ་མངའ་འོག་ཏུ་བསྡུ་རྒྱུའི་གྲོས་ཐག་བཅད་དེ། ལ་དྭགས་རྒྱལ་པོ་དེ་བཙན་པོའི་གདུང་རྒྱུད་ཡིན་པའི་ཆ་ནས་བོད་དམག་སྔོན་དུ་མི་ཆས་པར། གུ་ཤྲཱིར་བསྟན་འཛིན་ཆོས་རྒྱལ་གྱི་བུ་དྲུག་པའི་བུ་དཱ་ལེ་པ་ཐེ་ཡི་བུ་༼ཡང་ཚ༽ “ཐུ་བོ”ཞེས་པ་དེ་གཙང་བཀྲ་ཤིས་ལྷུན་པོའི་ཆོས་གྲྭར་བཞུགས་བཞིན་པར་རབ་ཏུ་བྱུང་བའི་མཚན་ལ་དགའ་ལྡན་ཚེ་དབང་ཞེས་པ་དེ་སྐྱ་སར་ཕབ་ཏུ་བཅུག་ནས་དམག་དཔོན་དུ་བསྐོས། གནམ་མཚོའི་འགྲམ་བརྒྱུད་ནས་སོག་པོའི་རྟ་དམག་ཉིས་བརྒྱ་ལྔ་བཅུ་ཙམ་ཁྲིད་དེ་རབ་བྱུང་བཅུ་གཅིག་པའི་ལྕགས་བྱ་(སྤྱི་ལོ་1681)ལོར་མངའ་རིས་ཕྱོགས་སུ་དཔུང་འཇུག་བྱས། དམག་རྣམས་ས་དགའ་ནས་ཐོན་ཏེ་མཚོ་མ་ཕམ་དང་གངས་རིན་པོ་ཆེ་ལ་གནས་མཇལ་བྱས་མ་ཐག ལ་དྭགས་དམག་དཔོན་གྱིས་ར་ཚེ་ཟད་སྤྱང་ཀིའི་ཚང་སྒོར་སླེབས་ཞེས་སོག་དམག་ལ་ཕོ་ཉ་མངགས་ཏེ། ཐག་རིང་སོག་པོའི་དཔུང་དམག་སྟོད་ཡུལ་དུ་བཅར་བ་ནི་ཤི་ཆད་ཀྱི་རྒྱུ་ལས་ལྟ་ཅི། སོག་རྟ་དང་དྲག་ཆས་བསྐྱལ་བ་ནི་ལེགས། གལ་ཏེ་སྟེས་དབང་གིས་ཁྱེད་རང་ཚོ་རྒྱལ་ན་ལ་དྭགས་ཕོ་བྲང་གི་རྡོའི་སེང་གེར་རྟ་འདོགས་དབང་མཆིས་པ་དང་། ངེད་རྣམས་རྒྱལ་ན་བཞོན་རྟ་ལྷ་སའི་རྡོ་རིང་ལ་འདོགས་ཞེས་ཁ་ཕོ་འཐེན། དེ་ནས་གངས་སའི་ཐང་སྡེར་དུ་ལ་དྭགས་རྒྱལ་པོའི་དཔུང་དམག་དང་གཡུལ་བསྲེས་པ་ན། སོག་གྲི་གར་སོག་ཅེས་པའི་གྲི་རིང་དང་། སོག་པོའི་རྟ་ཐོག་ནས་མདའ་མོ་འཕེན་པའི་རྩལ་ལ་འགྲན་ཟླ་བྲལ་བས་ལ་དྭགས་དམག་རྣམས་ཕམ་ནས་ལྷོ་ནུབ་ཕྱོགས་གསུམ་དུ་བྲོས། སྤུ་རང་ལ་བྱོན་པར། རི་རོང་རྩུབ་ཅིང་འཕྲང་འགག་དོག་པས་སོག་པོའི་རྟ་དམག་གི་ནུས་པ་ཐོན་དཀའ་ཞིང་རྟའི་རྨིག་པར་གྲུམ་ཆག་ཤོར་བ་མང་བས་ལྷ་ས་ནས་ཡང་བསྐྱར་དཔུང་དམག་གཏོང་རེ་བྱས་པར། སྡེ་པ་གཞུང་གིས་དམག་དཔོན་པད་མ་རྒྱལ་པོ་(ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱི་ཡབ)དང་ཀོང་པོ་ཨ་བོ་བཀྲ་ཤིས་བཅས་ཀྱིས་གཙོས་པའི་བོད་པའི་དཔུང་དམག་ལྔ་བརྒྱ་ལྷག་ཙམ་མྱུར་མགྱོགས་ཀྱིས་ཐོན་པར་བྱས། དེ་ནས་བོད་སོག་དམག་དེ་རྩ་རང་ཕྱོགས་སུ་བསྐྱོད་དེ་སེང་གེ་ཁ་འབབ་རྒྱུད་ནས་ལ་དྭགས་དཔུང་དམག་དང་འཐབ་འཛིང་དྲག་པོ་བྱས་མཐར་ལ་དྭགས་དཔུང་དམག་ལས་ཤི་རྨས་ཐེབས་འཕྲོ་རྣམས་བདེ་མཆོག་བརྒྱུད་ནས་བྲོས། བོད་སོག་དམག་གིས་རྒྱལ་ཁའི་ངང་ལ་དྭགས་རྒྱལ་ས་སླེལ་ལ་ཐོན། ཕན་ཚུན་གཡུལ་བཤམས་པ་ན་ལ་དྭགས་ཕྱོགས་ལ་ཡང་ཕམ་ཉེས་ཆེན་པོ་བྱུང་། སོག་པོ་དགའ་ལྡན་ཚེ་དབང་དང་དཔོན་དམག་གཞན་དག་ཚང་མས་རྟ་ཐམས་ཅད་ཕོ་བྲང་སྒོ་འགྲམ་གྱི་རྡོའི་སེང་གེར་བཏགས། ལ་དྭགས་རྒྱལ་པོས་ཆོས་ལུགས་ཕྱི་པ་ཡིན་པའི་པ་ཇབ་རྒྱལ་ཕྲན་ལ་རྒྱབ་བརྟེན་བཅོལ་ཡང་། པ་ཇབ་དམག་གིས་ལམ་བར་དུ་ལྷོ་ཕྱོགས་ཀྱི་གྲྭ་ཤག་ནས་དགེ་འདུན་མང་པོ་བཀྲོངས་པ་དང་། ཁག་གཅིག་གསོན་པོར་བཟུང་ནས་པ་ཇབ་ཡུལ་ལ་བཙན་གྱིས་ཁྲིད་ནས་ཆོས་ཕྱི་པར་དད་པ་བྱེད་དུ་བཅུག་སྟེ་སླེལ་ལ་ཐོན་མོད། བོད་སོག་དམག་གིས་ཧྲིལ་གྱིས་བཅོམས་པས་ལ་དྭགས་སེར་སྐྱ་རྣམས་ཀྱང་བོད་སོག་དཔུང་དམག་ལ་མོས་པ་བྱུང། ད་ནི་ལ་དྭགས་རྒྱལ་པོས་རང་དབང་མེད་པར་མགོ་བཏགས་ཞུས་ཤིང་ཕྱག་ཕུལ་བས། དགའ་ལྡན་ཚེ་དབང་ནས་ཁོ་ཚོའི་སྲོག་ལ་ཉེས་པ་མེད་པར་བྱས་ཏེ་ཕྱིན་ཆད་རྒོལ་ལན་བསློག་རྒྱུ་མེད་པའི་འགན་ལེན་དང་བཅས་སྔར་གཞིར་རང་སོར་གནས་སུ་བཅུག་གོ །མདོར་ན་བོད་སོག་དམག་གིས་ལོ་གཉིས་རིང་དཀའ་བ་སྤྱད་མཐར། ལ་དྭགས་ཀྱི་དཔུང་དམག་སྔར་གུ་གེ་རྒྱལ་རྒྱུད་ཀྱི་མངའ་ཁོངས་ནས་མཐའ་གཅིག་ཏུ་ཕྱིར་སྤྱུགས་རྗེས། སྔར་གུ་གེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པ་ཡ་རྩེ་སོགས་ཕུད། དེ་མིན་གུ་གེའི་རྒྱལ་རྒྱུད་ཀྱི་དབང་བསྒྱུར་བྱ་ཡུལ་ཚང་མ་ཚུར་བླངས་ནས་བོད་སྡེ་པ་གཞུང་གི་དབང་འོག་ཏུ་བཅུག དགའ་ལྡན་ཚེ་དབང་ལྷ་ལྡན་དུ་ཕྱིར་ལོག་བྱེད་སྐབས། སྡེ་པ་གཞུང་གིས་ཁོང་ལ་གཟེངས་བསྟོད་བྱ་དགའི་ཚུལ་དུ་བར་སྐོར་བྱང་ཆུབ་བྱོན་ལམ་གྱི་ཤར་དུ། ཁོང་གཡུལ་ལས་རྣམ་པར་རྒྱལ་བའི་དྲན་རྟེན་དུ་དགའ་ལྡན་དར་ཆེན་བཙུགས་པ་དང་། བར་སྐོར་བྱང་ཕྱོགས་ཀྱི་དགའ་ལྡན་ཁང་གསར་ཞེས་པ་གསོལ་རས་གནང་། ད་དུང་སྡེ་སྲིད་དང་དགའ་ལྡན་ཚེ་དབང་གཉིས་ཀྱི་ཞལ་གསུང་དུ་སྤུ་རང་དང་། རྩ་རང་། རུ་རོག་གསུམ་གྱི་འཐབ་རར་གཡུལ་འགྱེད་བྱས་ཚུལ་གླེང་བ་སྡེ་པ་གཞུང་གི་གཞུང་ཡིག་ནང་སྤུ་ཧྲེང་དང་རྩྭ་ཧྲེང་། རུ་ཐོག་བཅས་བརྗོད་འགོ་དངོས་སུ་ཚུགས་མོད། མངའ་རིས་ཡུལ་སྐད་ལ་དེང་དུས་ཀྱང་ད་དུང་སྤུ་རང་དང་རྩ་རང་། རུ་རོག་བཅས་བརྗོད་ཀྱིན་ཡོད་སྐད། “དུས་དེ་ནས་བཟུང་། སྟོད་མངའ་རིས་བསྐོར་གསུམ་ཞེས་པ་ནི་རུ་ཐོག་མཚོ་ཡིས་བསྐོར་བ་དང་། གུ་གེ་གཡའ་ཡིས་བསྐོར་བ། སྤུ་ཧྲེང་གངས་ཀྱིས་བསྐོར་བ་བཅས་སྤུ་ཧྲེང་དང་རྩྭ་ཧྲེང་། རུ་ཐོག་གསུམ་ལས་ཚུད་མེད་པས་སྐབས་དེའི་མངའ་རིས་སྐོར་གསུམ་གྱི་ཁྱབ་ཁོངས་ནི། སྐྱིད་ལྡེ་ཉི་མ་མགོན་གྱི་བུ་གསུམ་གྱིས་དབང་བསྒྱུར་བྱེད་སྐབས་ཀྱི་མངའ་རིས་སྐོར་གསུམ་དང་བསྡུར་ཚེ་གཞི་རྒྱ་ཧ་ཅང་ཆུང་དུ་ཕྱིན་ཡོད། གང་ལགས་ཤེ་ན། ཡངས་ཤིང་རྒྱ་ཆེ་བའི་ལ་དྭགས་དང་ཟངས་དཀར། དཀར་དཀྱིལ། ཏོག ནག་ཁོ། བལ་ཏི། རྐང་ཕྲན། ཁུ་ནུ། གར་ཞ། ཉུང་ཏི། སྤི་ཏི། སྐྱོ་ནམ། ཤ་ཁོག