བཙན་པོ་དག་གི་མཚན་ཟུར་གྱི་ལྡེ་དང་སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ཡི་ཁྱད་པར་རོབ་ཙམ་བཤད་པ།

བཙན་པོ་དག་གི་མཚན་ཟུར་གྱི་ལྡེ་དང་སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ཡི་ཁྱད་པར་རོབ་ཙམ་བཤད་པ།

           རྩོམ་པ་པོ།  དྷི་ལྷ་ལྡན། 

 

བརྗོད་སྙིང་། རྒྱལ་པོ་དག་གི་མཚན་ཟུར་གྱི་ལྡེ་ནི་ལྷ་ཞེས་པའི་དོན་དང་། སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ནི་བོད་ཀྱི་གཏམ་དཔེ་ལྟ་བུ་བསྟན་དོན་སྦས་ནས་སྟོན་པའི་རྣམ་པ་ཞིག་གོ །

ཐ་སྙད་གཙོ་བོ། ལྡེ། དེ་བ། སྡེ་བ། ལྷ། ལྡེའུ། ལྡེམ་པོར་བསྟན་པ། ལྡེ་མིག

རང་རེའི་སྔོན་གྱི་བཙན་པོ་དག་གི་མཚན་ཟུར་དུ་ལྡེ་ཞེས་པ་ཤིན་ཏུ་མང་སྟེ། བོད་རྒྱལ་ཐོག་མ་གཉའ་ཁྲི་ལ་ལྡེ་གཉའ་ཁྲི་བཙན་པོ་ཞེས་པ་ནས། ཆོས་རྒྱལ་ཐ་མ་རལ་བ་ཅན་ལ་ཁྲི་གཙུགས་ལྡེ་བཙན་ཞེས་པའི་བར་བྱུང་བར་མ་ཟད། བོད་སིལ་བུའི་དུས་སྐབས་ཀྱི་བོད་ཀྱི་བཙན་པོའི་གདུང་རྒྱུད་ལའང་སྐྱིད་ལྡེ་ཉི་མ་མགོན་སོགས་ནས་གྲགས་པ་ལྡེ་དང་ཨ་སོགས་ལྡེ་ཡི་བར་མང་དུ་བྱུང་ཡོད། 《ཆོས་འབྱུང་མཁས་པའི་དགའ་སྟོན》དུ། “དེ་ཕྱིར་ལྷ་སྲས་ལྡེ་སྲས་ཞེས་པར་གྲགས། །འབངས་ལ་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར། །”ཞེས་བཙན་ལྔའི་ནང་ཚན་རྒྱལ་ཏོ་རེ་ལོངས་བཙན་ནས་བཟུང་ལྡེ་སྲས་ཀྱི་ཚབ་ཏུ་ལྷ་སྲས་བརྗོད་པར་གསུངས་མོད། གོང་བཤད་ལྟར་བཙན་པོ་དག་གི་བཙན་ཟུར་གྱི་ལྡེ་ཞེས་པ་ནི་བོད་སིལ་བུའི་སྐབས་སུ་ད་དུང་མུ་མཐུད་དུ་རང་སོར་བཞག་ཡོད།

 

