〔བརྡ་ཆད། 〕གསར་འགྱུར་མེ་ལོང་། པཎ་ཆེན་རིན་པོ་ཆེ། བོད་གཞུང་། གོ་མི་སྲིད་གཞུང་།
〔གནད་དོན་སྙིང་བསྡུས།〕ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་གཞུང་བླའི་དོན་རྐྱེན་ནི་རྙོག་འཛིང་ཆེ་ཤོས་ཀྱི་དོན་རྐྱེན་ཞིག་ཡིན་པ་བཞིན་《གསར་འགྱུར་མེ་ལོང་》རྩོམ་སྒྲིག་པས་ཀྱང་ཕྱི་ལོ་ ༡༩༢༥ ནས་ ༡༩༦༢ བར་གྱི་《གསར་འགྱུར་མེ་ལོང་》ལས། ད་ཕན་གུས་པར་མཇལ་བའི་གསར་ཤོག་འདོན་གྲངས་བརྒྱ་དང་སུམ་ཅུ་སོ་དགུའི་ནང་། ༸པཎ་ཆེན་སྐུ་ཕྲེང་རྣམ་གཉིས་ཀྱི་གནད་དོན་དང་འབྲེལ་བའི་གསར་འགྱུར་ཁག་བརྒྱད་ཅུ་གྱ་བཞི་དང་། གསར་ཤོག་སྟེང་སྐུ་པར་བཀོད་པའི་གསར་འགྱུར་ཐེངས་བཅུ་གསུམ་ཙམ་ཞིག་སྤེལ་འདུག་པ་ལས། 《གསར་འགྱུར་མེ་ལོང་》འཚོ་ཞིང་བཞུགས་པའི་རིང་བོད་ཀྱི་སྤྱི་ཚོགས་ཁྲོད་འཁྲུག་ཆ་དོད་ཤོས་ཀྱི་གནས་ཚུལ་ཞིག་ནི་༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་བཅུ་པ་རྣམ་གཉིས་ཀྱི་སྲིད་དོན་མཛད་འཕྲིན་ཡིན་པར་ངེས། དེར་བརྟེན། རྩོམ་ཡིག་དེའི་ནང་《གསར་འགྱུར་མེ་ལོང་》ལས་བྱུང་བའི་བོད་དང་༸པཎ་ཆེན་སྐུ་ཕྲེང་རྣམ་གཉིས་ཀྱི་མཛད་འཕྲིན་དང་འགྲེལ་བའི་སྐོར་ལ་དབྱེ་ཞིབ་ཞུས་ཡོད།
ལེ་ཚན་དང་པོ། 《གསར་འགྱུར་མེ་ལོང་》དང་བོད།
《གསར་འགྱུར་མེ་ལོང་》ངམ་《ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་》ཞེས་པ་ནི། ཕྱི་ལོ་ ༡༩༢༥ ནས་ ༡༩༦༣ བར་རྒྱ་གར་གྱི་བྱང་ཕྱོགས་ཀ་ལོན་སྦུག་ཏུ་ཁུ་ནུ་བ་རྡོ་རྗེ་མཐར་ཕྱིན་(ཕྱི་ལོ་ ༡༩༢༥ ནས་ ༡༩༧༦)གྱིས་གཉེར་བའི་གསར་ཤོག་ཅིག་ཡིན་ཞིང་། བོད་དང་བོད་ཀྱི་ཉེ་འབྲེལ་ས་ཁུལ་འགའ་ཤས་སུ་འགྲེམས་སྤེལ་བྱས་ཡོད། གསར་ཤོག་དེ་ནི་༸རྒྱལ་བ་ཡབ་སྲས་གཉིས་གཙོས་བོད་མི་རྣམས་ཀྱིས་དུས་རབས་ཉི་ཤུ་པའི་འཛམ་གླིང་ཆབ་སྲིད་འགྱུར་འགྲོས་དང་། ཡང་དགོས་བོད་རྒྱ་དབྱིན་གསུམ་གྱི་སྲིད་དོན་འཕོ་འགྱུར་ལ་ལྟ་བའི་མེ་ལོང་དངོས་ཤིག་ཆགས་ཡོད། དཔྱད་བརྗོད་པ་མང་པོ་ཞིག་གིས་《གསར་འགྱུར་མེ་ལོང་》ནི་བོད་ཡིག་གི་གསར་འགྱུར་ཚགས་པར་ཨང་དང་པོ་དེ་རེད། ཅེས་གསུངས་ཀྱི་འདུག་མོད། བོད་མིས་གཉེར་ཞིང་བོད་ཀྱི་དཔོན་འབངས་ཡོངས་ལ་ཁྱབ་པ་མ་ཟད། བོད་ཀྱི་སྤྱི་ཚོགས་འཚོ་བའི་གསར་འགྱུར་མང་བ་སོགས་ཀྱི་ཆ་ནས་བོད་ཡིག་གི་གསར་འགྱུར་ཐོག་མ་དེ་ཡིན་ཞེས་བརྗོད་ཀྱི་ཡོད་ན་བདེན་པར་སྣང་མོད།
སྐད་ཡིག་གི་བརྒྱུད་ལམ་བོད་ཡིག་ཡིན་པའི་ཆ་ནས་ཐོག་མ་ཡིན་པ་གསུངས་ན།《གསར་འགྱུར་མེ་ལོང་》གི་གོང་ནས་བོད་ཡིག་གི་གསར་འགྱུར་ཡོད་པ་ནི། ཕྱི་ལོ་ ༡༩༠༤ ལོར་ཝོལ་ཊེར་ཨ་སི་རྦོ་ཡི་ཀྱེ་ལང་ཨང་བར་(walter Asboe’s kye lang ang-bar)རམ་ཡང་ན་《ལ་དྭགས་ཀྱི་ཨག་པར་》དང་། ཕྱི་ལོ་ ༡༩༠༧ ལོར་ལྷ་སར་མན་ཇུའི་ཨམ་བན་གྱི་གཉེར་བའི་《བོད་ལྗོངས་ཕལ་སྐད་ཚགས་པར། 》ཞེས་པ་སོགས་བྱུང་འདུག ཨག་བར་ (ang-bar) ཞེས་པ་ནི་ཨུར་ཏུའི་སྐད་ཡིན་ཞིང་བོད་ལ་གསར་འགྱུར་ཞེས་པའི་དོན་ནོ། འོན་ཀྱང་། དུས་རབས་ཉི་ཤུ་བའི་བོད་ཀྱི་སྤྱི་ཚོགས་ཁྲོད་《ལ་དྭགས་ཨག་པར་》དང་《བོད་ལྗོངས་ཕ་སྐད་ཚགས་པར་》《གསར་འགྱུར་མེ་ལོང་》གསུམ་གྱི་དབར་སྐད་ཡིག་གི་བརྒྱུད་ལམ་གཅིག་པ་ཙམ་ལས། ནང་དོན་དང་། ཡོངས་ཁྱབ། དགའ་ཞེན་སོགས་ཀྱི་ཐད་གནམ་ས་སླ་འོག་ལྟ་བུའི་ཁྱད་པར་འདུག།《ལ་དྭགས་ཨག་བར་》ནི་ཆོས་ལུགས་མི་སྣ་གཙོ་བོར་གྲུབ་པའི་འབྲི་ཀློག་ཤེས་མཁན་ཤེས་ཡོན་ཅན་ཚོའི་དགའ་མོས་བྱ་རྒྱུར་དམིགས་འབེན་དུ་བཟུང་ཡོད། 《བོད་ལྗོངས་ཕལ་སྐད་ཚགས་པར་》ནི་བོད་ནང་མན་ཇུའི་དབང་འགྱུར་མེད་པར་ཡོད་ཚུལ་སྟོན་པའི་ཁྱབ་བསྒྲགས་ལ་དམིགས་པ་ཞིག་ཡིན།
འོན་ཀྱང་།《གསར་འགྱུར་མེ་ལོང་》ནི་གོང་བརྗོད་གཉིས་ལས་ལྡོག་སྟེ་འཛམ་གླིང་གི་གནས་ཚུལ་དང་། ལྷག་པར་རྒྱ་གར་དང་། བོད། རྒྱ་ནག ཀ་ལོན་སྦུག་སོགས་ཀྱི་ས་གནས་གནས་ཚུལ་རྣམས་གསལ་བོར་བཀོད་ཡོད་པར་བརྟེན། ༸རྒྱལ་བོ་ཡབ་སྲས་གཉིས་གཙོས་བོད་གཞུང་གི་དོ་སྣང་དང་ཐུགས་ཁུར་ཚད་མེད་བྱེད་ཀྱི་འདུག དེ་ཡང་ཕྱི་ལོ་ ༡༩༣༢ ལོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་མཐར་ཕྱིན་ལགས་སུ་《གསར་འགྱུར་མེ་ལོང་》དང་འབྲེལ་བའི་སྐོར་ལ་བཀའ་ཡིག་བསྩལ་ཡོད་ལ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་མཐར་ཕྱིན་ལགས་སུ་བཏང་བའི་ཡིག་གེའི་ནང་དོན་ལས་༸པཎ་ཆེན་རིན་པོ་ཆེས་གསར་འགྱུར་མེ་ལོང་ལ་འཛིན་པའི་གཟིགས་ཚུལ་ཤེས་ཐུབ་ཀྱི་འདུག