གུ་རུམ། རྟ་མང་། དོལ་པོ། ཡ་རྩེ་བཅས་པ་ཚུད་མེད་པས་སོ། །དུས་རབས་བཅུ་བདུན་པའི་དུས་མཇུག་ཙམ་ནས་བྱུང་བའི་‘མངའ་རིས་བསྐོར་གསུམ’ཞེས་པ་དེ་ནི་རི་དང་མཚོ་དང་གངས་སོགས་ཀྱིས་མཐའ་བསྐོར་བའི་ཡུལ་ཁག་གསུམ་ཞེས་པ་ལས་དབང་བསྒྱུར་བྱ་ཡུལ་མངའ་ཁོངས་སྐོར་གསུམ་ཞེས་པ་མིན། དེས་ན་དེ་དང་དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་‘མངའ་རིས་སྐོར་གསུམ’གྱི་ཐ་སྙད་གཅིག་མཚུངས་ཡིན་ཡང་‘བསྐོར’ཞེས་པར་སྔོན་འཇུག་བ་ཡོད་མེད་ཀྱི་དབྱེ་ཁྱད་ཡོད་ལ་དེ་གཉིས་ཀྱི་དོན་དངོས་ཀྱི་གོ་དོན་དང་། གཞི་རྒྱ་ཁྱབ་ཆེ་ཆུང་དངོས་ལའང་དབྱེ་ཁྱད་ཤིན་ཏུ་ཆེན་པོ་ཡོད། མདོར་ན་དུས་རབས་བཅུ་བདུན་པའི་དུས་མཇུག་ནས་བཟུང། བོད་ཀྱི་གཞུང་ཡིག་དང་བཀའ་རྒྱ་སོགས་ཀྱི་ནང་བརྗོད་པའི་མངའ་རིས་བསྐོར་གསུམ་གྱི་ཁྱབ་ཁོངས་སུ་སྤུ་ཧྲེང་རྫོང་དང་། མདའ་བ་རྫོང་། རྩ་ཧྲེང་རྫོང་། རུ་ཐོག་རྫོང་བཅས་རྫོང་ཁག་བཞི་དང་ཟ་རང་རུ་དཔོན། ཆུ་མོ་རྟི་དཔོན། གནམ་རུ་དཔོན། གཙོད་ཚོ་དཔོན། འབྲོང་པ་དཔོན། རུ་ཐོག་དོ་གལ་ཆེ་དཔོན་བཅས་དཔོན་ཁག་དྲུག་ཚུད་པའི་སྒར་རྫོང་དྲུག་སྦྲེལ་ལམ་རྫོང་བཞི་དཔོན་དྲུག་ཅེས་པ་དེ་ཡིན་ཞིང་། དེའི་ཆབ་སྲིད་དང་འགྲིམ་འགྲུལ། དཔལ་འབྱོར། དམག་དོན་སོགས་ཀྱི་ལྟེ་གནས་ནི་སྒར་དབྱར་ས་དང་དགུན་ས་ཞེས་པ་དེའོ། །དེ་ཡང་སྟོད་མངའ་རིས་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་ཡིན་པས་གལ་འགངས་ཤིན་ཏུ་ཆེ་བའི་གནས་ཤིག་ཡིན་སྟབས་སྒར་དཔོན་ལ་ཕྱིའི་རིམ་བཞིའི་གོ་གནས་ཡོད་པ་ནི་ཕར་འགྲོ་དུས་སྙེ་ཐང་ལྷ་ཆེན་མོ་ཡོལ་བ་དང་རིམ་བཞིའི་དབང་ཆ་སྤྱོད་པའི་ཐོབ་ཐང་ཡོད་པ་བཅས་སོ། །” ཞེས་གསུངས་པ་ལས་རིམ་བཞིའི་དབང་ཆ་ནི་སྔར་མི་དྲག་གི་གོ་གནས་ཤིག་ཡིན་པ་དང་རྒྱ་ནག་གི་(四品)ཞེས་པ་དང་འདྲ། དེ་མིན་གོང་གི་ལོ་རྒྱུས་དང་ས་བབས་ཀྱི་དཔྱད་པ་དག་ནི་མངའ་རིས་པ་ཞིག་གིས་མངའ་རིས་རང་གི་ལོ་རྒྱུས་ལ་གཞན་དྲིང་མི་འཇོག་པའི་དཔེ་ཀློག་དང་ཞིབ་ཆ་མངའ་བའི་གསུང་ཤ་སྟག་ཡིན་ནོ་སྙམ། ད་དུང་སྡེ་བ་གཞུང་གིས་ཅིའི་ཕྱིར་རུ་ཐོག་མཚོ་ཡིས་བསྐོར་བ་དང་། གུ་གེ་གཡའ་ཡིས་བསྐོར་བ། སྤུ་ཧྲེང་གངས་ཀྱིས་བསྐོར་བ་ལ་མངའ་རིས་བསྐོར་གསུམ་ཞེས་ཐ་སྙད་གསར་བ་བཟོ་དགོས་ཞེ་ན། དེ་ནི་ལྷ་ཐོ་ཐོ་རི་གཉན་བཙན་ཡར་སྔོན་གྱི་མི་ལོ་660 རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པ་ལས་ཆབ་སྲིད་སྒྲུང་གིས་བསྐྱངས་པའི་རྣམ་པ་དང་འདྲ་སེ་འདུག་སྙམ་པ་ནི། མང་མང་གིས་འདི་སྙམ་དུ་སེམས་ཏེ། སྡེ་བ་གཞུང་ནི་བྱས་རྗེས་ཆེའོ། །གནའ་བོའི་མངའ་རིས་སྐོར་གསུམ་ཞེས་པའི་བཙན་པོའི་རྒྱལ་རྒྱུད་དེ་དག་ཀྱང་དེང་སང་སླར་ཡང་སྡེ་བ་གཞུང་གི་མངའ་འོག་ཏུ་བསྡུས་སོ་ཞེས་མི་སྙམ་པའི་ངེས་པ་མེད་དོ། །དཔེར་ན་རྒྱལ་དབང་ལྔ་པ་ཆེན་མོ་(1617——1682)ཡིས། “ཉི་མ་མགོན་གྱིས་མངའ་རིས་སུ་བྱོན་ཏེ་ཆབ་སྲིད་བཟུང་། སྲས་གསུམ་བྱུང་བའི་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་རངས་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་།” ཞེས་ལ་དྭགས་རྒྱལ་རབས་དང་རྦད་དེ་ཁ་མི་མཚུངས་པ་འདི་གོང་དུ་བཤད་པའི་སྤུ་རང་དང་ཞང་ཞུང་མར་ཡུལ་གསུམ་མངའ་རིས་སྐོར་གསུམ་ཡིན་ཁུལ་དུ་བྲིས་འདུག་པའི་《ལྡེའུ་ཆོས་འབྱུང་》དང་།《རྒྱལ་རབས་གསལ་བའི་མེ་ལོང་》《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ཀྱི་བྲིས་རྒྱུན་ཡིན་ལ། མི་གཅིག་ས་ནི་སྐབས་འདིར་མར་ཡུལ་དེའང་མང་ཡུལ་དུ་བཅོས་འདུག དེས་ན་བཤད་རྒྱུན་འདི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་དགའ་ལྡན་ཚེ་དབང་གཉིས་ཀྱིས་སྟོད་མངའ་རིས་བསྐོར་གསུམ་ཞེས་པའི་ཐ་སྙད་གསར་བཟོ་དང་ཕལ་ཆེ་འདྲ་ལ། མི་འདྲ་ས་ནི་རུ་ཐོག་མཚོ་ཡིས་བསྐོར་ཞེས་པ་དེའི་ཚབ་ཏུ་མང་ཡུལ་བཞག་འདུག དོན་གྱིས་མང་ཡུལ་འདི་མར་ཡུལ་ཡིན་དགོས་མོད། འདི་ནི་ཡི་གེ་ལ་བྲིས་ནོར་ཤོར་བ་ལྟ་བུའི་ཚིག་སྐྱོན་ཞིག་ག་ལ་ཡིན་ཏེ། སྟོད་ལ་དྭགས་དང་ཟངས་དཀར་གྱི་རྒྱལ་ཁམས་ཆེན་མོ་དེ་མངའ་རིས་སྐོར་གསུམ་ནང་མི་ཐེ་བ་ལྟ་བུ་ཞིག་བཟོས་པའི་དོན་གྱི་གླན་ག་ཞིག་མ་ཡིན་ནམ་སྙམ། ཡང་དཔེར་ན་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་(1697——1763)གྱིས། “གཞན་ཡང་བསིལ་ལྗོངས་ཀྱི་བཙད་པོ་གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས། སའི་ལེགས་དྲུག ལྡེ་བརྒྱད། བཙན་ལྔ་སོགས་རིགས་གསུམ་སྒྱུ་འཕྲུལ་ཟམ་མི་ཆད་པར་བྱོན་པ་བོད་རྗེའི་གདུང་རབས་དྲི་མ་མེད་པ་དེ་ཡང་ལ་ཐཊ་ཀྱི་རྗེ་བློན་དང་འཁོན་པར་གྱུར་པའི་དབང་གིས་ཡབ་མེས་རྣམས་མ་རུང་བར་བྱས་ཟིན་ཀྱང་། རིགས་ཀྱི་བུ་ཐུ་བོ་བློ་བཟང་པདྨ་བོད་ལྗོངས་ཕན་བདེའི་རྩ་ལག་ཏུ་ཉེ་བར་གསལ་བའི་སླད་དུ་དབུགས་དབྱུང་གཟེངས་བསྟོད་ཀྱི་སྒོ་ནས་མི་ཁྱིམ་སྟོང་ལྷག་ལ་རང་གིར་སྤྱོད་པའི་རྗེ་བོར་མངའ་གསོལ་ཏེ་ཡུལ་བསྐོར་གསུམ་གྱི་ཕྱོགས་དེར་རྒོལ་བའི་སྡེ་ཆེན་པོ་ནི་ཚར་བཅད། ལོག་པའི་གཡང་སར་འཕྱན་པ་ལས་ལྡོག་ནས་ལེཊ་པའི་ལམ་བཟང་པོར་ནི་བཀོད། དྲི་མ་མེད་པའི་བསྟན་པ་ལ་བྱ་བ་ནི་བྱས། བརྣག་པར་དཀའ་བའི་མྱ་ངན་གྱི་ཚོར་བ་ཉམས་སུ་མྱོང་བའི་སྐྱེ་རྒུ་རྣམས་ཕན་བདེའི་དགའ་སྟོན་ལ་ནི་སྦྱར། དེ་ལྟར་འཕྲལ་དང་ཡུན་གྱི་དགེ་མཚན་མ་ལུས་པ་མངོན་པར་གསལ་བར་བྱས་སོ། །” ཞེས་གསུངས་པ་ལས་ལ་ཐཊ་ཞེས་པ་ནི་ལ་དྭགས་རང་ཡིན་ལ། རིགས་ཀྱི་བུ་ཐུ་བོ་ཞེས་པ་དགའ་ལྡན་ཚེ་དབང་ཡིན་སྙམ། ད་དུང་བསྐོར་གསུམ་གྱི་ཡུལ་ཞེས་བརྗོད་པ་ནི་བསམ་བཞིན་དུ་གནའ་བོའི་བརྡ་ཆད་མངའ་རིས་སྐོར་གསུམ་ཞེས་པ་ཡིན་ཁུལ་གྱིས་བསྒྲགས་པ་དེ་རེད། ད་དུང་དཔེར་ན། “བསྐོར་གསུམ་གྱི་ཡུལ་འཁོར་མངའ་རིས་དང་བཅས་པ་རང་ཉིད་ཀྱི་དཔུང་ཤེད་ཀྱིས་བཟུང་བ་ཡང་དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བའི་ལྷ་འབངས་སུ་ཕུལ།” ཞེས་པ་ལས་ལ་དྭགས་ཀྱི་ཡུལ་ཁམས་མི་ཟེར་བར། བསྐོར་གསུམ་གྱི་ཡུལ་འཁོར་མངའ་རིས་དང་བཅས་པ་ཟེར་དགོས་དོན་ནི་སླར་ཡང་གནའ་བོའི་བརྡ་ཆད་མངའ་རིས་སྐོར་གསུམ་ཞེས་པ་ཡིན་ཁུལ་གྱིས་བསྒྲགས་ཡོད། ལྷག་པར་དུ་དུས་ཕྱིས་ཀྱི་རྡོ་རིང་བསྟན་འཛིན་དཔལ་འབྱོར་(1760——1864)ལྟར་ན། “བོད་ཀྱི་ཡིག་ཚང་ཆོས་འབྱུང་སོགས་སྔོན་བྱོན་མཁས་པའི་བཞེད་སྲོལ་ཁུངས་དག་དུ་མའི་ནང་དུའང་། རུ་ཐོག་གངས་ཀྱིས་སྐོར། སྤུ་ཧྲེང་ནགས་ཀྱིས་སྐོར། གུ་གེ་གཡའ་ཡིས་སྐོར་བས་སྟོད་ཀྱི་སྐོར་གསུམ།” ཞེས་བརྗོད་པ་ལས། ཐ་ན་སྟོད་མངའ་རིས་སྐོར་གསུམ་གྱི་སྐོར་ཡིག་ལ་སྔོན་འཇུག་བ་ཙམ་ཡང་མི་འཇོག་པར། ཐད་ཀར་དུ་སྔོན་བྱོན་མཁས་པའི་བཞེད་སྲོལ་ཁུངས་དག་ཡིན་ཞེས་ལབ་པ་ནི། མི་རིགས་ཤིག་གི་ལོ་རྒྱུས་ཀྱི་བརྡ་ཆད་དེ་སྐབས་ཐོག་གི་དགོས་མཁོ་ལྟར་གསར་དུ་བཅའ་འདོད་དང་། ས་བོན་སྔ་མ་ཞིག་མི་ཐོག་འདིའི་སྟེང་དུ་འབྲས་བུ་སྨིན་ཏེ། གནའ་བོའི་ཆབ་སྲིད་དང་འབྲེལ་བའི་བརྡ་ཆད་ཅིག་གི་གོ་དོན་ལ་ཆག་གྲུམ་ཤོར་བ་མ་ཡིན་ནམ་ཞུའོ། །