དེ་བས་འདིར་བཙན་པོ་དག་གི་བཙན་ཟུར་གྱི་ལྡེ་ཞེས་པ་དང་། སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་གཉིས་དོན་གང་ལ་འཇུག་ཚུལ་རོབ་ཙམ་ཞིག་དཔྱད་པ་ལ། ད་སྔའི་བོད་ཀྱི་མཁས་པ་ཡོངས་ཀྱིས་དེ་གཉིས་གཅིག་པ་གཞིར་བཞག་སྟེ་གསུངས་པ་རྐྱང་བ་ལས་མ་མཐོང་མོད། ལོ་རྒྱུས་ཀྱི་གཞུང་དང་དོན་དངོས་ཀྱི་གཏན་ཚིགས་དག་ལ་བརྟེན་ཏེ་བརྟགས་ཤིང་དཔྱད་ན་དེ་གཉིས་སོ་སོར་གོ་དགོས་པར་འདོད་དེ། སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ་ནི་ཆབ་སྲིད་སྐྱོང་ཐབས་ཤིག་ཏུ་གསུངས་ཤིང་། རྒྱལ་པོ་དག་གི་མཚན་ཟུར་གྱི་ལྡེ་ནི་ལྷ་ཞེས་པའི་ཚོད་ཙམ་སྟེ། ལྷ་སྲས་དང་ལྡེ་སྲས་ཕན་ཚུན་བརྗེས་ནས་བཤད་པ་སོགས་ཀྱིས་ཤེས་ནུས་པས་སོ། །དེ་ཡང་དཔྱད་པའི་གཞི་ཙམ་དུ་དེ་གཉིས་སོ་སོར་ཅུང་ཙམ་སྤྲོ་ན།

 

       ༡ བཙན་པོ་དག་གི་མཚན་ཟུར་གྱི་ལྡེ།

 

བོད་ཀྱི་བཙན་པོ་དག་ལས་མཚན་ཟུར་ན་ལྡེ་ཡོད་པ་མང་དུ་བྱུང་སྟེ། བཙན་པོའི་རྒྱལ་རབས་སྐབས་ཀྱི་ལྡེ་གཉའ་ཁྲི་བཙན་པོ་དང་། ཆུ་ལ་ལྡེ་བརྒྱད་པོ། འབྲོང་གཉན་ལྡེ་རུ། སྲོང་ལྡེ་བཙན་སྲོང་བཙན་སྒམ་པོ་དང་། ཁྲི་ལྡེ་གཙུག་བཙན། ཁྲི་སྲོང་ལྡེ་བཙན། ལྡེ་སྲོང་བཙན། ཁྲི་གཙུག་ལྡེ་བཙན་རྣམས་དང་། སིལ་བུར་འཐོར་རྗེས་སུ་བྱུང་བའི་འོད་སྲུང་གི་གདུང་རྒྱུད་ལ་གཅེན་སྐྱིད་ལྡེ་ཉི་མ་མགོན་ནས་བརྒྱུད་པ་ ཆོས་རྒྱལ་མགོན་གསུམ་ལས་ལྡེ་གཙུག་མགོན་དང་། སྲོང་ངེའི་སྲས་ལྷ་ལྡེ་དང་། དེ་ཡི་སྲས་འོད་ལྡེ་དང་། དེ་ཡི་སྲས་མངའ་བདག་རྩེ་ལྡེ ། དེ་ཡི་སྲས་བྷ་ལྡེ། དེ་སྲས་ལྡེ་བྷ་ལྡེ། དེ་སྲས་ན་ག་ལྡེ། དེ་སྲས་བཙན་ཕྱུག་ལྡེ། དེ་སྲས་བཀྲ་ཤིས་ལྡེ། དེ་སྲས་བཀྲ་བཙན་ལྡེ། དེ་སྲས་གྲགས་པ་ལྡེ། དེ་སྲས་ཨ་སོགས་ལྡེ་རྣམས་དང་། གཅུང་ཁྲི་བཀྲ་ཤིས་བརྩེགས་ལས་བརྒྱུད་པ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་སོགས་སོ། །