དགེ་འདུན་ཆོས་འཕེལ་ལས་ནས་མཐར་ཕྱིན་ལགས་སུ་བཏང་བའི་ཡིག་གེའི་ནང་། ༄༅། །མཁྱེན་ཡང་མཐར་ཕྱིན་པའི་དྲུང་དུད། ཞུ་སྙིང་། ཉེ་ཆར་སྐུ་འཚོ་དགེ་བའི་མུར་ཕྱག་བྲིས་གསར་ཤོག་བཅས་བ་འབྱོར་བས་སྤྲོ། ཀུན་གཟིགས་༸པཎ་ཆེན་མཆོག་ནས་ཁྱེད་ཀྱི་གསར་འགྱུར་ལ་དགྱེས་ཚོར་མཛད་པ་དེ་ཤིན་ཏུ་གཏམ་སྙན་དེ། མི་རིང་བར་རང་རེའི་བོད་དུའང་། ཉིན་སྟར་གྱི་གསར་འགྱུར་ཟླ་རེའི་མེ་གྷ་ཟིན་སོགས་རང་སྐད་དུ་བཀློག་ཅིང་། གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་སོགས་ན་གང་བྱེད་སྐྱིན་ཡོད་པའི་གནས་ཚུལ་མ་གོ་ཡང་། དེང་སང་གི་འཇིག་རྟེན་རིལ་རིལ་འདིའི་སྟེང་གི་སྐད་ཆ་རྣམས་ཐམས་ཅད་ཐུན་མོངས་སུ་གོ་ཐུབ་པ་ཞིག་འོངས་པར་སྨོན་། ཞེས་ཆོས་འཕེལ་བས་ཕུལ། ཞེས་བྱུང་།
དེ་བཞིན་བཀའ་ཤག བོད་གཞུང་ཕྱི་རྒྱལ་ལས་ཁུངས། བོད་ཀྱི་ཚོང་དོན་སྐུ་ཚབ་སོགས་ནས་ཀྱང་གསར་འགྱུར་མེ་ལོང་དཔར་སྐྲུན་ཆེད་འགྲོ་གྲོན་དང་། བོད་ཀྱི་གནས་ཚུལ་ཚགས་ཤོག་སྟེང་བཀོད་དགོས། གསར་འགྱུར་འཚེམས་ལུས་མེད་རིམ་གཏོང་དགོས་པའི་བཀའ་མངགས་ཀྱང་རིམ་པར་ཕེབས་འདུག་པ་ནི་གཤམ་ལགས་ལྟར་རོ། དེ་ཡང་ཕྱི་ལོ་ ༡༩༣༧ ཟླ་ ༢ ཚེས་ ༢༧ དང་། ཕྱི་ལོ་ ༡༩༣༩ ཟླ་ ༩ ཚེས་ ༡༦། ཕྱི་ལོ་ ༡༩༤༨ ཟླ་ ༡ ཚེས་ ༥། ཕྱི་ལོ་ ༡༩༤༨ ཟླ་ ༤ ཚེས་ ༢༦ ཉིན་སོ་སོར་བཀའ་ཤག་གིས་《གསར་འགྱུར་མེ་ལོང་》གཙོ་གཉེར་བ་མཐར་ཕྱིན་སྦ་བྷུ་ལགས་སུ་ལེགས་གསོ་གསོལ་རས་དང་སླད་གསར་ཤོག་རིམ་གཏོང་དགོས་པའི་བཀའ་ཡིག་བཏང་འདུག་པ་གཤམ་གསལ།
༄༅། །ཐོ་དོན། ཁྱེད་ནས་སྔ་ལོ་ཟླ་ ༡༢ པ་ནས་བཟུངས་༸རྒྱལ་སྲིད་རྣམ་གཉིས་དང་། བཀའ་ཤག་བཅས་པར་ཟླ་རེའི་གསར་འགྱུར་ཚགས་པར་ཤོག་ལེ་ཚན་རིམ་འབུལ་བྱུང་བ་གང་ལེགས་ལྟར་ད་ལམ་དམིགས་བསལ་གྱི་དབྱིན་སྒོར་བརྒྱ་ཐམ་པ་གསོལ་རས་སྩལ་སོང་བ་ཟུར་སོང་རྩིས་ལེན་ཐོག སླད་ཀྱང་ཟླ་རེའི་གསར་འགྱུར་ཤོག་ལྟེ་འཚེམས་ལུས་མེད་པ་བོད་གཞུང་གྲོ་སྤྱི་བརྒྱུད་དུས་ཐོག་སོ་སོར་ངེས་འབུལ་དགོས་རྒྱུ་ཡིད་འདོམས་གྱིས། མེ་གླང་(ཕྱི་ལོ་ ༡༩༣༧)ཟླ་ ༢ ཚེས་ ༢༧ ཉིན། རྟགས་ཐམ། ཞེས་དང་།
༄༅། ། ཐོ་དོན། ཁྱེད་ནས་འདི་ག་སྐྱབས་མགོན་༸རྒྱལ་ཚབ་སྲིད་སྐྱོང་རིན་པོ་ཆེ་དང་། བཀའ་ཤག་བཅས་པར་ཟླ་རེའི་གསར་འགྱུར་ཚགས་པར་ཤོག་ལྷེ་ལེ་ཚན་ད་ཕན་རིམ་ཕུལ་བྱུང་བ་གང་ལེགས་ལྟར་ད་ལམ་དམིགས་བསལ་གྱི་དབྱིན་སྒོར་བརྒྱ་ཐམ་པ་གསོལ་རས་སྩལ་སོང་བ་རྩིས་ལེན་ཐོག་སླད་ཀྱང་ཟླ་རེའི་གསར་འགྱུར་ཤོག་ལྷེ་འཚེམས་ལུས་མེད་པ་བོད་གཞུང་གྲོ་སྤྱི་བརྒྱུད་སྔར་བཞིན་དུས་ཐོག་སོ་སོར་ངེས་འབུལ་དགོས་རྒྱུ་ཡིད་འདོམས་གྱིས། ས་ཡོས་(ཕྱི་ལོ་ ༡༩༣༩)ཟླ་ ༩ ཚེེས་ ༡༦ ཉིན། རྟགས་ཐམ། ཞེས་དང་།
༄༅། ། ཐོ་དོན། ཁྱེད་རང་ནས་ཕྱི་རྒྱལ་ཁག་སོགས་ཀྱི་གསར་འགྱུར་ཟླ་རེ་བཞིན་པར་འདེབས་ཀྱིས་༸གོང་ས་སྐྱབས་མགོན་མཆོད་ཡོན་རྣམ་གཉིས་དང་། འདི་ག་ལས་ཁུངས་ཁག་ལ་འབུལ་སྤྲོད་ཞུ་རྒྱུར་གྲོ་སྤྱི་བརྒྱུད་ཟླ་བ་ངོ་རེ་བཞིན་ཕུལ་འབྱོར་བྱུང་བ་ཁུངས་སོ་སོར་སྐབས་འཕྲལ་འབུལ་སྤྲོད་ཟིན་པས་ལེགས་ཤིང་། ད་ལམ་གསོལ་རས་མཚོན་བྱེད་དབྱིན་སྒོར་ལྔ་བརྒྱ་ཐམ་པ་ཟུར་སོང་རྩིས་ལེན་དགོས་རྒྱུ་བཅས་ཡིད་འདོམ་གྱིས། ས་བྱི་(ཕྱི་ལོ་ ༡༩༤༨)ཟླ་ ༡ ཚེས་ ༥ ལ། རྟགས་ཐམ། ཞེས་སོགས་འཁོད་འདུག བོད་གཞུང་ཕྱི་རྒྱལ་ལས་ཁུངས་ནས་མཐར་ཕྱིན་ལགས་སུ་བསྩལ་བ།
༄༅། །ཐོ་དོན། དེ་ནས་ཟླ་ ༣ པར་བཏང་བའི་སྙན་ཞུ་འདིར་ཟླ་ ༤ ཚེས་ ༡༢ ཉིན་འབྱོར་པར་ཞིབ་འཇུག་གིས་སྐྱབས་མགོན་སྲིད་སྐྱོང་ཡོངས་འཛིན་སྟག་བྲག་པཎི་ཏ་ཀྭན་ཏིང་ཏཱ་གཽ་ཤྲི་ཧོ་ཐོག་ཐུ་ཆེན་པོར་སྙན་ཞུས་དོན་འབྲེལ་ཁྱེད་ནས་བོད་ཡིག་གསར་འགྱུར་ཁྱབ་སྤེལ་དར་རྒྱས་འབྱུང་ཆེད་ལྕགས་པར་གསར་སྒྲུབ་ཀྱི་རིམ་པས་བདུན་རེར་ཐེངས་རེའམ། དེ་མིན་ཟླ་རེར་ཐེངས་གཉིས་གསུམ་འབུལ་ལམ་ཞུ་རྩིས་ལྷག་བསམ་དགེ་བར་བརྟེན་ད་ལམ་ལྕགས་པར་གསར་སྒྲུབ་ཀྱི་མཐུན་རྐྱེན་གསོལ་རས་སུ་ཕག་རི་ཤོ་བཤེར་དོ་དམ་མཁན་རིམ་སྦྲེལ་པོའི་རྩིས་སྟེང་ནས་དབྱིན་སྒོར་ལྔ་བརྒྱ་ཐམ་པ་བླངས་འཐུས་འཛིན་ཐམ་ཟུར་སོང་ལྟར་རྩིས་ལེན་དང་འབྲེལ་སླད་ནས་འཛམ་གླིང་རྒྱལ་ཁབ་ཀྱི་ཡུལ་བབས་གསར་གནས་གལ་ཆེ་འགོད་འབུལ་ཞུས་འོས་རིགས་ད་མུས་དུས་ཐོག་ངེས་འབུལ་དགོས་རྒྱུ་བཅས་དེ་དོན་ཡིད་འདོམས་ཀྱིས། ས་བྱི་(ཕྱི་ལོ་ ༡༩༤༨)ཟླ་ ༤ ཚེས་ ༢༦ ཉིན། རྟགས་ཐམ།