གོང་གི་ལ་དྭགས་ཀྱིས་གུ་གེར་དམག་བརྒྱབ་པ་ལ་སྡེ་བ་གཞུང་གི་བཤད་ཚུལ་དེ་དང་། 《ལ་དྭགས་རྒྱལ་རབས》ཀྱི་བཤད་ཚུལ། ད་དུང་དུས་ཕྱིས་ཀྱི་ཚན་རིག་པས་རྟོག་ཞིབ་བྱས་འབྲས་སོགས་ཕན་ཚུན་ཅུང་ཟད་མི་འདྲ་མོད། ལ་ལ་ཞིག་ཕན་ཚུན་ཁ་གསབ་ཏུའང་འགྲོ་སྙམ། ཅིའི་ཕྱིར་ཅེ་ན། 《ལ་དྭགས་རྒྱལ་རབས》སུ། རྒྱལ་པོ་སེང་གེ་རྣམ་རྒྱལ་“སྐུ་ན་གཞོན་ནུ་ལ། གུ་གེ་ཕྱི་འབྲོག་ལ་དམག་མཛད་ནས། ཏི་སིའི་བྱང་རྒྱབ་ཚུན་ཆོད་ལ་བརྒྱབ། རྟ་གཡག ར། ལུག་ལ་སོགས་པ་ས་གཞི་བཀང་ནས་ཁྱོངས། དེའི་རྟིང་གུ་གེ་ནང་ལ་དམག་མཛད་ནས། ཤ་ཝང་དང་། ཞ་ཡེ(ཞ་ཡས)གཉིས་(དེ་)མར་ཇག་ལ་བཏང་ནས། ལ་དྭགས་ཐམས་ཅད་གཡག་ལུག་གིས་ཁེངས། རུ་ཤོད་བདག་མོ་སྐལ་བཟང་སྒྲོལ་མ་རྒྱལ་མོ་ཁབ་ཏུ་བཞེས།” ཞེས་པ་ནི་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་གུ་གེ་ཕྱི་ནང་གཉིས་ཀ་ཕམ་པར་བརྒྱབ་པ་དང་།  “གུ་གེ་ལ་དམག་བརྒྱབ་ནས། ཇོ་བོ་བདག་པོ་ཕབ་ནས། གུ་གེ་རྩ་བྲང་(ཧྲངས་)དང་ལོས་ལོང་ཕྱག་ཏུ་བཞེས། རུ་ཐོག་གི་ཨང་པ་ཡང་ཕབ་ནས། རུ་ཐོག་ཡང་ཕྱག་ཏུ་བཞེས། དབུས་གཙང་ལ་དམག་མཛད་ནས། ཤི་རི་དང་ཀྱར་ཀྱར་སྨར་ཆག་ལ་བཏང་ནས། དབུས་གཙང་གི་རྒྱལ་པོ་སྡེ་པ་གཙང་པས་གསེར་དངུལ་ཇ་སོགས་པ་དྲེའུའི་སྒལ་མང་པོ་ཕུལ་བ་ལ། ཐུགས་མགུ་ནས་ལ་དྭགས་ཀྱི་དམག་དང་བཅས་ཕྱིར་ཕེབས་ཀྱི། ལྷོ་མོ་སྡང་(ལྷོ་མོན་ཐང་)[གློ་སྨན་ཐང་]མངའ་འོག་ཏུ་བཅུག བུ་རང་(པུ་ཧྲངས་)གུ་གེ་ཟངས་དཀར་སྤྱི་ཏི་བུ་རིག་ཡན་ཆོད། ཤར་གྱི་མར་ཡུམ་ལ་མན་ཆོད། རུ་ཐོག་དང་གསེར་ཁ་ཕན་ཆོད་མངའ་འོག་ཏུ་བསྡུས་ནས། ལ་དྭགས་དར་ཞིང་རྒྱས་པ་ཡིན།” ཞེས་པ་ལས་གོང་གི་ལ་དྭགས་ཀྱིས་གུ་གེར་དམག་རྒྱག་དུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རིང་མིན་པ་དང་། དེ་སྔོན་གྱི་གཙང་པ་རྒྱལ་པོའི་རིང་ཡིན་པ་ཤེས་ཐུབ། དེ་ནས་《ལ་དྭགས་རྒྱལ་རབས》སུ་མུ་མཐུད་དུ་རྒྱལ་པོ་སེང་གེ་རྣམ་རྒྱལ་“དེའི་སྲས་བདེ་ལེགས་རྣམ་རྒྱལ་རྒྱལ་སར་ཕེབས། དེ་སྐབས་སུ། ལྷོ་འབྲུག་པ་དང་བོད་འཁྲུགས་པར། ལྷོ་འབྲུག་ལ་དྭགས་རྒྱལ་པོའི་དབུ་ལྷ་(བླ་)ཡིན་པར། དེའི་རྒྱབ་ཙ(རྩ་)བྱ་བར་བོད་ལ་ཡི་གེ་བཏང་པས། བོད་པས་རྟོག་དཔྱོད་བྱས་པར། རྒྱལ་པོ་དེའི་དཔུང་སྔོན་དུ་འདིར་འབྱུང་ན། མིང་དང་མཐུན་པར། སྡེ་བརླགས་འགྲོ་བས། དེས་ཀྱང་སྔོན་དུ་དམག་སྟེགས་(བཏེགས་)དགོས་ཀྱི་གྲོས་འཆམས། སོག་པོ་དགའ་ལྡན་གྱི་གྲ་[གྲྭ]པ། མིང་ལ་ཚེ་དབང་ཟེར་བ་དེ། རྩིས་སུ་བབ[བབས]། གྲ་[གྲྭ]ལོག་བྱས་ནས། སོག་པོའི་རིགས་དང་། དམག་རྡོས་[གདོས]ཆེ་བ་བཅས་ཡོང་པའི། ཐོག་མར་ཞྭ་དམར་ལྡིང་དུ་འཐབ་པའི། རིམ་པ་བཞིན་སོག་དམག་པ་སྒོ་ཐུག་བསླེབས། དེ་སྐབས། རྒྱལ་པོ་གཏིང་སྒང་མཁར་དུ་བཞུགས། ལ་དྭགས་དམག་དཔོན་འདེད་དམག་ཁ་ཤས་བ་མགོའི་(སྒོའི་)མཁར་བཟུང་། ལོ་ངོ་གསུམ་འཐབ་ཀྱང་། སོག་དམག་མ་ལོག་པར། ལ་དྭགས་རྒྱལ་པོ་ཡིས་ཁ་ཆུལ་ན་ཝཱབ་ལ་ཕོ་ཉ་བཏང་པར། དེ་ནས་དཔུང་དམག་གཡོར་[གཡེར]ཆེ་བ་ཐོན་ནས། བ་མགོའི་(སྒོའི་)བྱ་རྒྱལ་ཐང་དུ་འཐབ་པས། བོད་དམག་རྣམས་ཤོར། ཁྲབ་དང་མདའ་གཞུ་མང་པོ་ལུས། དཔེ་ཐུབ་ཐུག་རིམ་གྱིས་བཅག་པས། སོག་དམག་རྣམས་ཤོར་ནས། བཀྲ་ཤིས་སྒང་དུ་སླེབས། དེར་མཁར་བཅས། མཐའ་ལྕགས་རི་བཅས། ཆུ་ཡིས་མཐའ་ནས་བསྐོར། ནང་དུ་དམག་གིས་མི་ཚུགས་པར་བྱས་དེར་བསྡད། དེ་ནས་ལ་དྭགས་རྒྱལ་པོ་དཔུང་དང་བཅས་པའི། ད་དུང་དམག་འབྱུང་བའི་དོགས་པའི། སྡེ་པ་གཞུང་ནས་འབྲུག་པ་མི་ཕམ་དབང་པོ་ལ། བཟང་སྒྲིག་པར་ཕེབས་དགོས་པའི་བཀའ་བཞིན། འབྲུག་པ་ཐམས་ཅད་མཁྱེན་པ་གཏིང་སྒང་ཐུག་ཕེབས། དེ་མཉམ། གཞན་ཡང་བོད་པའི་ཕོ་ཉ་སོགས་བྱུང་ནས། ལ་དྭགས་རྒྱལ་པོ་ཡབ་མེས་རྣམས་ཀྱི་དབུ་བླ་རྩ་བའི་བླ་མ་སྐྱོད་ཤེས། ཁོང་གཉིས་ཀ་ཅི་གསུངས་གྱེན་ཟློག་མ་མཛད་པ། ཐོག་མར་ཉི་མ་མགོན་གྱི་སྲས་སོ་སོ་ལ་ཡུལ་ཁང་གནང་བ་ལྟར། ཆ་བཞག བོད་ནང་པ་དང་། ཁ་ཆུལ་ཕྱི་པ་སོགས་ནི། ཕྱི་ནང་གི་ཆོས་ལུགས་སོ་སོར། དགྲ་ཡིན་པས། ས་མཚམས་སུ་ལ་དྭགས་རྒྱལ་པོ་མ་བདེ་ན། བོད་མི་བདེ་བ། བོད་པའི་ཡིད་ལ་དགོངས་ནས་ད་བར་ཅི་ལྟར་སོང་ཀྱང་[ཡང་]། ཐལ་ཚར། རྗེས་སུ་ཕྱི་ནང་གི་ས་མཚམས་སྲུང་བར། རྒྱལ་པོ་རང་གིས་གན་(འགན་)ལེན་མཛད་དེ། སངས་རྒྱས་ཀྱི་བསྟན་པ་ལ་དགོངས་ནས། མཐའ་དམག་མི་འཐེན་པའི་ཐབས་སུ་(བྱེད་དགོས)། ཁ་ཆུལ་དགོས་བྱེད། མངའ་རིས་སྐོར་གསུམ་གྱི་ལེ་ན་སོགས། ཡུལ་གཞན་ལ་འཚོང་མི་ཆོག་པ་དང་། ལེ་རིན་ཡང་ཆེ་རལ་ཉག་བརྒྱད་ཅུ་ལ་དངུལ་མར་ཟོག་གཉིས་རེ་གཏང་རྒྱུ་དང་། ལེ་རིན་ཆེ་རལ་ཉག་རབ་ལ་རིན་དངུལ་གཅིག་རེ་གཏང་རྒྱུ། ཏོང་(རོང་)བའི་ཉག་ལ་བྱང་པས་འཆང་མི་ཆོག བྱང་པའི་ལེ་ན་(ལ་)ས་རྡོ་ཆུ་སོགས་འདུག་ཟེར་ལོ་མེད་པ་དང་། རུ་ཐོག་རང་ལ་མཁར་འཚོང་པ་མ་གཏོགས། འགྲོ་མི་ཆོག་པ་བྱས། ལེ་ན་རྣམས། ཁ་ཆེ་(ཚོ་)འཚོང་པ་མི་བཞི་དཔེ་ཐུབ་ཏུ་བསྡད་ནས། ཀ་(ཤི་)མིར་ཁ་ཆེ་དང་མཉམ་འཚོང་བྱས། ཁ་ཆུལ་འགྲོ་རྒྱུ་བྱ་བ་མ་གཏོགས། ཁ་ཆུལ་བྱང་ཐང་ལ་འགྲོ་མི་ཆོག བྱང་ཐང་འགྲོ་བའི་ལ་དྭགས་ཁ་ཆེ་ཡིས། ཁ་ཆུལ་ལ་རང་ལེ་ན་འཁུར་ཏེ། འགྲོ་མི་ཆོག མངའ་རིས་སྐོར་གསུམ་བཞིན། མི་ཕམ་དབང་པོའི་བཀའ་ལས། ལྷ་སར་མཆོད་མེ་དང་སྨོན་ལམ་མཐུན་རྐྱེན་སྦྱར་ན། མིན་སེར་(སྨོན་ཚེར་)[མོན་སེར]གངས་མཚོ་ལ། ལ་དྭགས་པས་དཀར་མེ་ཚོགས་མཆོད་འབུལ་རྒྱུ་དང་། ས་ཕུད་དུ་རྒྱལ་པོ་རང་གིས་བདག་མཛད། དེ་མིན་པར། མཚམས་བདེ་མཆོག་ལྷ་རི་ཆུ་ནས་བྱས། བོད་ནས་གཞུང་འཚོང་ཁལ་མ་ཉིས་བརྒྱའི་ཇ་དང་བཅས་ཡོང་རྒྱུ་དང་། ཇ་བག་གྲུ་བཞི་འདི་ལ་དྭགས་ལ་མ་གཏོགས། གཞན་ལ་གཏོང་མི་ཆོག