འོ་ན་བོད་ཀྱི་བཙན་པོའི་གདུང་རྒྱུད་འཛིན་པ་དེ་དག་གི་མཚན་ཟུར་ན་ལྡེ་ཞེས་བྱུང་བའི་དོན་དེ་གང་ཡིན་ནམ་ཞེ་ན། དེ་ལ་ད་སྔ་ཞིབ་པར་བཤད་པ་མ་བྱུང་མོད་ཁོ་བོས་དེ་ནི་ལྷ་ཞེས་པའི་དོན་ཡིན་པར་འདོད་དེ། སྔོན་གྱི་ཡིག་རྙིང་དག་ཏུ་ལྷ་སྲས་དང་ལྡེ་སྲས་རེས་མོས་སུ་བྲིས་པ་མང་ཞིང་། ལྷ་སྲས་མི་ཡི་ཚུལ་འཛིན་པ་ཞེས་པར་སྐབས་ལ་ལར་ལྡེ་སྲས་མི་ཡི་ཚུལ་མཛད་པ་ཞེས་ཀྱང་བྱུང་བའི་ཕྱིར་རོ། །དེ་ཡང《ཏུན་ཧོང་གཏེར་ཡིག》ལས། “ལྷ་ཡི་སྲས་པོ་མི་ཡུལ་གྱི་རྒྱལ་པོ་མཛད་ཅིང་བཞུགས་པ་མངོན་སུམ་ཐལ་བྱུང་དུ་དགུང་དུ་གཤེགས་པ།” ཞེས་བྱུང་ཞིང་། ཡང་ཏུན་ཧོང་ཡི་གེ་གཞན་དུ། “ལྡེ་སྲས་མྱིའི་ཚུལ་མཛད་ཀྱང་མངོན་པར་དགུང་དུ་གཤེགས་པ་ལ་སོགས་འཁྲུལ་དང་བྱིན་ཆེན་པོ་མངའ་བས།” ཞེས་སྣང་སྟེ། དེ་གཉིས་ཀར་བརྗོད་དོན་གཞན་དག་དོན་གཅིག་ཏུ་འབབ་པ་ལ་ལྡེ་སྲས་དང་ལྷ་སྲས་གཉིས་ཀྱང་དོན་གཅིག་པ་ལྟ་བུར་གསལ་བའི་ཕྱིར་དང་། ལྡེ་སྲས་མིའི་ཚུལ་མཛད་པ་ཞེས་པའི་ཚིག་ལས་ཀྱང་ལྡེ་སྲས་དངོས་ཡིན་པ་ལ་མི་དངོས་མིན་པར་མི་ཡི་ཚུལ་འཛིན་པ་ཙམ་དུ་གསལ་བས། ལྡེ་སྲས་ཞེས་པ་ནི་མི་ལས་འདས་པའི་ཁྱད་འཕགས་ཀྱི་རིགས་ཤིག་ཡིན་པའང་གསལ་བ་དང་། ལྡེ་སྲས་ཡིན་པས་ན་དགུང་དུ་གཤེགས་ནུས་པ་སོགས་ཀྱི་རྫུ་འཕྲུལ་དང་བྱིན་རླབས་ཁྱད་པར་བ་ཡོད་པར་བསྟན་པས་སོ། །

《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཏོ་རེ་ལོང་བཙན་ཡན་ལ་ལྡེ་སྲས་ཞེས་འབོད་པ་དང་། དེ་ནས་ལྷ་སྲས་ཞེས་འབོད་ཅེས་པའང་ལྡེ་དང་ལྷ་གཉིས་སོ་སོ་བ་གཉིས་ཡིན་པའི་དོན་མིན་པར་དོན་གཅིག་ལ་མིང་གི་འགྱུར་བ་བྱུང་བ་ཙམ་ཡིན་པར་གསལ་ཏེ། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་འོད་མཛེས་ཡན་ལ་མིའི་མིང་ལ་སེམས་ཅན་ཞེས་བྱ་ཞིང་། དེ་ཚུན་ཆད་ཚུར་ཤོག་བརྗོད་པ་དང་། དགེ་བ་ཚུན་ཆད་ནས་རྨེ་བ་ཅན་ཞེས་བརྗོད་དོ་ཞེས་སོགས་གསུངས་པ་དང་འདྲའོ། །