དེ་བཞིན་བོད་གཞུང་ཕྱི་རྒྱལ་ལས་ཁུངས་དང་། བོད་གཞུང་ཚོང་དོན་ལས་ཁུངས་གཉིས་ནས་ཀྱང་། ཀ་སྦུག་གས་འགྱུར་མེ་ལོང་གཙོ་གཉེར་སྦ་བྷུ་མཐར་ཕྱིན་ལགས་སུ་བོད་ཀྱི་ཕྱི་དྲིལ་གནད་དོན་དང་ཚོང་དོན་གནས་ཚུལ་ཕྱི་་བསྒྲགས་གནང་སྐྱོང་ཡོང་བའི་གསོལ་འདེབས་བཀའ་ཡིག་ཕུལ་འདུག་པའི་བརྗོད་དོན་གཤམ་གསལ།
༄༅། །ཆེད་དོན། ཉིད་རང་ནས་༸གོང་ས་སྐྱབས་མགོན་མཆོད་ཡོན་རྣམ་གཉིས་དང་། བཀའ་ཤག ལས་ཁུངས་ཁག་བཅས་ལ་ཟླ་རེ་གསར་ཤོག་ཕུལ་བའི་ལེགས་སྐྱེས་གསོལ་རས་སུ་དབྱིན་སྒོར་ལྔ་བརྒྱ་ཐམ་པ་དང་། དེ་སྐོར་བཀའ་རྒྱ། གོང་གསལ་དངུལ་འཛིན་བཅས་ཟུར་སོང་རྩིས་ལེན་གྱི་དངུལ་འབབ་ཀ་སྦུག་སྤོམ་ཚང་ནས་ལེན་ལུགས་མ་ཟད། གསར་ཤོག་རྣམ་༸གོང་ས་ཡས་ཕྱིན་དང་། ལས་ཁུངས་ཁག་ལ་དུས་འབུལ་ཞུ་གི་ཡོད་ཤག་ཀྱང་། འདི་གར་ཟླ་རེའི་གསར་ཤོག་དུས་ཐོག་འབྱོར་མིན་ལ་ད་ཕྱིན་གསར་ཤོག་དུས་འབྱོར་ངེས་གཏོང་དགོས་ཤིང་། ད་ལམ་བཀའ་རྒྱའི་འབྱོར་ལན་ཀྱང་འདི་ག་བརྒྱུད་ངེས་སྲིང་ཡོད་པ་བྱེད། བོད་གཞུང་ཕྱི་རྒྱལ་ལས་ཁུངས་ནས། ས་བྱི་(ཕྱི་ལོ་ ༡༩༤༨)ཟླ་༢ ཚེས་ ༢ ལ། རྟགས་ཐམ།
༄༅། །ཀ་སྦུག་སྤར་དཔོན་ཁུ་ནུ་ཐར་ཕྱིན་ལགས་ཀྱི་དྲུང་དུད། འདི་ག་བོད་གཞུང་ཕྱི་རྒྱལ་ལས་ཁུངས་ནང་འགྲེམས་རྒྱུའི་བོད་གཞུང་ཕྱི་རྒྱལ་ལས་ཁུངས་ཚུགས་ནས་དོ་དམ་ཐེངས་བཞི་པ་སྐུ་བཅར་ཛ སག་བླ་མ་སྣེ་ཤར་དང་། ཛ་སག་ཟུར་ཁང་ཟུར་པ་གཉིས་ཡོད་པའི་སྤར་ཟུར་ཕུལ་དེ་དག ཀ་སྦུག་སྤར་ལས་བྱེད་མི་དེ་བཞིན་ལ། ཨིང་ལོར་གཏོང་དུ་འཇུག་གནང་གི་གང་ཆེ་ཆེ་ཞིག་བཟོ་གནང་ཐོག འོག་ཏུ་ཤོག་བུ་ཐུབ་པོ་སྦྱར་སྟེ་དེའི་སྟེང་མིང་གོང་ལྟར་ཡི་གེ་དབུ་ཆེན་སྤུས་དག་ཞིག་འབྲི་འཇུག་གནང་གིས་མཐའ་ལ་སྤར་སྒྲོམ་གང་ལེགས་དང་། དེ་ལ་ཤེལ་སྒོ་རང་འགྲིགས་བཟོ་གནང་གིས་རབ་ལ་ཚོང་པ་འགྲོ་མི་གང་མགྱོགས་རྡོ་གཏན་ཞིག་དང་དེ་མིན་འབྲས་སྤྱི་བློན་ཆེན་ལ་བདེ་གླིང་བརྒྱུད་འབུལ་རྒྱུར་བསྐུར་གནང་ཡོད་པ་ཞེས། གནས་གོང་ཡི་གེ།
༄༅། །མཁྱེན་ལྡན་ཡངས་པ་མཐར་ཕྱིན་བྷ་བུ་ལགས་རིན་པོ་ཆེར། འདི་ག་བོད་གཞུང་ཚོང་དོན་ལས་ཁུངས་ནས་བོད་ཚོང་ཆེ་ཆུང་རྣམས་ལ་ཕྱེ་ཀར་མོས་བསྙོམས་ཕྱོགས་བགོད་གནང་བའི་མིང་ཐོ་སྦྱར་ཤོག་ཁག་སྔོན་ཕུལ་ལྟར་གསར་འགྱུར་ཁག་གཉིས་ནང་ཐུགས་འཁུར་ཟབ་བཞེས་ཀྱིས་འགོད་གནང་ལེགས་བྱུང་འདུག་པས། ད་ལམ་གཏོང་མིན་མཚོན་བྱེད་ཞལ་འདེབས་དབྱིན་སྒོར་ལྔ་བརྒྱ་ཐམ་པ་ཟུར་ཕུལ་རྩིས་བཞེས་ཡོད་པ་དགོངས་འཇགས་ཞུ། བོད་གཞུང་ཚོང་དོན་ལས་ཁུངས་ནས། ཟླ་ ༡༢ ཚེས་ ༡ ལ། ཞེས་འཁོད་འདུག
གོང་གསལ་༸རྒྱལ་བ་ཡབ་སྲས་རྣམ་གཉིས་དང་། བཀའ་ཤག བོད་གཞུང་ཕྱི་རྒྱལ་ལས་ཁུངས། བོད་གཞུང་ཚོང་དོན་སྐུ་ཚབ་ཙམ་མ་ཟད། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་བླ་ཆེན་དང་སྐུ་དྲག་མི་སྣ་ཁག་ལའང་ལྟ་ཀློག་བྱེད་དུ་འཇུག་གི་ཡོད་སྟབས། ཀ་སྦུག་བོད་རིགས་ཚོང་པ་ཀ་སྦུག་ནས་བོད་དུ་ལོག་ཡོང་སྐབས་《གསར་འགྱུར་མེ་ལོང་》གི་གསར་ཤོག་འཁྱེར་ཡོང་དེ། ལྷ་སའི་ནང་གི་བོད་མི་ཚོས་བསྐྱར་དུ་དཔར་བཤུས་བརྒྱབ་སྟེ། རྒྱལ་རྩེ་དང་། ཆབ་མདོ། སྡེ་དགེ་སོགས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲེམ་སྤེལ་བྱས་ནས་བསླེབས་ཀྱི་ཡོད་ པ་དེ་ལས། ༸རྒྱལ་བ་ཡས་སྲས་རྣམ་གཉིས་དང་། བཀའ་ཤག བོད་གཞུང་ཕྱི་རྒྱལ་ལས་ཁུངས། བོད་གཞུང་ཚོང་དོན་སྐུ་ཚབ། མི་མང་བཅས་ཀྱིས་《གསར་འགྱུར་མེ་ལོང་》ལ་དོ་སྣང་དང་། གདེང་འཇོག རེ་སྐུལ་ཇི་ཙམ་བྱེད་ཀྱི་ཡོད་པ་ཤེས་ཐུབ་ལ། དོ་སྣང་དང་རེ་སྐུལ་དེ་ལས་《གསར་འགྱུར་མེ་ལོང་》གིས་བོད་ལ་ཕན་པའི་རིན་ཐང་ཡང་མངོན་ཐུབ་ཀྱི་འདུག
ལེ་ཚན་གཉིས་པ། ༸པཎ་ཆེན་དགུ་པས་གོར་ཤ་དགྲ་འཛིན་གྱི་བསམ་པ་ཡོད་མེད།
༸པཎ་ཆེན་ཐང་དཀར་ཡིན་ཟེར།། ནམ་འཕངས་བཅད་ནས་འཕུར་སོང་།།
མཚོ་སྒོ་ཤ་ཁྱི་འདྲ་བ།། དྲི་བསྣུམས་བྱས་ནས་ལོག་བྱུང་།།