གཞུང་འཚོང་ལོ་ལྟར་མ་ཡོང་ཚེ། སྔོན་གྱི་ཆད་དོན་ལ་མི་གནས་པ་བྱས། ལ་དྭགས་རྒྱལ་པོ་བོད་དུ་ལོ་ཕྱག་སྐྱབས་འཇུག་ཕུལ་རྒྱུ། ལ་དྭགས་ནས་བོད་ལ་རྟེན་དང་བཅས་ལོ་གསུམ་བར་དུ་གཏོང་དགོས། བླ་ཁག་སོགས་ལ་རྒྱས་བསྡུས་ངེས་པ་མེད་ཀྱང་། བླ་བྲང་ཕྱག་མཛོད་ལ། གསེར་ཐུར་ཞོ་བཅུ། ཐུར་ཞོ་དོ་(ཏོ་ལ་༡༠)། དྲི་བཟང་(གུར་གུམ་)སྲང་བཅུ། ཧོར་ཟོག་འབུབ་(ཡུག་)དྲུག བབ་སྟ་འབུབ་གཅིག་ཕུལ་ནས། སྡོད་རིང་བར། ཕོགས་ཐོབ་དང་། ལམ་ཐོག་དོས་ཁལ་གཉིས་བརྒྱ། རྟ་ཞོན་ཉེར་ལྔ། རྟ་ཐབ་འོག་བཅུ། རྟ་འུལ་བཅོ་ལྔ། བཞོན་པ་བཅུ། རྟ་ཐབ་ཡོང་མི་གསུམ། དེར་རྟ་ལ་ཁ་རྩྭ་བཀག་མེད། འབྲོག་སྡེ་འགོ་ཕིབ་༡། བཞུགས་ཐབ་མཛོད་བཅས་ལ་གུར། རྟ་ཁལ་རྣམས་རྟ་ཟམ་རྟ་རྫམ་ཐོག་དང་། ཟོང་སྐྱེལ་ཕར་ཕྱིར་དང་། ལོ་ཕྱག་རེ་དང་། མངའ་རིས་སྐོར་གསུམ་རེ་མི་ཕམ་དབང་པོར་བསླེབ་རྒྱུ་བྱས། མི་ཕམ་དབང་པོའི་བཀའ་བཞིན་མ་ཞུས་ཀྱང་། སྡེ་པ་གཞུང་ནས་མི་ཕམ་དབང་པོ་ལ་མངའ་རིས་སྐོར་གསུམ་ཚབ། བོད་ནས་རྫོང་ཁག་གསུམ་སྩལ་ཚེ། མངའ་རིས་ལ་སྙད་མེད་ཞུས་པས། སྡེ་པ་གཞུང་ནས་གཞིས་ཁ་གསུམ་མི་ཕམ་དབང་པོར་ཕུལ་བ་ཡིན་ནོ། །གཞན་རུ་ཐོག་གུ་གེ་སོགས། ལྷ་སར་མཆོད་མེ་དང་། སྨོན་ལམ་མཐུན་རྐྱེན་དུ་སྦྱར་ནས། དེ་ནས་ཁ་ཆུལ་ན་ཝཱབ་དམག་དཔུང་ཀྱང་ཕྱིར་ལོག་བཏང་། ན་ཝཱབ་དང་ལ་དྭགས་རྒྱལ་པོ་གཉིས་མཛའ་བོའི་ཚུལ་བཟུང་ནས་ལ་དྭགས་རྒྱལ་པོས་ལོ་གསུམ་བར་ལ་ཁ་ཆུལ་ལ་བུ་སྡེ་གཏོང་རྒྱུ་མཉམ། རྟ་ཁྲ་བོ་བཅོ་བརྒྱད། གླ་རྩི་ལྟེ་བ་བཅོ་བརྒྱད། གཡག་གི་རྔ་མ་བཅོ་བརྒྱད་(ལོ་རེ་ལ་དྲུག་)ཕུལ་རྒྱུ་བྱས། ཁ་ཆུལ་ནས་ན་གུ་ཤ་ཧར་དེ་ལ་དྭགས་རྒྱལ་པོ་ཇ་གིར་དུ་བྱུང་བའི་ཁྲལ་འབྲས་སྒྱིག་ལྔ་བརྒྱ། (ལོ་ལྟར་འབྲས་སྒྱིག་གསུམ་བརྒྱ)ལོ་ལྟར་དུ་ཡོང་རྒྱུ་ཡོད་སོགས་བྱས་ནས། དུས་འབྲས་འདི་དག ལ་དྭགས་རྒྱལ་སྲིད་སིང་པ་ལ་ཡལ་དུས་སུ། མིན་པ་མེད་པ་(མ་)སོང་། འཇམ་བདེ་འཇག་ཏུ་གྱུར་ནས། རྒྱལ་པོའི་མཛད་དགོངས་བླ་ན་མ་མཆིས་པའི་རྒྱལ་སྲིད་དར་ཞིང་རྒྱས་པ་ཡིན་ནོ། །བདེ་ལེགས་རྣམ་རྒྱལ་དེ་རྒྱལ་སྲིད་འཛིན་སྐབས། སོག་པོ་དགའ་ལྡན་ཚང་། བྱ་མིག་ཅན་གྱིས་དམག་དྲངས། རྒྱལ་པོ་བ་སྒོར་བཞུགས་ཤིང་། ཁ་ཆུལ་(གྱི་)དམག་དང་བཅས། སོག་པོ་(རྣམས་ལ་)བརྒྱབ་པས། སོག་བྲོས་ཐབས་སུ་སོང་། སླར་ཡང་རྒྱལ་སྲིད་སྔར་བཞིན་དར་རྒྱས། དགེ་བདེའི་དཔལ་དམ་པར་གྱུར།” ཞེས་གསུངས་མོད། ལ་དྭགས་ཀྱིས་གུ་གེར་དམག་བརྒྱབ་པ་ལ་གཟི་བརྗིད་དང་ལྡན་པ་ཞིག་དང་། སོག་བོད་དམག་གིས་ལ་དྭགས་ཕམ་པར་བརྒྱབ་པ་གསང་ནས། ལྡོག་སྟེ་སོག་པོ་བརྒྱབ་པས། སོག་བྲོས་ཐབས་སུ་སོང་ཞེས་བརྗོད་པ་ནི་འགྲོ་བ་མིའི་རིགས་ཐུན་མོང་གི་བསམ་པའི་འཁྱེར་སོ་སྟེ། འདས་སོང་གི་ལོ་རྒྱུས་བཤད་དུས་རང་ཕྱོགས་ལ་བསྟོད་ཅིང་གཞན་ཕྱོགས་ལ་སྨད་པའི་འཇིག་རྟེན་ཆོས་བརྒྱད་ཀྱི་རང་བཞིན་དུ་འགྲོ་བས། སོག་དམག་གིས་ལ་དྭགས་རྒྱལ་པོའི་ཕོ་བྲང་གི་རྡོ་སེང་གེར་རྟ་བཏགས་པ་སོགས་མི་གསལ། ད་དུང་སོག་པོའི་དམག་དཔོན་དགའ་ལྡན་ཚེ་དབང་སྐྱ་སར་མ་བབས་གོང་གི་དགོན་པའང་འཆུག་འདུག་མོད། ཆོས་ལུགས་ཕྱི་པ་ཡིན་པའི་པ་ཇབ་རྒྱལ་ཕྲན་དེའི་མིང་ལ་ཁ་ཆུལ་ན་ཝཱབ་ཟེར་བ་དང་། སྐབས་དེའི་ལ་དྭགས་རྒྱལ་པོ་ནི་སེང་གེ་རྣམ་རྒྱལ་མིན་ལ་དེའི་སྲས་བདེ་ལྡན་རྣམ་རྒྱལ་ཡིན་པ། ལ་དྭགས་དང་ཁ་ཆུལ་ན་ཝཱབ། བོད་སྡེ་བ་གཞུང་གསུམ་བར་གྱི་ཆིངས་ཡིག་ལྟ་བུའི་ཚོང་དོན་དང་། དམག་དོན། འགྲིམ་འགྲིལ་སྐོར་ལ་ཞིབ་ཆ་མི་དམན་པ་ཞིག་ཡོད། འོན་ཀྱང་། དེང་སང་གི་ཞིབ་འཇུག་བྱས་འབྲས་ལྟར་ན། ལ་དྭགས་ཀྱིས་ཅིའི་ཕྱིར་གུ་གེ་ལ་དམག་བརྒྱབ་པ་དེར་ད་དུང་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། 1985 ལོར། ཞི་ཨན་གྱི་གནའ་རྫས་རྟོག་ཞིབ་ཚོ་ཁག་ཅིག་གིས་གུ་གེ་ནས་ཕོར་ཊུ་གོའི་ཡི་གེའི་(葡萄牙文)གནམ་བདག་ཆོས་ལུགས་ཀྱི་དམ་པའི་གསུང་རབ(天主教圣经)ཅིག་བྲིས་པའི་བོད་ཀྱི་འདྲ་འབག་ཅིག་རྙེད་པ་གཞི་བྱས། ཕོར་ཊུ་གོའི་ཆོས་ལུགས་སྤེལ་མཁན་ཨན་ཏུ་ལོས་ཏུ་(安德雷德)ཞེས་པའི་ཟིན་བྲིས་སུ། སྤྱི་ལོ་1624 ལོར། ཁོ་རང་ཤམ་བྷ་ལར་འབོད་པའི་གུ་གེ་བོད་ཀྱི་ས་ཆར་སོང་བ་དང་། གུ་གེ་རྒྱལ་པོ་ཁྲི་བཀྲ་ཤིས་གྲགས་པ་ལྡེས་ཁོ་ལ་དགའ་བསུ་དཔེ་མེད་བྱས་པ་མ་ཟད། ད་དུང་ཡ་མཚན་པ་ཞིག་ནི་གུ་གེ་རྒྱལ་པོས་གནམ་བདག་ཆོས་ལུགས་སྐོར་ལ་ཐུགས་མོས་ཡོད་ཚུལ་བསྟན་པ་དང་། ལྷག་པར་དུ་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་ཞིག་ཀྱང་གསར་དུ་བཞེངས་མོད། གུ་གེ་རྒྱལ་པོའི་སྤུན་མཆེད་དེ་མཐོ་ལྡིང་དགོན་པའི་བླ་མ་ཡིན་པས། གུ་གེ་རྒྱལ་པོ་ནི་སངས་རྒྱས་ཆོས་ལུགས་ལ་ངོ་ལོག་པས་ལ་དྭགས་རྒྱལ་པོར་དམག་བརྒྱག་དགོས་པའི་འཕྲིན་ཡིག་བསྐུར། དེས་ན་འཕྲིན་ཡིག་འདི་ལ་དྭགས་རྒྱལ་པོའི་འདོད་ཐོག་ལ་བབས་པས། ལ་དྭགས་ཀྱི་དམག་དེ་མ་ཐག་ཏུ་གུ་གེར་ཐོན་ནས་རྩ་རང་གི་ཕོ་བྲང་བསྐོར། ཕོ་བྲང་གི་ས་བབས་ཧ་ཅང་བཙན་ལ་ལྐོག་ཏུ་ཟས་ཉར་ས་དང་ཆུ་ལེན་སའི་ཕུག་ལམ་སོགས་ཡོད་པས་རྫོང་མཁར་དེ་ཕབ་དཀའ་མོད། ལ་དྭགས་དམག་གིས་གུ་གེའི་བཙོན་མ་རྣམས་ལ་བཅར་རྡུང་གིས་རྡོ་འཁུར་ནས་ཡོང་སྟེ་རྡོ་མཁར་ཕོ་བྲང་དང་མཉམ་པ་ཞིག་བཟོས་ཐར། གུ་གེ་རྒྱལ་པོ་ལ་དྭགས་ལ་མགོ་འཛུལ་བ་དང་། ལ་དྭགས་ཀྱིས་དེ་མུར་མི་ལོ་50 ལྷག་ལ་གུ་གེ་ས་ཆ་བཟུང་། མཐར་བོད་སོག་དམག་གིས་ཕམ་པར་བརྒྱབ་ཅེས་ཀྱང་བརྗོད། འདིའི་ལོ་ཚིགས་རྣམས་ཀྱང་གོང་གི་བཤད་ཚུལ་གཞན་གཉིས་དང་ཡ་མཚན་ཐོད་ཐུག