ད་དུང་ལྡེ་ཞེས་པ་ལྷ་ལ་གོ་བའི་རྒྱུ་མཚན་གཞན་ཞིག་ཀྱང་ཡོད་དེ། 《ཏུན་ཧོང་གཏེར་ཡིག》ཏུ་གྲི་གུམ་བཙན་པོ་དང་ལོ་ངམ་རྟ་རྫི་གཉིས་འཐབ་པའི་ལོ་རྒྱུས་བཤད་སྐབས་སུ། “བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་པར། ལོ་ངམ་ཀྱི་མཆན་ནས་སྤྲེའུ་བྱུང་བས་ལྡེ་བླ་གུང་རྒྱལ་ཏེ་ཙེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །”ཞེས་གསུངས་ཤིང་། སྐབས་དེའི་ལྡེ་བླ་གུང་རྒྱལ་ཞེས་པའི་ལྷ་ཞིག་རྒྱལ་པོ་སྐྱོབ་ཏུ་བྱུང་བའི་སྒྲུང་ཞིག་གསལ་ཞིང་། ལྷ་ཡི་དེ་ཡི་མཚན་ཟུར་ན་ལྡེ་བླ་ཞེས་ཀྱང་གསལ་བས་སོ། །

འོ་ན་ལྷ་ལ་ལྡེ་ཞེས་པའི་སྒྲ་དེ་ཇི་ལྟར་འཇུག་པ་ཡིན་ནམ་ཞེ་ན། དེ་ནི་རྣམ་པ་གཅིག་ཏུ་ན་རྒྱ་གར་བས་ལྷ་ལ་དེ་བ་ཞེས་འབོད་པ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་དམ་སྙམ་སྟེ། དེ་བ་ཡི་སྒྲ་གཞན་དུ་ཟུར་ཆགས་པ་ནི་དཔེར་ན་སྡེ་བ་རིན་སྤུངས་པ་དང་། གཙང་པ་སྡེ་སྲིད་སོགས་ཀྱི་སྡེ་དེ་རྒྱ་གར་གྱི་དེ་བ་ཟུར་ཆགས་པ་ལས་བྱུང་བ་ཡིན་པར་མཁས་དབང་དགེ་ཆོས་སོགས་ཀྱིས་བཤད་པ་ལྟར་རོ། །དེ་ལྟ་ན་ནི་རང་རེའི་སྔོན་གྱི་རྒྱལ་བོ་རྣམས་ཀྱི་མཚན་ཟུར་ན་ལྡེ་ཞེས་མང་དུ་བྱུང་བ་དང་། རྒྱ་གར་བས་ལྷ་ལ་དེ་བ་ཞེས་འབོད་པ་དང་། ཕྱིས་སུ་རང་རེས་སྡེ་བ་རིན་སྤུངས་པ་སོགས་སུ་འབོད་པ་ཚང་མ་ཡང་གནད་གཅིག་ཏུ་འབབ་བོ། །

ད་དུང་ང་ཚོར་ལྡེ་ནི་དེ་བ་ཡི་སྒྲ་ཟུར་ཆགས་པ་ཡིན་ནམ་སྙམ་པའི་དཔྱད་གཞི་གཞན་ཞིག་ཀྱང་ཡོད་དེ། བོད་སིལ་བུའི་དུས་ཀྱི་སྐྱིད་ལྡེ་ཉི་མ་མགོན་གྱི་ཡང་ཚ། མངའ་བདག་རྩེ་ལྡེའི་ཚ་བོ། བྷ་ལྡེའི་དངོས་སྲས་ལྡེ་བྷ་ལྡེ་ཡི་མཚན་ཟུར་ན་ལྡེ་ཡོད་པར་མ་ཟད། རྒྱ་གར་གྱི་དེ་བ་དང་སྒྲ་ཤིན་ཏུ་ཁད་ཉེ་བ་ལྡེ་བྷ་ཞེས་ཀྱང་བྲིས་ཡོད་པས་སོ། །