ལུང་ཤར་རྩིས་དཔོན་ཆེན་མོ།། རྩིས་ལོག་ཐེབས་ནས་སླེབས་བྱུང་།།
ཕྱི་ལོ་ ༡༩༢༣ ཟླ་ ༡༡ ཚེས་ ༡༥ མཚན་མོ། དགུང་གྲངས་ ༤༡ ལ་ཕེབས་པའི་༸པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ན་བཟའ་ཕྱོགས་ཆས་དང་བཅས། ཆིབས་ཆེན་ཧོ་ཐོག་རྐྱང་པོར་བཅིབས་ཏེ་གཙང་བཀྲ་ཤིས་ལྷུན་པོ་ནས་གསང་བྱོལ་གནང་འདུག། གོང་གསལ་གྱི་གཞས་ཚིག་ནི་དུས་སྐབས་དེའི་གཞི་རིམ་བོད་མི་ཚོས་༸པཎ་ཆེན་རིན་པོ་ཆེ་ཁམས་སོག་ཡུལ་གྲུར་གསང་བྱོལ་གནང་ཐུབ་པར་ཡི་རང་དང་། མདའ་དཔོན་ས་ལུང་དང་རྩིས་དཔོན་ལུང་དང་བཅས་པའི་གནང་སྟངས་མི་འདོད་ཟུར་ཟ་བྱས་པའི་གནས་ཚུལ་གསོན་པོ་ཞིག་ཡིན་ཞིང་། ཕྱོགས་གཡོལ་གནང་དོན་བོད་གཞུང་གིས་སྒྲུབ་མི་ཐུབ་པའི་ཁྲལ་འུ་འཁྲི་འགེལ་བྱས་པའི་དམིགས་སྒོའི་ཆེད་ཁམས་སོག་ཡུལ་གྲུར་ཞལ་འདེབས་སློང་བར་ཕེབས་རྒྱུ་ཡིན་པ་གསུངས། གོང་གསལ་གྱི་གནས་ངན་ཡོང་རྐྱེན་གཙོ་བོ་ཞིག་ནི། མཁྱེན་ལྡན་ཞིག་ནས་ཕྱི་ལོ་་༡༩༥༣ བོད་ཟླ་ ༤ ཚེས་ ༢༦ ཉིན། ཀ་སྦུག་《གསར་འགྱུར་མེ་ལོང་》རྩོམ་སྒྲིག་མཁན་མཐར་ཕྱིན་སྦ་སྦུ་ལགས་སུ་སྦྲག་ཐོག་ཡིག་གེ་བསྐུར་བའི་ནང་།
རྒྱ་ངན་འདིས་དབུས་གཙང་ཁམས་གསུམ་གྱི་དཔོན་འགོ་མི་རེའི་སར་སྐད་ཆ་རེ་ཤོད། དཔེར་ན། བོད་གཞུང་སྐུ་དྲག་རྣམས་ལ་ཁྱེད་ཚོས་ཡག་པོ་མ་བྱས་ན་གཙང་པ་དང་ཁམས་པ་ཚོས་རྒྱ་གཞུང་ལ་འདི་ཞུ། ཁོ་ཚོའི་བསམ་ཕུག་འདི་ཡོད། རྒྱ་གཞུང་ནས་བོད་གཞུང་ལ་རོགས་རམ་གནང་རྒྱུར་མེ་ཆུང་གསོད་བྱེད་དགོས་ཟེར། གཙང་པ་རྣམས་ལ་པཎ་ཆེན་མེད་ཤུལ་བོད་གཞུང་ནས་འདི་དང་འདི་བྱས། ཁྱོད་ཚོར་རྒྱ་གཞུང་ནས་སྐྱབས་འཇུག་ཡོད་སྐབས་གཙང་གམ་པ་ལ་ལ་ཡན་གྱི་ཚད་དབང་ལེན་དགསོ། པཎ་ཆེན་ཆོས་ཕྱོགས་ནས་རྒྱལ་བ་རིན་པོ་ཆེ་ལས་ཐོབ་བཟོས་ཆེ། ཁྲལ་རིགས་རྒྱུགས་ཕྱོགས་གང་ས་ནས་རྩོད་གླེང་ཇེ་འཕེལ་དུ་གཏོང་དགོས་ཟེར། ཞེས་བྱུང་བ་ལྟར། རྒྱ་ནག་གཞུང་གི་གཞུང་བླའི་སྐུ་དྲག་བེད་སྤྱོད་དང་གཞུང་བླའི་དབར་དཀྲུགས་ཤིང་བརྒྱབས་རྐྱེན། བོད་གཞུང་ནས་བཀྲས་ལྷུན་བླ་བྲང་ལ་ཁྲལ་འུ་གསར་འཕར་ལྗིད་འགེལ་དང་བླ་བྲང་ནས་སྔར་ལྷག་ཡོང་ཐབས་མེད་པའི་རྡོ་ཁ་བསྐྱུར་མཐར། གཞུང་བླའི་དབར་འགལ་ཟླ་ཆེན་པོ་བྱུང་ཞིང་། བླ་བྲང་ནང་མ་ཁང་གི་༸པཎ་ཆེན་རིན་པོ་ཆེ་བོད་དུ་ཆིབས་བསྒྱུར་དང་། བླ་བྲང་གི་ཆོས་གཞིས་བདག་ཐོབ་སྔར་གནས་ཡོང་ཐབས་ཆེད་གཞུང་ལ་དྲག་པོའི་འཐབ་རྒོལ་བྱེད་རྒྱུའི་བསམ་པས་རྒྱ་ནག་ནས་གོ་མཚོན་ཡང་བླུ་ཉོ་གནང་ཡོད་འདུག
དེ་ཡང་། ཕྱི་ལོ་ ༡༩༣༠ ཟླ་ ༨ ཚེས་ ༡ ཉིན་《གསར་འགྱུར་མེ་ལོང་》གི་ཤོག་ངོས་ ༡༡ ནང་། ཧོང་ཀོང་གསར་འགྱུར་“ཧྭ་ཀྱ་ཡད་པོ་”ཞེས་བྱའི་གནས་ཚུལ་ནང་གསལ། ཉེ་ལམ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་མུག་དན་དུ་ཕྱག་མདའ་ ༢༠༠༠ ཐམ་པ་དང་། མེ་སྒྱོག་འབག་འབག་སོགས་དུ་མ་སྤུས་གཟིགས་མཛད་ནས། སྐུ་སྲུང་དམག་སྒར་རི་ཇི་མཱེན་གཅིག་འཛུགས་གནང་མཛད་ནས། དེའི་སྤྱི་ཁྱབ་ཅང་སོ་ལིན་བྱ་བར་བསྐོས་གནང་མཛད་འདུག་པ། ད་དུང་ཡང་དམག་སྒར་རི་ཇི་མཱེན་དེ་ཆེར་བཏང་ནས་རྦི་རི་གེད་གསུམ་གསར་འཛུགས་གནང་ཐོག་བོད་ལ་ཆིབས་བསྒྱུར་གནང་གི་རེད། ཅེས་དང་། ཕྱི་ལོ་ ༡༩༣༡ ཟླ་ ༧ ཚེས་ ༡༦ ཉིན་གྱི་《གསར་འགྱུར་མེ་ལོང་》ཤོག་ངོས་ ༦ ནང་། ༸པཎ་ཆེན་རིན་པོ་ཆེར་ནན་ཅིང་གཞུང་ནས་མེ་མདའ་དང་གོས་ཆེན་མང་པོ་མ་ཟད། ཀང་ཀེ་ཤག་སྒེར་ནས་ཀྱང་མང་པོ་ཕུལ་སྐད། ཅེས་སོགས་བྱུང་། གོང་གསལ་གྱི་གནས་ཚུལ་དེ་འདྲ་ཞིག་ད་ཕན་༸པཎ་ཆེན་རིན་པོ་ཆེའི་རྣམ་ཐར་ཁག་ནང་མཇལ་རྒྱུ་མེད་པའི་གནས་ཚུལ་གསར་པ་ཞིག་རེད། གོ་མཚོན་དེ་དག་གང་གི་ཆེད་བླུ་ཉོ་གནང་བ་ཡིན་ནམ། ༸པཎ་ཆེན་སྐུ་ཕྲེང་དགུ་པ་དང་གོ་མི་སྲིད་གཞུང་།