གསུམ་པ། ད་ལྟའི་གནས་བབས་ཀྱི་སྟོད་མངའ་རིས་སྐོར་གསུམ།

དེས་ན་མི་ལོ་ཆིག་སྟོང་ལྷག་ཙམ་འགོར་རྗེས་ཀྱི་ཁ་སང་དེ་རིང་ནི། སྟོད་མངའ་རིས་སྐོར་གསུམ་ཞེས་པ་མེས་རྒྱལ་མངའ་ཁོངས་སུ་གཏོགས་པ་སུམ་ཆའི་གཅིག་ཙམ་མ་གཏོགས་མེད། དེང་སང་གི་ས་ཁྲ་ལ་བལྟས་ན། མངའ་རིས་ས་ཁུལ་ན་སྒར་རྫོང་དང་། སྤུ་རང་། རྩ་མདའ། རུ་ཐོག དགེ་རྒྱས། སྒེར་རྩེ། མཚོ་ཆེན། བཅས་ཀྱི་རྫོང་ཁག་7 ཡོད། དེ་དག་ལ་ས་བབས་ཀྱིས་སྐོར་གསུམ་དང་འབྲེལ་ཏེ་བཤད་ན་རུ་ཐོག་གཅིག་བུ་ནི་ལ་དྭགས་རྒྱལ་རྒྱུད་ཀྱི་མངའ་ཁོངས་ཡིན་པ་མ་གཏོགས། གཞན་ཚང་མ་སྤུ་རང་རྒྱལ་རྒྱུད་ཁོ་ན་དེའི་མངའ་ཁོངས་ཙམ་ཡང་མི་ལོངས་ཏེ། དཔེར་ན་སྤུ་རང་རྒྱལ་རྒྱུད་ལས་མཆེད་པའི་ཡ་རྩེ་རྒྱལ་རྒྱུད་ཀྱི་ས་བབས་རྣམས་བལ་བོའི་ཁོངས་གཏོགས་ཀྱི་དོལ་པོ་དང་དེའི་ནུབ་བྱང་ཕྱོགས་སུ་སོང་ཚར་འདུག རྒན་པ་སངས་དབང་འདུས་ལ་བཀའ་འདྲི་བྱས་པར། ཡ་རྩེ་རྒྱལ་རྒྱུད་ཀྱི་མངའ་ཁོངས་དེ་ “དེང་བལ་ཡུལ་རྒྱལ་ཁབ་ཀྱི་ནུབ་ཕྱོགས་སུ་ཡོད། བོད་སྐད་ལ་འཇུམ་ལང་ཟེར། རྒྱ་ནག་སྐད་ལ་久木拉ཟེར།” ཞེས་གསུངས། ལ་ལས་འཇུམ་ལང་ཞེས་པ་འཛུམ་ལང་ཞེས་ཀྱང་འབྲི།