དེ་བ་ཞེས་པའི་སྒྲ་ལས་དྲངས་པའི་ལྷ་ཡི་ཐ་སྙད་ལའང་འཇུག་ཡུལ་མི་འདྲ་བ་མང་དུ་ཡོད་དེ། 《མདོ་མྱང་འདས་ཆེན་མོར》རྣམ་པར་དག་པའི་ལྷ་དང་། འཇིག་རྟེན་པའི་ལྷ་སོགས་རིགས་མི་འདྲ་བ་ཁ་ཤས་བཤད་ཡོད་ཅིང་། རོང་ཟོམ་ཆོས་ཀྱི་བཟང་པོའི་《སྣང་བ་ལྷར་སྒྲུབ》སོགས་སུ་ལྷ་ཞེས་པ་ནི་དངོས་པོ་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་དེ་ཁོ་ན་ཉིད་ལ་བཤད་ཡོད། དེ་དག་ལས《མདོ་མྱང་འདས་ཆེན་མོར》བཤད་པའི་ལྷ་ཞེས་པའི་འཇུག་ཡུལ་གཅིག་ནི་རྒྱལ་པོ་ལ་འཇུག་པར་གསུངས་ཡོད་ལ། འདུལ་བའི་གླེང་གཞི་སོགས་སུ་རྒྱལ་པོ་ལ་ལྷ་ཞེས་བོས་པ་ཤིན་ཏུ་མང་། དེ་ལྟ་ན་ལྡེ་སྲས་མི་ཡི་ཚུལ་འཛིན་པ་ཞེས་པའི་སྐབས་སུ་བསམ་གཟུགས་ཀྱི་ལྷ་ལྟ་བུ་མི་ལས་མཆོག་གྱུར་ལ་གོ་ཞིང་། སྐབས་འགར་རྒྱལ་པོ་ལ་ལྡེ་བ་ཞེས་པའི་སྐབས་སུ་ནི་རྒྱལ་པོ་རང་ལའང་གོ་ཆོག་པ་སྟེ། དེ་བ་ཞེས་པའི་སྒྲ་ལས་དྲངས་ན་ལྷ་ནི་བསམ་གཟུགས་ཀྱི་ལྷ་སོགས་ལ་གོ་བར་མ་ཟད། མི་ཡི་རྒྱལ་པོ་རང་ལའང་གོ་རུང་བསྟན་པས་སོ། །

 

       ༢ སྒྲུང་ལྡེའུ་བོན་གསུམ་གྱི་ལྡེའུ།

 

སྒྲུང་ལྡེའུ་བོན་གསུམ་གསུམ་ནང་གི་ལྡེའུ་ནི་ཆབ་སྲིད་སྐྱོང་ཐབས་ཤིག་ཏུ་བསྟན་ཡོད་ལ། རིག་སྒོ་འབྱེད་པའི་གཞུང་ལུགས་ཤིག་ཏུའང་བསྟན་ཡོད། དེ་བས་བཙན་པོ་དག་གི་མཚན་ཟུར་ན་བྱུང་བའི་ལྡེ་སྲས་དང་ལྡེ་ཞེས་པ་དང་གཏན་ནས་མི་འདྲ་བར་ཤེས་ནུས།