ཡཱང་ཧན་ཀྲང་གིས་བརྩམས་པའི་《༸པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་》ནང་། ཕྱི་ལོ་ ༡༩༣༠ གོར་བོད་དམག་འཁྲུག་བྱུང་སྐབས། ༸པཎ་ཆེན་རིན་པོ་སྐུ་ཕྲེང་དགུས་པས་མཁྱེན་རྗེས་བོད་དུ་ཕྱིར་ཕེབས་ཀྱིས་གོར་ཤའི་བཙན་འཛུལ་ལ་འགོག་རྒོལ་གནང་རྒྱུའི་གྲ་སྒྲིག་མཛད། ཁོང་གིས་གོང་མིང་སྲིད་གཞུང་ལ་མེ་མདའ་རིང་མདའ་ལྔ་སྟོང་དང་། མདེའུ་ཁྲི་ཉིས་བརྒྱ་ལྔ་བཅུ། དམག་ཆས་ཆ་ཚང་ལྔ་སྟོང་། ཟླ་རེར་དམག་ཕོགས་སྒོར་མོ་ཁྲི་བཅུ་རེ་གནང་རོགས་ཞུས་པ་དང་། གལ་ཏེ་ཀྲུང་དབྱང་མཆོག་གནས་བབ་ཀྱིས་རྐྱེན་པས་སྐབས་ཤིག་རིང་གནང་ཁོམ་མེད་ན་སོ་སོས་གྲ་སྒྲིག་བྱ་རྒྱུ་ཡིན། ཞེས་གསུངས་པ་འཁོད་འདུག འོན་ཀྱང་། འདི་ནས་ཕྱི་ལོ་ ༡༩༣༡ ལོར་༸པཎ་ཆེན་རིན་པོ་ཆེས་གོར་ཤ་རྒྱལ་པོར་བསྩལ་བའི་བཀའ་ཡིག་དམ་འབྱར་མ་ཞིག་ད་ལྟ་བོད་ཀྱི་དཔེ་མཛོད་ཁང་དུ་གཅེས་ཉར་ཞུས་པ་དེའི་ནང་དོན་ལ་གཞིགས་ན། གོ་མཚོན་དེ་དག་གོར་ཤ་ཕར་རྒོལ་ཆེད་གཟིགས་པ་ཞིག་མིན་པའི་དོགས་པ་འདུག གཤམ་དུ་བཀའ་ཡིག་ངོ་བཤུས་འཁོད་རྒྱུ་ཡིན།
ལེགས་བྱས་དཔལ་གྱི་མངོན་པར་མཐོ་བ་ཤྲི་ཤྲི་ཤྲི་གོར་ཤ་མ་ཧཱ་ཛ་བྷི་སམ་ཤེ་ཛངྒ་བཱ་དུར་མཆོག་གི་དྲུང་དུ།
པཎ་ཆེན་ཨེར་ཏེ་ནི་ནས་ཡི་གེ་འབུལ་འབྲས་ལེགས་བྱས་བསོད་ནམས་དུ་མས་བསྐྲུན་པའི་མ་ཧཱ་ར་ཛ་མཆོག་གི་སྐུ་འཚོ་རི་དབང་ལྟར་བརྟན་ཅིང་། ནེ་པལ་རྒྱལ་ཁབ་ཀྱི་ཆབ་སྲིད་ཉིད་ཟླའི་སྣང་བ་ཆེ་ཆེར་རྒྱས་པས་མངའ་འབངས་རྣམས་བདེ་སྐྱིད་དགའ་བདེའི་དཔལ་ལ་སྤྱོད་བཞིན་པར་བཞུགས་པ་ནི་སྤྲོ་བ་རྒྱ་ཆེར་ཐོབ། ངོས་ཀྱང་འདུ་ཁམས་བཟང་ཞིང་། ས་སྟེང་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་ཕན་བདེའི་ལེགས་ཚོགས་སྤེལ་ཐབས་ཀྱི་ལྷག་བསམ་སྐྱེད་བཞིན་པར་གནས། ཉེ་ལམ་བོད་ལྷ་ས་གཞུང་ནས་ཕྱི་ནང་གང་སར་སྔར་སྲོལ་ལ་མི་གནས་པའི་གསར་སྤྲོས་རང་སྣང་གང་དྲན་གནང་བ་དང་། ཡོངས་ཀྱི་སྤྱི་ནོར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པར་སྡང་ཟུར་གིས་རྐྱེན་བྱས་པས་ཉམས་ཆག་ཆེ་ལ། དབུས་གཙང་ཁམས་གསུམ་གྱི་སྐྱེ་འགྲོ་ལ་མནར་གཅོད་བརྡབ་གསིག་སྣ་མང་བརྗོད་ཀྱིས་མི་ལངས་བ་དང་།
ཡང་སྒོས་བཀྲས་བླའི་གཞུང་དང་མི་སེར་ལ་གསར་སྤྲོས་བཙན་ཤེད་ཇེ་རྒྱས་ཇེ་རྒྱས་འཕེལ་གནང་དང་གནང་བཞིན་པའི་ལུགས་ཡི་གེ་རིམ་པར་ཕུལ་བ་ལྟར་དང་། སྔ་ལོ་ཁ་མ་ཧཱ་ར་ཛ་མཆོག་རྒྱལ་ཁབ་ཆབ་སྲིད་ཀྱི་ཁྲི་ལ་ཆེ་འདོན་མངའ་གསོལ་མཛད་པའི་ལེགས་སྐྱེས་འབུལ་བར་ཆབས་ཅིག་རིམ་བཞི་གསེར་ཁང་པ་དེར་བཅར་རྒྱུ་ཡིན་ཡང་། སྐབས་དེར་གོར་བོད་ས་མཚམས་རྣམས་སུ་དོན་མེད་ཀྱི་གཏམ་འཆལ་ཅི་རིགས་གླེང་གཤིས་རྒྱལ་ཁབ་ཕན་ཚུན་གང་སར་ཐུགས་དོགས་འདྲ་མཆིས་ན་དགོས་མེད་ལ་བསམ་ངང་འཐེན་ཞུ་དགོས་སོང་ལགས་ན། མ་ཧཱ་ར་ཛ་མཆོག་ནས་དངོས་དཀྱིལ་ལྷོད་མཇལ་དང་འབྲེལ་གོར་ཤ་རྒྱལ་ཁང་དང་གཙང་བཀྲ་ཤིས་ལྷུན་གཞུང་གཉིས་བུ་སྤུན་ལྟ་བུའི་མཐུན་ལམ་ཡོད་མུས་ལྟར་སླར་ཡང་རིང་གནས་འབྱུང་ཞིང་། ངོས་ངོ་འཁོར་རིང་མིན་བོད་ལྗོངས་སུ་ཕྱིར་བསྐྱོད་ཐོག་སྤྱི་སྒོས་ཀྱི་བསྟན་སྲིད་འཛིན་སྤེལ་ཡར་ངོའི་ཟླ་རྗེས་སུ་སྐྱོང་ཐུབ་པ་དང་། གངས་ལྗོངས་རིས་མེད་ཀྱི་སྐྱེ་འགྲོ་བདེ་སྐྱིད་འཁོས་སུ་ཕེབས་པ་སོགས་ཐབས་ཚུལ་ཇི་ལྟར་བགྱིད་འོས་རྣམས་འཕྲལ་ཡུན་ལེགས་ལམ་དགེ་མཚན་དུ་ལྷོངས་པའི་སློབ་སྟོན་དང་། རོགས་མགོན་མཛད་སྟབས་གང་ཐོན་ནང་མའི་བཀའ་བཟང་འདི་པ་བརྒྱུད་ལྷུག་པོར་འཇོ་བ་དང་ཟབ་འཇགས་འཚལ་ཞེས་རྟེན་ལྷ་རྫས་ཁ་བཏགས་དང་འབུལ་མཚོན་རྟེན་ཐོ་ལེགས་གསལ་ལྟར་བཅས།
ལྕགས་ལུགས་ཕྱི་ལོ་ ༡༩༣༡ བོད་ཟླ་ ༨ ཚེས་ ༢༥ ཉིན་ལ། ཞེས་འཁོད།
གོང་གསལ་གྱི་དཔྱད་གཉིས་གཤིབ་བསྡུར་བྱས་པ་ལས་ང་ཚོས་གནད་དོན་གཉིས་ཤེས་པ་ནི། གཅིག་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་ནས་གོར་ཤ་ལ་དགྲ་རྒོལ་གྱི་བསམ་པ་མེད་པ་དང་། གཉིས་སུ་གོ་མཚོན་བླུ་ཉོ་གནང་བ་དེ་ནི་རྒྱ་ནག་གཞུང་གིས་ཞི་དྲག་གི་དཔོན་རིགས་ཇི་སྙེད་ཅིག་༸པཎ་ཆེན་རིན་པོ་ཆེ་གཙང་དུ་ཕེབས་སྐྱེལ་ལ་ཁ་གཡོར་གྱི་བོད་ནང་ཡོང་ཐབས་དང་། གཙང་དུ་གོ་མིང་ཏང་ལ་དགའ་མཁན་གྱི་སྲིད་དབང་བཙུགས་ནས་༸གོང་ས་མཆོག་བོད་གཞུང་ལ་ཀ་གཏད་འཇལ་དུ་འཇུག་རྒྱུའི་ངན་ཞུས་བཤམས་ཀྱང་། བོད་གཞུང་གིས་རྒྱ་མིའི་སྐུ་སྲུང་དམག་བོད་དུ་ཡོང་རྒྱུ་ཞལ་བཞེས་མ་གནང་བར་བརྟེན། རྒྱ་ནག་གཞུང་དང་པཎ་ཆེན་ནང་མ་ཁང་ངན་མཐུན་གྱིས་རང་གི་མངོན་འདོད་མངོན་འགྱུར་ཆེད་བོད་གཞུང་ལ་དྲག་རྒོལ་གྱི་གྲ་སྒྲིག་བྱས་པ་དེ། ཕྱི་ཚུལ་གོར་ཤ་འགོག་རྒོལ་ལ་ཞལ་གཡོར་གྱིས་གོ་མཚོན་དང་དམག་དཔུང་གྲ་སྒྲིག་གིས་བོད་ནང་ཕེབས་རྒྱུའི་གྲ་སྒྲིག་བྱས་པ་ཞིག་ཡིན་པ་དེ་རེད།