འོ་ན་དེང་སང་པཱ་ཀི་སི་ཐན་གྱིས་དབང་སྒྱུར་བའི་ཀསྨིར་(巴控克什米尔)དང་རྒྱ་གར་གྱིས་དབང་སྒྱུར་བའི་ཀསྨིར་(印控克什米尔)ཞེས་པ་གཉིས་ན་དོན་གྱིས་བོད་རང་གི་ས་ཆ་བསྙོན་དུ་མེད་པ་གནའ་བོའི་སྟོད་མངའ་རིས་སྐོར་གསུམ་ལས་ཕལ་ཆེར་སྐོར་གཉིས་ལོངས་པ་ཙམ་ཡོད་དེ། པཱ་ཀི་སི་ཐན་གྱིས་དབང་སྒྱུར་བའི་ཀསྨིར་ནི་ཧི་མ་ལ་ཡའི་རི་རྒྱུད་དང་ཁ་ལ་ཁུ་ནུ་རི་རྒྱུད་གཉིས་འབྲེལ་མཚམས་དང་། སེང་གེ་ཁ་འབབ་དེ་ས་བབས་མཐོ་ཚད་སྨི་2568 ནས་ནུབ་བྱང་ཕྱོགས་སུ་ས་བབས་མཐོ་ཚད་སྨི་906 ལ་འབབ་པའི་བར་དུ་ཆགས་ཡོད། ས་ཆ་དེ་ན་གནའ་བོའི་བྲུ་ཤ་དང་སྦལ་ཏི་གཉིས་ཀྱི་ས་ཡོད་མོད་དེང་སང་མིང་ལ་གིའོ་གེ་ཐུ་(吉尔吉特)དང་སྦལ་ཏི་སི་ཐན་(巴尔蒂斯坦)ཟེར། རྫོང་རིམ་པའི་སྲིད་འཛིན་ས་ཁུལ་གཉིས་ཏེ་Gilgit ཞེས་པ་དང་Skardu གཉིས་སུ་ཆགས་ཡོད། འདི་གཉིས་ཀྱི་ས་བབས་ཆེ་ཆུང་ནི་སྤྱི་ལེ་གྲུ་བཞི་མ་72,496 དང་2006 ལོའི་མི་གྲངས་ནི་ 1,126,542 ཡིན། རྒྱ་ནག་གི་ལོ་རྒྱུས་ཡིག་ཚང་དུ་བྲུ་ཤ་དང་སྦལ་ཏི་གཉིས་ཀ་གཅིག་གྱུར་གྱི་རྒྱལ་ཕྲན་ཞིག་ཡིན་དུས་མིང་ལ་བྲུ་ཤ་ཆེན་པོ་(大勃律)ཞེས་འབོད་པ་དང་། ཕྱིས་སུ་ཁ་ཁ་སོ་སོར་སོང་དུས་བྲུ་ཤ་རང་ལ་བྲུ་ཤ་ཆུང་བ་(小勃律)ཞེས་འབོད། འཇར་པན་གྱི་ཞིབ་འཇུག་པ་ཞིག་གིས་བྲུ་ཤ་ཆེ་ཆུང་གཉིས་ཁ་ཁ་སོ་སོར་སོང་དུས་སྤྱི་ལོ་720 ནས་722 བར་ཡིན་ཞེས་བརྗོད། སྦལ་ཏི་སི་ཐན་ནས་ཀྲུང་གོའི་རྒྱལ་མཚམས་ཀྱི་འཛམ་གླིང་གི་རི་མཐོ་ཨང་གཉིས་པ་ཆེ་མགོ་རིའམ་ཇོ་བོ་གངས་རི་(乔戈里峰)དང་ཐག་ཉེ། ཝེ་ཁེ་རིག་མཛོད་ལྟར་ན། པ་ཀི་སི་ཐེན་གྱི་སྦལ་ཏི་ན་བོད་མི་འབུམ་གཅིག་ཡས་མས་ཡོད་སྐད་དང་70% བོད་སྐད་བཤད་མོད། མང་ཕྱོགས་ཁ་ཆེ་ཆོས་ལུགས་ལ་དད་མོས་བྱེད།

དེ་ནས་རྒྱ་གར་གྱིས་དབང་སྒྱུར་བའི་ཀསྨིར་ནི་སྦལ་ཏིའི་ཤར་ལྷོའི་ཕྱོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་དང་རུ་ཐོག་རྫོང་གི་སྡེ་མཆོག་གི་བར་ན་ཡོད་དེ། སེང་གེ་ཁ་འབབ་དེ་ས་བབས་མཐོ་ཚད་སྨི་4160 ནས་ནུབ་བྱང་ཕྱོགས་སུ་ས་བབས་མཐོ་ཚད་སྨི་2568 ལ་འབབ་པའི་ཉིན་སྲིབ་ཏུ་ཆགས་ཡོད། གནས་འདི་རུ་ལ་དྭགས་དང་། ཟངས་དཀར། སྦི་ཏི་བཅས་པ་བྱང་ནས་ལྷོ་རུ་ཆགས་ཏེ། སྤང་གོང་མཚོ་ཡི་མང་ཕྱོགས་རུ་ཐོག་རྫོང་དང་། བཞི་ཆའི་གཅིག་ཙམ་ནུབ་རྒྱུད་ཀྱི་ལ་དྭགས་ས་ན་ཡོད། འདི་རྣམས་ཀྱི་ས་བབས་ཆེ་ཆུང་ནི་སྤྱི་ལེ་གྲུ་བཞི་མ་ 101,387  དང་2001 ལོའི་མི་གྲངས་ནི་ 10060,000 ཡིན། གཞན་ཡང་གོོ་གོལ་ས་རིས་ནང་བལྟས་ན་ལ་དྭགས་སླེ་ན་གནའ་བོའི་མཆོད་རྟེན་བརྗིད་པོ་ཡོད་པའི་མི་ཚད། དེང་རབས་ཀྱི་གནམ་གྲུ་ཐང་ཡང་ཡོད། ཟངས་དཀར་གྱི་ཤར་ཕྱོགས་སུ་སྐར་མཚོ་ཞེས་པའི་མཚོ་ཟུར་གསུམ་ཅན་ཞིག་ཡོད་པ་དང་། དེའི་བྱང་འགྲམ་དུ་ཐུགས་རྗེ་དགོན་ཞེས་པའི་དགོན་པ་ཞིག་ཡོད། དགོན་པ་དེའི་རྒྱབ་རིའི་སྲིབ་ན་སེང་གེ་ཁ་འབབ་དེ་ཤར་ནས་ནུབ་ཏུ་བཞུར་གྱིན་ཡོད་པ་དང་། ཏག་ཏག་ཏུ་ཆུའི་ཕར་ཁའི་ཉིན་ཕྱོགས་སུ་སྡེ་བ་ཞིག་ཆགས་ཡོད་པའི་མིང་ལ་ཀེ་སར་(Kesar)ཞེས་བཏགས་ཡོད། ལ་དྭགས་གཤམ་ཡུལ་གྱིས་གེ་སར་ལ་ཀེ་སར་ཞེས་འབྲི་དཔེ། དེ་ནས་སྐར་མཚོ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་30 ཡས་མས་སུ་ད་དུང་མཚོ་མོ་རིལ་རིལ་(Tsomoriri)ཞེས་པའི་མཚོ་ནར་ནར་ཅུང་ཟད་ཆེ་ཞིག་ཀྱང་ཡོད་དེ། དེའི་ནུབ་བྱང་གི་མཚོ་འགྲམ་དུ་དཀར་རྫོགས་དགོན་ཞེས་པའི་དགོན་པ་ཞིག་ཆགས་ཡོད། དེ་ནས་སྦི་ཏི་ས་ཆ་ན་ལྡན་མཁར་དགོན་ཞེས་པའི་དགོན་པ་ཞིག་ཀྱང་ཡོད་པ་སོགས་ཀྱིས། ལ་དྭགས་དང་། ཟངས་དཀར། སྦི་ཏི་སོགས་ནི་ད་དུང་བོད་རྣལ་མ་ཆོས་ལྡན་གྱི་ཞིང་ཁམས་ཡིན་པ་ཤེས་ཐུབ། ཝེ་ཁེ་རིག་མཛོད་ལྟར་ན། ལ་དྭགས་ན་བོད་པ་འབུམ་གཉིས་དང་ཁྲི་བདུན་ལྷག་ཡོད་སྐད། དེ་བཞིན་དུ་ཟངས་དཀར་དང་། སྦི་ཏི་སོགས་བསྡོམས་ནའང་ལ་དྭགས་ལས་མི་མང་ན་མི་ཉུང་སྙམ།

དེ་བཞིན་དུ། པཱ་ཀི་སི་ཐན་གྱིས་དབང་སྒྱུར་བའི་ཀསྨིར་ཞེས་པ་དང་། རྒྱ་གར་གྱིས་དབང་སྒྱུར་བའི་ཀསྨིར་ཞེས་འབོད་སྟངས་འདིའང་འགྲིག་མེད་དེ། དོན་གྱིས་ཀསྨིར་ཞེས་པ་ནི། “ལོ་རྒྱུས་སྟེང་དུ། ཀསྨིར་ཞེས་པའི་མིང་འདིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆེས་ནུབ་མཐའི་ལུང་བ་བྱེ་བྲག་པ་ཞིག་བསྟན་པ་རེད་མོད། འོན་ཀྱང་དེང་སང་ཀསྨིར་ཞེས་པའི་མིང་འདིས་ཀསྨིར་ལུང་གཞུང་དང་། ཇམ་མུ། ཕོན་ཆི། གིའོ་གེ་ཐུ། ཕི་ལོའུ་ཊི་སི་ཐན། ལ་དྭགས་དང་བཅས་པའི་ས་ཁུལ་ཆེན་པོ་ཞིག་གི་ཚོགས་སྤྱི་ལ་སྟོན་གྱིན་ཡོད། འདིའི་ཁྲོད་ཀྱི་ཀསྨིར་ལུང་གཞུང་ནི་ས་བབས་དམའ་ཞིང་། ཞིང་ས་གཤིན་པོ། ད་དུང་རི་མང་པོས་བསྐོར་བ། ཆུ་བོ་ཕན་ཚུན་རྐྱ་འཐབ་པ། མཛེས་ལྗོངས་རི་མོ་བཞིན་བཀྲ་བ། དམངས་སྲོལ་ཁྱད་མཚར་དང་ལྡན་པ་ཞིག་ཡིན་ལ། ས་ཁུལ་འདིའི་མི་གྲངས་ཀྱི་རྫོང་ཆེས་མཐུག་སའང་ཡིན་ཏེ། མང་ཆེ་བ་ཁ་ཆེ་ཆོས་ལུགས་པ་རེད། ཇམ་མུ་ས་ཁུལ་གྱི་སྡོད་དམངས་མང་ཆེ་བ་ཧིན་རྡུའི་ཆོས་ལུགས་པ་རེད། ལ་དྭགས་ཀྱི་སྡོད་དམངས་ནི་རིག་གནས་གོམས་སྲོལ་གྱི་སྟེང་ནས་བལྟས་ན་བོད་ལ་ཉེ་བ་ཞིག་གོ །ད་ལྟའི་ཀསྨིར་གྱི་ས་བབས་ཕྱེད་ཀ་ཟིན་པའི་ལ་དྭགས་ས་ཁུལ་ནི། གཙོ་བོ་བོད་རིག་གནས་ཀྱི་ཤན་ཞུགས་ཀྱིས། དུས་རབས་བཅུ་གསུམ་པ་ནས་བཟུང་སྟེ། ཁ་ཆེ་ཆོས་ལུགས་ཀྱི་སྲིད་གཞུང་དང་། བོད་ཀྱི་སྲིད་གཞུང་། རྒྱ་གར་སྲིད་གཞུང་བཅས་ཀྱིས་སོ་སོར་དབང་བསྒྱུར་བས། ད་ལྟའི་བར་དུ་བདག་དབང་འཛིན་པའི་རྒྱལ་ཁབ་དེ་གང་ཡིན་པར་རྩོད་གླེང་ཡོད། ད་ལྟའི་ལ་དྭགས་ས་ཆ་ནི་ཀསྨིར་གྱི་མངའ་ཁོངས་སུ་ཤར་ཕྱོགས་ཀྱི་ས་བབས་ཆུང་ཆུང་ཞིག་ཡིན་ལ། སྡོད་དམངས་ཕལ་ཆེ་བ་བོད་རིགས་ཡིན། ནུབ་ཕྱོགས་ཀྱི་གློག་བརྙན་ཕབ་མཁན་མང་པོ་ཞིག་ལ་དྭགས་ལ་ཡོང་ནས་ཕྱི་ལྗོངས་ལེན་པའང་ཡོད། སི་ལི་ན་གར་ནི་དབྱིན་ཇུས་རྒྱ་གར་ལ་དབང་བསྒྱུར་དུས་ཀསྨིར་ཞིང་ཆེན་གྱི་སྲིད་གཞུང་ལྟེ་གནས་ཡིན། ས་བབས་མཐོ་ཚད་སྨི་1600 རེད། ས་ཁུལ་འདིའི་མཚོ་ཆེན་ཝུ་ར་ཞེས་པའི་འགྲམ་དུ་ཆགས་ཏེ། དབྱར་ཚད་པ་འགོག་པའི་ས་གནས་མཆོག་ཏུ་བརྩི། ས་གནས་འདི་ད་ལྟའི་རྒྱ་གར་གྱིས་དབང་བསྒྱུར་བའི་ཀསྨིར་ཁུལ་གྱི་ཆབ་སྲིད་ལྟེ་བའང་རེད།” དེས་ན་པཱ་ཀི་སི་ཐན་གྱིས་དབང་སྒྱུར་བའི་ཀསྨིར་ལ། རང་དབང་གི་ཀསྨིར་དང་། གིའོ་གེ་ཐུ། སྦལ་ཏི་བཅས་པ་ཞེས་འབོད་དགོས་པ་དང་། རྒྱ་གར་གྱིས་དབང་སྒྱུར་བའི་ཀསྨིར་ལ། ཇམ་མུ་དང་། ལ་དྭགས། ཟངས་དཀར། སྦི་ཏི་བཅས་པ་ཞེས་བོས་ན་ཅུང་ཟད་འཐུས་ཚང་བར་སྙམ།