སྒྲུང་ལྡེའུ་བོན་གསུམ་ནང་གི་ལྡེའུ་ཡི་གོ་དོན་ནི་བཙན་པོ་དག་གི་མཚན་ཟུར་གྱི་ལྡེ་དང་མི་འདྲ་བར་རང་རེའི་སྔོན་གྱི་ཆོས་འབྱུང་དང་ལོ་རྒྱུས་དག་ཏུ་ཅུང་བཤད་ཡོད་དེ། དེ་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》་ལས། “མངོན་པའི་སྡེ་སྣོད་འབྱུང་ལྟས་ལྡེའུ་སྤྲོད། །སྲང་ལ་ཐེམ་གཉེར་ཝ་བ་ཆེ་ཅི་ཡིན། པོར་མགོ་མགོ་ཅན་སྐྱེད་ཅིང་རྒྱགས་ཅི་ཡིན་ཞེས་འདྲི་བ་སོགས་ཏེ། བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ནས་ཡོད་སྐད།” ཅེས་དང་། སྟག་ཚང་དཔལ་འབྱོར་བཟང་པོའི《རྒྱ་བོད་ཡིག་ཚང》དུ། “ཐོག་མར་སྒྲུང་དང་། ལྡེའུ་དང་། བོན་རྣམས་བསྟན། རྒྱལ་པོས་མཛད་པའི་སྒྲུང་རྒྱུད་དང་ལྡེའུ་ཡི་བཀོད་པ་ར་ས་འཕྲུལ་སྣང་གི་བློ་འབུར་ནང་བྲིས་ནས་བཀོད་ཡོད་དོ། །”ཞེས་དང་། “དེ་ཡན་མི་རྗེ་ལྷས་མཛད་ནས་གདུང་རབས་ཉི་ཤུ་རྩ་བདུན་གྱི་བར་ལ་ཆབ་སྲིད་སྒྲུང་དང་། ལྡེབས། བོན་གསུམ་གྱིས་བསྐྱངས་ཟེར་རོ། །”ཞེས་གསུངས་ཤིང་། 《མཁས་པའི་དགའ་སྟོན》སོགས་ཀྱི་ལུང་དང་གཙུག་ལག་ཁང་གི་རི་མོ་སོགས་ལ་བརྟེན་ནས་ཕྱིས་ཀྱི་མཁས་པ་དག་གིས་ལྡེའུ་ནི་ཁེད་ལ་ངོས་འཛིན་གནང་ཡོད། འོན་ཀྱང་ལོ་རྒྱུས་དེ་དག་གིས་ཁེད་ལྡེའུའི་མཚན་གཞིར་བཀོད་པ་ཙམ་ལས་ལྡེའུ་ཡིན་ན་ཁེད་ཡིན་པའི་ངེས་པ་ཅི་ཡང་བསྟན་མེད་དོ། །གང་ལྟར་ང་ཚོས་གོང་གི་ཆོས་འབྱུང《མཁས་པའི་དགའ་སྟོན》དང《རྒྱ་བོད་ཡིག་ཚང》ཆེན་མོ་སོགས་ཀྱི་ལུང་དེ་དག་ལས་ལྡེའུ་སྐོར་ལ་བསམ་གཞིག་གཏོང་ས་འགའ་རྙེད་དེ། གཅིག་ནི་ལྡེའུ་ནི་མངོན་པའི་སྡེ་སྣོད་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དེ་དང་། གཉིས་ཁེད་ཀྱི་རྣམ་པ་ལྟར་སྦས་ནས་སྟོན་པའི་རྣམ་པར་ཡོད་པ་དང་། གསུམ་ཆབ་སྲིད་སྐྱོང་བྱེད་ཀྱི་ཐབས་ཤིག་ཡིན་པ་བཅས་སོ། །