གང་ལགས་ཤེ་ན།། ཕྱི་ལོ་ ༡༩༣༠ ཟླ་ ༧ ཚེས་ ༢༦ གི་《གསར་འགྱུར་མེ་ལོང་》གི་ཤོག་ངོས་ ༧ ནང་། དབྱིན་ཟླ་ ༧ ཏ་རིག་ ༨ སི་ག་པུར་གྱི་རྒྱ་ཡིག་གསར་འགྱུར་(སིང་ཅིའུ་ཡད་པོ་)མིང་དུ་བརྗོད་པའི་ནང་གསལ། ཉེ་ལམ་རྒྱ་ནག་མཱན་ཅུ་རིའི་དམག་དཔོན་ཀྲང་གཞོགས་ལེན་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ། དེང་དུས་ཀྱི་མེ་མདའ་གསར་པ ༥༠༠༠ ཐམ་པ་དང་། དམག་སྤྱི་ཅང་ཀཻ་ཤག་ནས་མེ་མདའ་ ༢༠༠༠ དང་། ཡན་ཧྲི་ཤན་ནས་མེ་མདའ་ ༢༠༠༠ བཅས་བསྡོམས་ ༩༠༠༠ ཐམ་པ་ཕུལ་འདུག་པའང་པཎ་ཆེན་བོད་དུ་ཆིབས་བསྐྱངས་མཛད་སྐབས་ཐུགས་ཕན་ཞིག་ཡོང་བའི་ཆེད་དུའོ་ཞེས་གསལ། ཞེས་བྱུང་བ་ལས་ཤེས་རྒྱུའོ།
ལེ་ཚན་གཉིས་པ། ༸པཎ་ཆེན་བཅུ་པས་མའོ་ལ་ཏར་འཕྲིན་བཏང་མིན།
བཅིངས་བཀྲོལ་བོད་ལ་སླེབས་ཀྱང་།། ལྟ་བ་ཆག་གི་མ་རེད།།
པཎ་ཆེན་བོད་ལ་ཕེབས་ཀྱང་།། ཕྱག་དབང་ཞུ་གི་མ་རེད། །
ཅེས་པའི་གོང་གསལ་དམངས་གཞས་དེ་ནི་ཕྱི་ལོ་ ༡༩༥༢ ཟླ་ ༥ ནས་༦ ཚེས་ ༡ ཉིན་གྱི་《གསར་འགྱུར་མེ་ལོང་》ཤོག་ངོས་ ༨ ནང་འདུག དམངས་གཞས་དེ་ནི་ཕྱི་ལོ་ ༡༩༥༢ ཟླ་ ༣ ཚེས་ ༥ ཉིན། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལྷ་སར་ཞབས་སོར་འཁོད་སྐབས། ལྷ་ས་ཁུལ་གྱི་མི་དམངས་ཚོས་བཏང་བའི་དམངས་ཁྲོད་གཞས་ཤིག་རེད་འདུག དམངས་གཞས་དེ་ལས་དུས་སྐབས་དེར་ལྷ་ས་ཁུལ་གྱི་མི་དམངས་ཚོས་མགོན་པོ་ཚེ་བརྟན་ལ་ལོ་རྒྱུས་ཀྱི་༸པཎ་ཆེན་ལྟར་དད་གུས་ལྟ་ཅི་མི་འདོད་པའི་རྣམ་འགྱུར་གྱི་འབོད་སྒྲ་ཞིག་ཡིན་ཞིང་། འབོད་སྒྲ་དེ་འདྲ་ཞིག་གྲགས་དོན་ནི་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན། ༸པཎ་ཆེན་སྐུ་ཕྲེང་བཅུ་པས་མའོ་ཙེ་ཏུང་ལ་བོད་བཅིངས་འགྲོལ་གཏོང་རོགས་ཞུས་ལུགས་ཀྱི་ཏར་འཕྲིན་བཏང་བ་རེད་ཟེར་བའི་གླེང་ཕྱོགས་དང་འབྲེལ་བ་ངེས་ཅན་ཡོད། ཡང་སྙིང་༸པཎ་ཆེན་རིན་པོ་ཆེས་མའོ་ལ་ཏར་འཕྲིན་ཞིག་བཏང་ཡོད་དམ། ཏར་འཕྲིན་སྟེང་ནང་དོན་ཅི་ཞིག་འཁོད་ཡོད་དམ།
དང་པོ། ༸པཎ་ཆེན་རིན་པོ་ཆེས་མའོ་ལ་ཏར་འཕྲིན་བཏང་མིན་སྐོར།
ཕྱི་ལོ་ ༡༩༤༩ ལོ་མཇུག་ཏུ་མའོ་ཀྲུ་ཞིས་རྒྱལ་སྤྱིའི་ཐོག་བོད་ཀྱི་བླ་ཆེན་ཞིག་གིས་བོད་ལ་བཅིངས་འགྲོལ་གཏོང་རྒྱུའི་རེ་སྐུལ་སྙན་ཞུ་འབྱོར་ཚུལ་བསྒྲགས་ཏེ། གུང་ཁྲན་ཏང་གི་རྐང་པ་བོད་ནང་སྤོས་ཡོད། ཁོ་པ་ཚོས་བཤད་པའི་བོད་ཀྱི་བླ་ཆེན་ཞིག་ཞེས་པ་ནི་༸པཎ་ཆེན་རིན་པོ་ཆེ་ལ་ཟེར་གྱི་ཡོད་པ་དང་། སྙན་ཞུ་འབྱོར་བྱུང་ཞེས་པ་དེ་ནི་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན་ཨ་མདོ་ན་བཞུགས་ཡོད་པའི་༸པཎ་ཆེན་སྐུ་ཕྲེང་བཅུ་པས་གུང་ཁྲན་གྱི་གཙོ་འཛིན་མའོ་ཙེ་ཏུང་ལ་བོད་བཅིངས་འགྲོལ་གཏོང་དགོས་ལུགས་ཏར་འཕྲིན་ཕུལ་བ་རེད་ཟེར་བའི་ཏར་འཕྲིན་གྱི་ནང་དོན་དེ་རེད། ང་ཚོས་ཞིབ་ཚགས་དགོས་ཞིབ་འཇུག་བྱས་ཚེ་དེ་ནི་༸པཎ་ཆེན་རིན་པོ་ཆེའི་མཚན་གནས་བེད་སྤྱད་པ་ཞིག་ལས། ༸པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་ཕུལ་བའི་ཏར་འཕྲིན་ཞིག་མིན་པའི་ར་འཕྲོད་ཐུབ་ཀྱི་འདུག
དེ་ཡང་ཕྱི་ལོ་ ༡༩༥༣ ཟླ་ ༨ ཚེས་ ༡ ཉིན་གྱི་《གསར་འགྱུར་མེ་ལོང་》ཤོག་ངོས་ ༢ ནང་། གཞིས་རྩེ་མན་ཐང་རྒྱབ་ཀྱི་རྒན་ཞེས་མིང་དངོས་སུ་མ་སྨྲོས་པ་ཞིག་གི་གསར་འགྱུར་མེ་ལོང་རྩོམ་སྒྲིག་པ་མཐར་ཕྱིན་སྦ་སྦུ་ལགས་སུ། ༸པཎ་ཆེན་རིན་ཆེའི་རྣམ་སྤྲུལ་ནི་ཤམ་བྷ་ལའི་རིགས་ལྡན་གྱི་རྣམ་སྤྲུལ་ཡིན་པས། སངས་རྒྱས་ཆོས་ལུགས་དུག་ཏུ་འཛིན་རྒྱ་དམར་ཀླ་ཀློ་བཅོམ་པ་ལས་ཀླ་ཀློའི་སྣ་འདྲེན་མི་སྲིད་ཅེས། ལྷ་ཆོས་དག་སྣང་གི་ལོ་རྒྱུས་ལྟ་བའི་སྒོ་ནས་ཏར་འཕྲིན་དེ་ནི་༸པཎ་ཆེན་རིན་པོ་ཆེའི་ཏར་འཕྲིན་རྫུན་མ་ཞིག་ཡིན་པའི་སྒྲུབ་བྱེད་ཞིབ་ཕྲ་ཞིག་འཕངས་འདུག་ལ། ཕྱི་ལོ་ ༢༠༠༡ ལོར་ཆུ་ཚེ་རིང་དང་བསོད་ནམས་རྡོ་རྗེ་གཉིས་ཀྱིས་བརྩམས་པའི་《བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་》ཅེས་པའི་ནང་དུ་ཡང་། དུས་སྐབས་དེར་༸པཎ་ཆེན་རིན་པོ་ཆེ་དགུང་ལོ་བཅུ་གཅིག་ཙམ་ལས་སོན་མེད་པའི་བྱིས་པ་ཞིག་ཡིན་པས་ཏར་འཕྲིན་དེ་འདྲ་ཞིག་གནང་རྒྱུ་ནི་དགོངས་པར་འཁོར་མི་སྲིད་པ་ཞིག་རེད། ཅེས་མི་ཆོས་དངོས་སྣང་གི་ལོ་རྒྱུས་ལྟ་བའི་ཐོག་ནས་ཏར་འཕྲིན་དེ་༸པཎ་ཆེན་རིན་པོ་ཆེའི་ཏར་འཕྲིན་རྫུན་མ་ཞིག་ཡིན་པ་བསྒྲུགས་འདུག