སྤྱིར་ས་མིང་གི་འགྱུར་བ་ནི་ས་བབས་དངོས་ཀྱི་འགྱུར་བ་དང་བསྟུན་ནས་བྱུང་བ་མང་ཡང་། དུས་ཡུན་ཐུང་ཐུང་གི་ནང་དུ་འགྱུར་བ་ཞིག་གཏན་ནས་མིན་ཏེ། ས་བབས་དེའི་ས་རྒྱ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་། ས་མིང་ནི་གཉུག་སྡོད་ཀྱི་མི་ཕན་ཚུན་བར་དང་དེའི་ཕྱི་རོལ་གྱི་མི་དང་དུས་ཡུན་རིང་པོའི་འབྲེལ་འདྲིས་ལས་བྱུང་སྟེ་གོམས་སྲོལ་དུ་ཆགས་པ་ཞིག་ཡིན་པས། ས་མིང་གང་ཞིག་ཡིན་རུང་ཡང་དང་བསྐྱར་དུ་མིང་སོ་མར་འགྱུར་བ་ཞིག་མིན། འོན་ཀྱང་། ས་མིང་ཕལ་ཆེར་ཞིག་རང་བཞིན་གྱིས་འགྱུར་བ་ཡིན་ཏེ་དཔེར་ན་ར་ས་ཞེས་པ་ལྷ་ས་ལ་འགྱུར་བ་ལྟ་བུ་ཡིན་རུང་། ལ་ལ་དེ་ལྟ་མིན། ཆབ་སྲིད་དང་བཅས་པའི་དམིགས་ཡུལ་གཞན་པའི་དབང་གིས་འགྱུར་བའང་ཡོད། “ཆབ་སྲིད་ཀྱི་རྐྱེན་གྱིས། སྲིད་གཞུང་ནས་བཀའ་ཕབ་སྟེ་ས་མིང་བརྗེ་བ་ནི་དེང་རབས་སྤྱི་ཚོགས་ནང་ནའང་ཡོད་དེ། འཛམ་གླིང་འཁྲུག་ཆེན་ཨང་གཉིས་པའི་རྗེས་སུ། ཨེ་ཞིས་ཡ་དང་ཨ་ཧྥེ་རི་ཀ ལཱ་ཏིན་མེ་གླིང་བཅས་ཀྱི་མི་སེར་སྤེལ་ཡུལ་རྣམས་རང་བཙན་བྱས་རྗེས། དེ་སྔའི་མི་སེར་སྤེལ་མཁན་གྱིས་བཏགས་པའི་རྒྱལ་ཁབ་ཀྱི་མིང་རྣམས་དོར་ཏེ། རང་གི་མི་རིགས་ཀྱི་སྐད་དང་ཡི་གེས་རྒྱལ་ཁབ་གསར་བ་ལ་མིང་འདོགས་པ་ཡིན་ནོ། །དཔེར་ན་ཨེ་ཞིས་ཡའི་ཞིས་ལན་(锡兰)ཟེར་བ་སིངྒྷལ་(斯里兰卡)ཞེས་བཅོས་པ་དང་། ཤར་པཱ་ཀི་སི་ཐན་(东巴基斯坦)ཞེས་པ་བྷང་ག་ལ་(孟加拉)ཞེས་སུ་བཅོས།” པ་ལྟར། ས་མིང་གི་ཁུངས་དེད་ནས་ས་མིང་གི་འགྱུར་ལྡོག་ངེས་ན། ནམ་ཞིག་མེས་རྒྱལ་ཆེན་མོ་ལ་སྟོབས་དང་ཐབས་ཤེས་འཛོམས་ཏེ། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་(一带一路战略)ལ་རྒྱལ་ཁ་ཐོབ་ན། སླར་ཡང་རང་ས་རང་ཡུལ་ལ་བདག་པོ་རྒྱག་དགོས་པ་དེ་བཞིན་དུ། “1963 ལོར། པཱ་ཀི་སི་ཐན་གྱིས་ཀསྨིར་གྱི་ས་ཁུལ་ཁག་ཅིག་སྟེ། ཁ་ལ་ཁུ་ནུ་ས་ཁུལ་དེ་ཀྲུང་གོར་མངའ་དབང་ཕུལ་བ་ནི་ཀྲུང་པཱ་བར་གྱི་སྲིད་གཞུང་གིས་འདུན་མ་བསྡུས་པའི་གནད་དོན་ཞིག་ཡིན་མོད། འོན་ཀྱང་། རྒྱ་གར་གཞུང་གིས་ཨག་སའི་ཅིན་ས་ཁུལ་(ཞིན་ཅང་ཞིང་ཆེན་ཧོ་ཐོན་རྫོང་ཁོངས་སུ་གཏོགས།)དང་ཀསྨིར་ཤར་ཕྱོགས་ས་ཁུལ་ལ་མངའ་དབང་ཡོད་ཅེས་ལབ་པ་ནི་ཅལ་གཏམ་ཁོ་ནར་ཟད་དོ། །” ཞེས་གསུངས་པ་ལྟར། འདིར་ཁ་ལ་ཁུ་ནུ་ས་ཁུལ་ཞེས་པ་ནི་འཛམ་གླིང་གི་རི་མཐོ་ཨང་གཉིས་པ་ཇོ་བོ་གངས་རི་(乔戈里峰)ཡོད་ས་དེ་རེད། མིང་གཞན་དུ་ཁ་ལ་ཁུ་ནུ་ཁྱམས་ར(喀喇昆仑走廊)འམ་ཁུ་ལི་ཆིན་ལུང་གཞུང་(克里青河谷)ཞེས་ཀྱང་འབོད། ཨག་སའི་ཅིན་ས་ཁུལ་ཞེས་པ་བོད་སྐད་དུ་མིང་ལ་གླིང་གཞི་ཐང་ཟེར་བ་དེ་ཡིན་པ་དང་། གླིང་གཞི་ཐང་དང་སྦལ་ཏི་བར་ན་སྡེ་བཟང་གཞུང་དང་། གླིང་གཞི་ཐང་དང་ལ་དྭགས་བར་ན་ཤ་མལ་ལུང་པ་སོགས་ཡོད་པའང་ཞུའོ། །

ཞར་ཞུང་དུ་སྟོད་མངའ་རིས་སྐོར་གསུམ་དང་གེ་སར་སྒྲུང་གི་བར་གྱི་འབྲེལ་བ་ཞིག་ཀྱང་ཞུས་ན། གེ་སར་སྒྲུང་དཔེ་སྔ་མ་གསུམ་དུ་ལྷ་ཕྲུག་གླིང་ལ་འཁྲུངས་པར་ཕ་ཡབ་གཉན་དང་། མ་ཡུམ་ཀླུ་ཞིག་མཁོ་བས། སློབ་དཔོན་གྱིས་ཕ་ཡབ་འབྲི་རྫ་ཟལ་མོ་སྒང་གི་གཉན་ཆེན་གེ་འཛོས་ཆོག་པ་དང་། མ་ཡུམ་མ་ཕམ་གཡུ་མཚོའི་ནང་གི་ཀླུ་རྒྱལ་སྲས་མོ་ཡལ་ག་མཛེས་ལྡན་དེ་ཐབས་ཀྱིས་བསླངས་པས། ཕྱིས་སུ་མིང་ལ་འགོག་བཟའ་ལྷ་དཀར་ཐོགས། དེས་ན་གླིང་རྗེ་གེ་སར་རྒྱལ་པོའི་མ་ཡུམ་ཨ་མ་འགོག་བཟའ་ནི་མངའ་རིས་སྤུ་ཧྲེང་པ་ཡིན་ཞེ་ནའང་ཆོག གཞན་ཡང་གྲུ་གུ་གོ་རྫོང་གི་ནང་ན་གྲུ་དམག་རུ་ཐོག་བསྐོར་ནས་བོད་ལ་ཆས་པ་དང་། དེང་སང་ཡང་རུ་ཐོག་ན་གླིང་གི་དཔའ་ཐུལ་ཚོའི་མཁར་ཤུལ་ངོས་འཛིན་རྒྱུ་ཡོད་སྐད་དེ། “མངའ་རིས་རྒན་རབས་ཚོས་བརྗོད་པ་ལྟར་ན། དེ་དུས་ཁམས་ཕྱོགས་གླིང་ཡུལ་གྱི་དམག་དཔོན་ཆེན་པོ་སིང་༼སེང་༽ཆེན་ཡུལ་དེར་སླེབས་ནས་མོན་གྱི་མི་རིགས་ཕྱི་མཐར་འབུད་གཏོང་གིས། སངས་རྒྱས་ཆོས་ལུགས་ཡུལ་དེར་དར་འགོ་བརྩམས་པ་དང་གླིང་གི་སྲིད་དབང་སྒྲིག་གཞི་བཙུགས་ཡོད་པ་ནི། དེང་ཡང་སྤྱི་བོ་གནམ་བསྟན་ཚོས་སྤྱན་ལམ་ཡངས་པོར་འཆར་རྒྱུ་ཡོད་པའི་གླང་ཆེན་གཙང་པོའི་དབུས་རྒྱུད་དུ་མཆིས་པའི་གླིང་ཆེན་བཅུ་གཉིས་སུ་གྲགས་པའི་གནའ་ཤུལ་དང་། རུ་ཐོག་གི་བཤན་པའི་མཁར་ཤུལ། བྱང་རི་གཞི་དཔའ་མོ་ཨ་བདག་གི་མཁར་ཤུལ་བཅས་ཡིན་པར་གྲགས་ཀྱང་བརྟག་དཔྱད་ནན་ཏན་བྱ་དགོས་སྙམ། འོན་ཏེ་ལ་དྭགས་རྒྱལ་རབས་ལས། དེ་དུས་(སྐྱིད་ལྡེ་ཉི་མ་མགོན་སྟོད་ཡུལ་དུ་བྲོས་བྱོལ་དུ་སླེབས་སྐབས)སུ་མར་ཡུལ་ལ་དྭགས་གེ་སར་རྒྱུད་པས་འཛིན་ཞེས་པ་ལྟར་ན། གླིང་གེ་སར་རམ་གླིང་སིང་ཆེན་ཞེས་པའི་དམག་དཔོན་དང་དེའི་རྒྱུད་པས་བོད་ནུབ་ཁུལ་དུ་དབང་བསྒྱུར་བྱས་པའི་སྐབས་ཤིག་བྱུང་བར་མངོན་པ་དེ་ནི་ཞང་ཞུང་ཡུལ་བོད་བཙན་པོའི་མངའ་འོག་ཏུ་བཙུད་པའི་སྐབས་དེ་མིན་ནམ་སྙམ་ཡང་བརྟག་དགོས།” ཞེས་གསུངས་པ་ལས་སིང་ཆེན་ཞེས་པ་ནི་གླིང་རྗེ་གེ་སར་ལ་གླིང་སེང་ཆེན་ཞེས་འབོད་པ་དེ་ཡིན་ཞིང་། བཤན་པ་ནི་ཤན་པ་རྨེ་རུ་རྩེ། བྱང་རི་གཞི་དཔའ་མོ་ཨ་བདག་ནི་བྱང་རི་ཤི་དཔའ་མོ་ཨ་སྟག་ལྷ་མོ་རང་ཡིན་དགོས། དེ་ནས་ལ་དྭགས་རྒྱལ་རབས་ནང་བཀོད་པའི་གེ་སར་སྐོར་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སྐྱིད་ལྡེ་ཉི་མ་མགོན་གྱིས་ “ལུག་གི་ལོ་ལ་རྩེ་ཤོ་རྒྱ་རི(རྩེ་ཐོ་རྒྱ་རི)རྩིགས་ནས། དམ་ལག་གི་གཞུང་རྣམས་ལ་ཡུལ་དང་གྲོང་ཁྱེར་མང་པོ་བཏབ་དགོངས། མར་ཡུལ་ལ་གནོད་པ་མ་མཛད། དེའི་དུས་སུ་མར་ཡུལ་ལ་དྭགས་གེ་སར་འགྱུད(བརྒྱུད)པས་འཛིན། སྨད་རྣམས་རང་དགའི་སིལ་བུར་ཡོད་པ་ཡིན་ནོ། །” ཞེས་གསུངས་པ་ལྟར་རོ། །

སྟོད་མངའ་རིས་སྐོར་གསུམ་ན་གེ་སར་སྒྲུང་དཔེ་མང་པོ་མེད་མོད། གཅིག་ཡོད་པ་ལ་དྭགས་གཤམ་ཡུལ་གྱི་ཀེ་སར་སྒྲུང་ཞེས་པ་དེའང་ཁྲི་གའི་ལེའུ་མ་དང་འདྲ་བར། སྲོལ་རྒྱུན་གྱི་གེ་སར་སྒྲུང་གི་དཔེ་རྙིང་གི་ཁྱད་ཆོས་དྲུག་སོགས་མི་ཚང་། འོན་ཀྱང་། མངའ་རིས་འདི་སྲོལ་རྒྱུན་གྱི་གེ་སར་སྒྲུང་གི་དཔེ་རྙིང་གི་བརྗོད་བྱ་ཏག་ཏག་ཡིན་ཏེ། དཔེར་ན་སྟག་གཟིག་ནོར་རྫོང་དང་སྟག་གཟིག་ནོར་འགྱེད་ཀྱི་ཤིང་པར། ཁ་ཆེ་གཡུ་རྫོང་གི་ཤིང་པར། ཞང་ཞུང་མུ་ཏིག་རྫོང་དང་། གྲུ་གུ་གོ་རྫོང་། བྷེ་ར་ར་རྫོང་། མི་ནུབ་དར་རྫོང་། མཱ་ལ་ཡ་སྨན་རྫོང་། གངས་རི་ཤེལ་རྫོང་། སུམ་པ་མཛོ་རྫོང་། བཅས་པའི་ལག་བྲིས་མ་དག་གི་བརྗོད་བྱ་ཕལ་ཆེར་མངའ་རིས་ས་ཆ་དང་མངའ་རིས་ལ་འདབས་འབྲེལ་བའི་རྒྱལ་ཁག་རྣམས་ཡིན་པས། གེ་སར་སྒྲུང་ལས་རྫོང་ཆེན་བཅོ་བརྒྱད་ཀྱི་ཕྱེད་ཀ་དེ་མངའ་རིས་ས་ཆ་ལ་འབྲེལ་བ་ཡོད་ཅེས་བཤད་ཆོག་ཆོག་ཡིན།

མདོར་ན། སྟོད་མངའ་རིས་སྐོར་གསུམ་འདིའང་། བོད་མདོ་དབུས་ཁམས་གསུམ་ལས་དབུས་གཙང་གི་ཁོངས་སུ་གཏོགས་པས། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་དང་འདྲ་བར། གེ་སར་སྒྲུང་གི་ཞིང་ས་གཤིན་པོ་དེ་ཁོ་ན་ཉིད་ཀྱི་གྲུབ་ཆ་བསྙོན་དུ་མེད་པ་ཞིག་ཅིས་ཀྱང་ཡིན་ནོ། །

མཆན་འགྲེལ།

本论文属于西北民族大学“中央高校基本科研业务费专项资金项目:多民族格萨尔学科建设,项目编号:31920170133”

ཀྲང་དབྱི་སུན། བོད་རྒྱ་ཚིག་མཛོད་ཆེན་མོ། [Z].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1998:683.“上区阿里三部。古代藏文典籍中分康青藏地方为上中下三区。上区阿里,中区前后藏,下区青康。阿里一带,自南至北,分为三部。南部阿里,在今普兰县至昂仁县一带;中部阿里,在今札达县一带;北部阿里,在今新藏交界西端与克什米尔接壤一代。元置纳里速古鲁孙元帅,直隶乌思藏纳里速古鲁孙等三路宣慰使司都元帅府。明置俄力思军民元帅府。”

དོན་གྲུབ། སྐད་འཕྲིན། 2016.9.26.

པ་ཚབ་པ་སངས་དབང་འདུས། སྐད་འཕྲིན། 2016.9.21.

དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། [Z].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986:187-188.

དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།[Z].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2002:1764.

ཀྲང་དབྱི་སུན། བོད་རྒྱ་ཚིག་མཛོད་ཆེན་མོ། [Z].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1998:2779.“里域。新疆南部昆仑山以北和塔克拉玛干沙漠之间一带地区总名。包括和田、且末、民丰和若羌等地。特指和田、于田地区古名。一说为龟兹。这一带地区佛教曾经十分盛行。”

ཀྲང་དབྱི་སུན། བོད་རྒྱ་ཚིག་མཛོད་ཆེན་མོ། [Z].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1998:1905.“勃律。地在今新疆维吾尔自治区喀什以南,西藏阿里北部,与克什米尔接壤。”

དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།[Z].པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2002:1576.

ཀྲང་དབྱི་སུན། བོད་རྒྱ་ཚིག་མཛོད་ཆེན་མོ། [Z].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1998:203.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:42-43.

བ་སྒོའི་འཇམ་དཔལ། སྐད་འཕྲིན། 2017.6.13.

གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:22.

གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:22.

ནོར་བྲང་ཨོ་རྒྱན། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991:170-173.

ནོར་བྲང་ཨོ་རྒྱན། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991:174.

གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:21.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:67-68.

གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:65-66.

རྒྱལ་དབང་ལྔ་པ་ཆེན་མོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། [M].པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1988:78.

ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M].ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981:44.

ཞབས་དྲུང་ཚེ་རིང་དབང་རྒྱལ། མི་དབང་རྟོགས་བརྗོད། [M].ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981:47-48.

བསྟན་འཛིན་དཔལ་འབྱོར། རྡོ་རིང་པཎྚི་ཏའི་རྣམ་ཐར། སྟོད་ཆ།[M].ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986:10.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:52.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:56.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:58-62.

[EB/CD].http://www.jiluniwo.cn/archives/2237.html,2016-11-09.

པ་ཚབ་པ་སངས་དབང་འདུས། སྐད་འཕྲིན། 2017.4.9.

[EB/CD].http://baike.baidu.com/item/吉尔吉特-巴尔蒂斯坦,2017-4-11.

[EB/CD]. http://baike.baidu.com/item/大勃律,2017-4-9.

[EB/CD]. http://www.baike.com/wiki/巴尔蒂斯坦,2017-4-8.

武振华主编.国家测绘局地名研究所编.西藏地名[Z].北京:中国藏学出版社,1995:495.“班公湖,湖名。在日土县境内,位于县驻地以北。意为草坪上面的湖。”

[EB/CD].http://baike.baidu.com/item/吉尔吉特-巴尔蒂斯坦,2017-4-11.

[EB/CD]. http://baike.baidu.com/item/查谟-克什米尔邦,2017-4-11.“历史上,“克什米尔”这个词原指喜马拉雅山脉最西端的一处峡谷。而现在,“克什米尔”以被用来泛指包括克什米尔谷地、查谟、蓬奇、吉尔吉特、俾路支斯坦和拉达克的广大地区。其中最主要的克什米尔谷地,海拔较低,土壤肥沃,群山环抱,河流纵横,风景如画,民风奇特,是该地区人口最密集的地区,大多数为穆斯林。而查谟的居民多为印度教徒,拉达克的居民从文化习俗上来看则与西藏较为相近。

占有现在克什米尔一半土地的拉达克地区,文化主要受西藏影响,自十三世纪起,曾分别被穆斯林政权、西藏政权和印度控制,至今主权仍备受争议。现在拉达克在克什米尔只占东边一小部分,居民几乎全为藏族。西方拍摄反映西藏的电影亦多到拉达克取外景。

斯利那加(Srinagar)是克什米尔在英属印度时期的土邦首府,海拔1600米,坐落于该地区最大的芜拉湖畔,是著名的避暑胜地,也是现在印控克什米尔地区首府。”

王际桐.地名学概论[M].北京:中国社会出版社,1993:33.“出于政治的原因,由官方下令更名,这在现代社会里也不为少见。第二次世界大战之后,亚非拉殖民地纷纷独立,许多新国家定名时就把殖民者强加于人的地名抛弃了,用本族语言重新命名。例如亚洲的锡兰改为斯里兰卡,东巴基斯坦改为孟加拉;”

[EB/CD]. http://baike.baidu.com/中控克什米尔,2017-4-8.“1963年根据边境协定巴基斯坦将一部分巴控克什米尔(喀喇昆仑地区)划给中国,这是中巴之间的政府交涉问题,而印度所声称拥有中国控制的阿克塞钦地区(属新疆和阗县)即克什米尔东部的主权,也是一种无稽之谈。”

གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། ། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:16.

ལ་དྭགས་རྒྱལ་རབས། [M].ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987:42.

བརྒྱུད་སྐུལ།

མཆན་སྤེལ།