གོང་གསལ་དག་ལས་ཁུངས་བཙན་པ་ཞིག་ནི་ཧྥན་མིང་གི་ཆེད་རྩོམ་《ཅུན་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་བོད་དུ་དཔུང་བསྐྱོད་བྱས་པའི་གནས་ཚུལ།》 ཞེས་པའི་ནང་། ཕྱི་ལོ་ ༡༩༤༩ ཟླ་ ༩ ནང་ཅི་འཇིགས་མེད་སོགས་༸པཎ་ཆེན་བཅུ་པ་མཆོག་གི་སྐུ་པར་འཁྱེར་ན་ལན་ཀྲུའུ་ནུབ་བྱང་ཅུད་ཀྱི་དམག་དཔོན་ཧྥན་མིང་ཐུག་པར་བསྐྱོད། ཅིས་འཇིགས་མེད་ཀྱིས་གུང་ཁྲན་ཏང་དང་མཉམ་ལས་གནང་བར་༸པཎ་ཆེན་བཅུ་པས་གང་ཞིག་གནང་དགོས་མིན་ཤེས་འདོད་ཀྱི་བསམ་ཚུལ་ཤུགས་ཆེན་བསྟན་སྟབས། རྒྱ་དཔོན་ཧྥན་མིང་གིས་༸པཎ་ཆེན་བཅུ་པ་མཆོག་གི་རྒྱལ་གཅེས་ཀྱི་བསམ་པ་ང་ཚོ་ནུབ་བྱང་བཅའ་སྡོད་བཅིངས་འགྲོལ་དམག་གིས་ཤེས་ཀྱི་ཡོད། འོན་ཀྱང་། པཎ་ཆེན་བཅུ་པས་མཆོག་རྒྱལ་སྤྱིའི་ཐོག་མཚན་སྙན་ཡོད་པའི་བོད་ཀྱི་ཆོས་ལུགས་ཀྱི་གཙོ་འཛིན་ཞིག་ཡིན་པ་དང་། པཎ་ཆེན་བཅུ་པ་མཆོག་གིས་མེས་རྒྱལ་དང་གུང་ཁྲན་ཏང་ལ་འཆང་བའི་ལྷག་བསམ་ཟོལ་མེད་དེ། རྒྱལ་ཡོངས་མི་དམངས་ཀུན་གྱིས་ཤེས་རྟོགས་ཐུབ་ན་ཡག་པོ་ཡོད་ཚུལ་བཤད་པར། ཅིས་འཇིགས་མེད་ཀྱིས་དེ་ལྟར་ཡིན་ན་ང་ཚོས་བྱེད་སྟངས་གང་ཞིག་ལ་བརྟེན་ནས། ཤེས་རྟོགས་དེ་རིགས་ཐུབ་པ་བྱེད་དགོས་པ་དྲིས།
ཧྥན་མིང་གིས་ཁྱེད་ཚོ་གྲོས་བསྡུར་བྱས་ཏེ། གལ་ཏེ་པཎ་ཆེན་མཆོག་གིས་འོས་ཤིང་འཚམ་པ་འདུག་དགོངས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་པའི་ཁྱབ་བསྒྲགས་རྒྱལ་ཡོངས་སུ་གང་མགྱོགས་བྱ་རྒྱུ་ཡིན་པས། ཁོང་གིས་གོ་སྐབས་དེ་དང་བསྟུན་ནས་ང་ཚོའི་མི་རིགས་ཁག་གི་མི་དམངས་ཀྱི་གཙོ་འཛིན་ལ་ཏར་ཡིར་ཅིག་བཏང་ནས། ཁྱེད་ཚོའི་ལངས་ཕྱོགས་མཚོན་པར་གནང་ན་གང་འདྲ་འདུག་དྲིས། མཐར་ཧྥན་མིང་གིས་ཡིག་འབྲུ་རེ་དང་ཚིབ་གྲུབ་རེ་རེ་བཞིན་བཀོད་ཇུས་བྱེས་ཏེ། ཅི་འཇིགས་མེད་དང་། པཎ་ཆེན་རིན་པོ་ཆེའི་དྲུང་ཡིག་སུང་ཀྲི་ཧུའུས་བྲིས་ཤིང་། དགུང་ལོ་ ༡༡ ལ་སོན་པའི་པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་མའོ་ཙེ་ཏུང་ལ་བཏང་འདུག གོང་གསལ་གནས་ཚུལ་ལས་ཏར་འཕྲིན་དེ་ནི་༸པཎ་ཆེན་རིན་པོ་ཆེའི་ཏར་འཕྲིན་རྫུན་མ་ཞིག་ཡིན་པའི་ར་འཕྲོད་བྱུང་ཡོད།
གཉིས་པ། ཏར་འཕྲིན་གྱི་ནང་དོན་ཇི་ཡིན།
ང་ཚོས་གནད་དོན་དེའི་སྐོར་ཞིབ་འཇུག་བྱེད་སྐབས། ལོ་རྒྱུས་ཀྱི་ཡིག་ཚགས་ཁྲོད་ཏར་འཕྲིན་གྱི་ནང་དོན་མི་འདྲ་གཉིས་ཐོན་གྱི་འདུག དེ་ལས་ཕྱི་ལོ་ ༡༩༥༣ ཟླ་ ༦ ཚེས་ ༡ ཉིན་གྱི་《གསར་འགྱུར་མེ་ལོང་》ཤོག་ངོས་ ༧ ནང་། ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན་༸པཎ་ཆེན་རིན་པོ་ཆེས་མའོ་ཙེ་ཏུང་ལ་བོད་བཅིངས་འགྲོལ་གཏོང་དགོས་པའི་ཏར་འཕྲིན་གནང་བའི་ཏར་འཕྲིན་ཆ་ཚང་ཞིག་བཀོད་འདུག་པ་དེའི་ནང་དོན་དང་། ལོ་རབས་བརྒྱད་པའི་པའི་རྗེས་འཇམ་དཔལ་རྒྱ་མཚོས་བརྩམས་པའི་《སློབ་དཔོན་ཆེན་པོ་པཎ་ཆེན་རིན་པོ་ཆེ།》ཞེས་དང་། ཡཱང་ཧན་ཀྲང་གིས་བརྩམས་པའི་《པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམ་ཐར།》ཕན་མིང་གིས་བརྩམས་པའི་《བོད་ནང་ཁུལ་འཐབ་བརྩོད་(西藏内部之争)》ཅེས་པའི་དག་ན་ཏར་འཕྲིན་གྱི་ནང་དོན་ཆ་ཚང་བཀོད་འདུག་པ་དག་གི་དབར་ནང་དོན་གྱི་ཐད་ཧེ་བག་ཆེན་པོ་འདུག་པས་བཤིབ་བསྡུར་བྱེད་པའི་འདུན་པ་སྐྱེས་སོང་།
དེ་ཡང་ཕན་མིང་དང་། འཇམ་དཔལ་རྒྱ་མཚོ། ཡཱང་ཧན་ཀྲང་བཅས་ཀྱི་བརྩམས་དེབ་ནང་། “པེ་ཅིང་དབུས་མི་དམངས་སྲིད་གཞུང་གི་གཙོ་འཛིན་མའོ་ཙེ་ཏུང་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་ལྷན་དྲུང་དུ། ཁྱེད་རྣམས་ཀྱི་བློ་གྲོས་དཔལ་ངར་ལྡན་པའི་འཐབ་ཇུས་དང་། རྒྱལ་ཁབ་དང་མི་དམངས་སྐྱོབ་པའི་ལས་དོན་ལ་གཞིགས་ནས། དམག་དཔུང་ཡུལ་ཕྱོགས་གར་སླེབས་སུ་རྒྱལ་དམངས་ཀྱི་སེམས་འཁོལ། པཎ་ཆེན་སྐུ་ཕྲེང་རིམ་བྱུང་ལ་རྒྱལ་ཁབ་ཀྱིས་གཅེས་སྐྱོང་དང་བཀུར་བསྟི་ཐོབ། འདས་པའི་མི་ལོ་ཉི་ཤུ་ལྷག་ཙམ་རིང་བོད་ཀྱི་བདག་དབང་ཆ་ཚང་བའི་ཆེད། འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་བཞིར་འབོད་སྐུལ་བྱས་ཀྱང་། འབྲས་བུ་མངོན་གསལ་དོད་པོ་མ་ཐོབ་པར་འགྱོད་སེམས་ཆེ། ད་ཆ་ནི་ལས་མཚམས་བཞག་སྟེ་མཚོ་སྔོན་ལ་འབྱོར་ཞིང་བོད་དུ་ཕྱིར་ལོག་རྒྱུའི་བཀའ་སྒུག་ནས་བསྡད་ཡོད། སྟབས་ལེགས་པ་ཞིག་ལ་ཁྱེད་རྣམས་ཀྱི་འགོ་ཁྲིད་འོག་ནུབ་བྱང་ཁུལ་བཅིངས་འགྲོལ་ཐོབ་ཅིང་། དབུས་མི་དམངས་སྲིད་གཞུང་ཡང་བཙུགས་ཟིན་པས། སེམས་ཤུགས་ཡོད་པ་ཡོངས་ནས་མགྲིན་གཅིག་ཏུ་དགའ་འབོད་བྱེད་བཞིན་ཡོད། མ་འོངས་པར་མི་དམངས་ཀྱི་བདེ་སྐྱིད་དང་། རྒྱལ་ཁབ་ཀྱི་དར་རྒྱས་ལ་རེ་བ་ཆེ། བོད་དུ་བཅིངས་འགྲོལ་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་དུ་ཡོད། པཎ་ཆེན་གྱིས་བོད་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམ་ལ་བླ་ན་མེད་པའི་གུས་འདུད་དང་། ལྷག་བསམ་གྱི་གུས་སེམས་བཅངས་ཡོད། པཎ་ཆེན་ཨེར་ཏེ་ནིས། ཟླ་ ༡༠ ཚེས་ ༡ ཉིན།” ཞེས་འཁོད།
ཡང་ཕྱི་ལོ་ ༡༩༥༣ ཟླ་ ༦ ཚེས་ ༡ ཉིན་གྱི་《གསར་འགྱུར་མེ་ལོང་》གི་ཤོག་ངོས་ ༧ ནང་། སངས་རྒྱས་འོད་དཔག་མེད་ཀྱི་བཀའ་དྲི་མ་མེད་པ། ཞེས་འགོ་བརྗོད་ཀྱི་འོག་ཏུ་གུང་ཕྲན་ཏང་ཞེས་པ་རྒྱ་དམར་བོད་དུ་མ་འོངས་སྔོན་དུ་ཀུན་གཟིགས་པཎ་ཆེན་ནས་གུང་གཟུང་ལ་གློག་འཕྲིན་ཕུལ་བྱུང་ཞེས་པར་འདེབས་ཀྱི་ཁམས་བོད་ཁུལ་དུ་གྲངས་མང་འགྲེམ་སྤེལ་བྱས་འདུག་པའི་འདྲ་ཤུ་ངོ་མ་ཞིག་ད་ལམ་ལག་སོན་བྱུང་བ་གཤམས་བཀོད་ལ་གཟིགས། པཎ་ཆེན་རིན་པོ་ཆེ་ནས་སྔོན་ཚེ་ལྷ་ས་འཆིང་གྲོལ་དོན་ལ་དགའ་བསུ་བྱེད་པ། སྤྱི་ལོ་ ༡༠༤༩ ཟླ་ ༡༠ ཚེས་ ༡ ལ། དཔལ་དཀྱིལ་མི་སེར་སྤྱི་མཐུན་རྒྱལ་ཁབ་གསར་དུ་འཛུག་པའི་སྐབས། མཚོ་སྔོན་ཞིང་སར་བཞུགས་པའི་བོད་ཀྱི་བླ་མ་པཎ་ཆེན་རིན་པོ་ཆེ་ནས། མཚོ་སྔོན་ཞིང་ཆེན་འཆིང་གྲོལ་བྱས་རྗེས་མའོ་ཀྲུའུ་ཞི་ལ་དང་། ཀྲུའུ་ཙོང་ཟི་ལེན་གཉིས་ལ་གློག་འཕྲིན་བཏང་བའི་དོན་གསལ།
“ཀྲུང་ཡང་འབངས་མི་སྲིད་གཞུང་གི་མའོ་ཀྲུའུ་ཞི་དང་། ཀྲུང་ཙོང་ཟི་ལེན་གཉིས་ཀྱི་མདུན་སར། རྣམ་གཉིས་ཀྱི་དཔའ་མཛངས་དང་། རྣམ་དཔྱོད་ལ་རྟེན་ནས། རྒྱལ་ཁབ་ཡོངས་ཀྱི་མི་སེར་འཆིང་བ་ལས་གྲོལ་བར་ཟིན་ན། དམང་རྣམས་གང་དུ་འབྱོར་སར། མི་སེར་དགའ་སྤྲོ་ཆེན་པོས་བསུ་ཐུང་བྱེད་བཞིན་ལགས། ཕྲན་ནས་ལོ་ཉི་ཤུ་ལྷག་ལ་བོད་ཀྱི་ས་ཆ་དང་། མངའ་དབང་རིལ་པོ་སྲུང་བའི་དོན་དུ་འབད་རྩོལ་ཡིད་ཙམ་མ་ལྷོད་མོད། འོན་ཀྱང་དོན་གང་ཡང་མ་འགྲུབ་པས། རང་བློ་གཏན་ནས་མི་བདེ་བ་བྱུང་། ད་སྐབས་ནུབ་བྱང་ས་ཆ་ལ་ཡང་འཆིང་གྲོལ་བྱས་ཟིན། མི་སེར་སྲིད་གཞུང་དེའང་བཙུགས་ཟིན་པའི། རྒྱལ་ཁབ་ལ་ཤ་ཚ་བའི་མི་སེར་རྣམས་རེ་རེ་ནས་དགའ་སྤྲོ་ཐོབ་པ་ལགས། དེང་ཕྱིན་ངེད་བོད་ཀྱི་མི་སེར་བདེ་སྐྱིད་དུ་འཚོ་བའི་ཉི་མ་སྒུག་ནས་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་དར་གྱི་རེ་འདོད་ཀྱང་ཡོད་དེ། བོད་ཡུལ་འཆིང་གྲོལ་བྱེད་པའང་མྱུར་མོ་དགོས་པའི་སྟེང་། ཕྲན་ནས་ལྷ་ས་ཁྱོན་གྱི་མི་སེར་ཚང་མའི་སྤྱི་ཚབ་བྱས་ཏེ། མཆོག་གཉིས་ཀྱི་མདུན་སར་བཀུར་བཟོས་བླ་ན་མེད་པ་ཞུ་ངེས་ལགས་པ་དང་། མྱུར་དུ་ལྷ་ས་ལ་འཆིང་གྲོལ་བྱེད་པར་ཕྲན་ནས་བསུ་ཐུང་ཡོད་པ་བཅས་མཁྱཻན། མཁྱེན། །” ཞེས་འཁོད་འདུག
ཚིག་གི་ཆ་ནས་མི་འདྲ་འགའ་ཡོད་པ་དག་བསྒྱུར་གྱི་ཁྱད་པར་ལས་བྱུང་བ་ཡིན་དུ་བཅུག་མོད། དོན་གྱི་ཆ་ནས་ཧྥན་མིང་སོགས་བརྩམས་པའི་དེབ་ནང་། “པེ་ཅིང་དབུས་མི་དམངས་སྲིད་གཞུང་གི་གཙོ་འཛིན་མའོ་ཙེ་ཏུངདང་། ཞེས་པའི་ཚབ་ལ་“ཀྲུང་ཡང་འབངས་མི་སྲིད་གཞུང་གི་མའོ་ཀྲུའུ་ཞི་དང་། ཞེས་དང་། པཎ་ཆེན་གྱིས་བོད་མི་དམངས་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་རྣམ་ལ་བླ་ན་མེད་པའི་གུས་འདུད་དང་། ལྷག་བསམ་གྱི་གུས་སེམས་བཅངས་ཡོད། ཅེས་པའི་དོད་དུ་ཕྲན་ནས་ལྷ་ས་ཁྱོན་གྱི་མི་སེར་ཚང་མའི་སྤྱི་ཚབ་བྱས་ཏེ། མཆོག་གཉིས་ཀྱི་མདུན་སར་བཀུར་བཟོས་བླ་ན་མེད་པ་ཞུ་ངེས་ལགས། ཞེས་འཁོད་འདུག་ལ། ཧྥན་མིང་སོགས་ཀྱིས་བརྩམས་དེབ་ནང་། ད་ཆ་ནི་ལས་མཚམས་བཞག་སྟེ་མཚོ་སྔོན་ལ་འབྱོར་ཞིང་བོད་དུ་ཕྱིར་ལོག་རྒྱུའི་བཀའ་སྒུག་ནས་བསྡད་ཡོད་ཅེསཔའི་ཚིག་དུམ་གསར་འགྱུར་མེ་ལོང་ནང་མི་འདུག་ལ། ཡང་གསར་འགྱུར་མེ་ལོང་ནང་། མྱུར་དུ་ལྷ་ས་ལ་འཆིང་གྲོལ་བྱེད་པར་ཕྲན་ནས་བསུ་ཐུང་ཡོད་པ་བཅས་མཁྱཻན། མཁྱེན། །” ཞེས་པའི་ཚིག་དུམ་དེ་ཧྥན་མིང་སོགས་ཀྱི་བརྩམས་དེབ་ནང་མི་འདུག