དེ་ལས་དང་པོ་གཉིས་ལ་འབྲེལ་བ་ཤིན་ཏུ་ཆེ་སྟེ། མངོན་པ་ནི་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པ་ལ་ཟེར་ཞིང་། མངོན་པའི་གཞུང་འབྱུང་དགོས་པའི་རྒྱུ་མཚན་ཀྱང་མི་རྣམས་ལ་ཤེས་རབ་ཀྱི་བློ་སྒོ་འབྱེད་པའི་སླད་དུ་ཡིན་ཏེ། 《མངོན་པ་མཛོད》ལས། “ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །”ཞེས་མངོན་པ་ནི་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པའི་སླད་དུ་ཡིན་པར་བསྟན་ཡོད་ལ། སྡེ་སྣོད་གསུམ་གྱི་བརྗོད་བྱ་དགར་སྐབས་ཀྱང་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ནི་མངོན་པའི་སྡེ་སྣོད་དུ་བཞག་ཡོད། ཁེད་སོགས་ཀྱང་མི་རྣམས་ཀྱི་བློ་སྒོ་འབྱེད་པའི་སླད་དུའམ། ཤེས་རབ་རྒྱས་པའི་ཆེད་དུ་ཡིན་པས་དེ་གཉིས་ཤིན་ཏུ་ཐོ་འཕྲོད་པ་ཡོད། འོན་ཀྱང་ཅུང་གོ་བ་མི་ལོན་པ་ནི་ལྡེའུ་ནི་བོད་བཙན་པོའི་རྒྱལ་རབས་ཉེར་བདུན་གྱི་རིང་ལ་སྲིད་སྐྱོང་བྱེད་ཀྱི་ཐབས་ལམ་ཞིག་ཏུ་བསྟན་ཞིང་། ཁེད་ཙམ་གྱིས་བོད་ཀྱི་སྲིད་སྐྱོང་ཐབས་བྱས་ཞེ་ན་ཅུང་མི་འཚམས་པར་སྙམ་པ་དེ་རེད། དེ་བས་བོད་ཀྱི་ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ལྡེའུ་ཁེད་ཙམ་ལ་ངོས་བཟུང་ན་འགྲེལ་དཀའ་བས་ད་དུང་དཔྱད་གཞིར་བྱེད་དགོས་པར་བསྟན་ཡོད།

འོན་ཀྱང་སྔོན་གྱི་ལོ་རྒྱུས་རྣམས་སུ་ཁེད་ནི་ལྡེའུ་ཡི་མཚན་གཞིར་བཀོད་པ་ཙམ་ལས་ལྡེའུ་ཡིན་ན་ཁེད་ཁོ་ན་ལ་གོ་དགོས་པར་བསྟན་པས། ལྡེའུ་ཞེས་པ་ནི་བརྡ་ཐབས་ཀྱིས་སྦས་དོན་སྟོན་ཞིང་གསལ་བར་བྱེད་པའི་རིགས་ལམ་ཤིག་ལ་གོ་བ་ཡིན་ཏེ། ཟ་ཡི་གསང་བ་འབྱེད་པར་བྱེད་པའི་ལྡེ་མིག་ལྟ་བུའོ། །དེ་བས་ལྡེའུ་ཞེས་པ་དང་ལྡེ་མིག་ཅེས་པའི་ཐ་སྙད་ལའང་འབྲེལ་བ་ཞིག་ཡོད་ཅེས་སྨྲས་ན་ཁྱོད་ཅག་གི་རྣ་བར་འགྲོ་མིན་མི་འཚལ་མོད། ཁོ་བོས་དེ་གཉིས་ཀྱང་འབྲེལ་མེད་དོན་གཞན་ཞིག་ནི་མིན་པར་འདོད།

ད་དུང་བཤད་ཚུལ་ལ་ཕྱི་རྟགས་ཀྱི་ལྡེའུ་དང་། ངག་ཐོག་གི་ལྡེའུ་གཉིས་སུ་ཕྱེ་བ་ཡང་ཡོད་དེ། དཔེར་ན་མྱང་ཚ་དཀར་རྒྱན་གྱིས་རང་གི་བུ་རྗེ་བཙུན་མི་ལ་རས་པར་དངུལ་སྐུར་སྐབས་བསྟན་པའི་བརྡ་ཐབས་དང་། སྲོང་བཙན་གྱི་སྲིང་མོ་སད་མ་གར་གྱིས་རང་གི་མིང་པོ་སྲོང་བཙན་ལ་གཡུ་སུམ་ཅུ་བསྐུར་ཏེ་བརྡ་ཐབས་ཀྱིས་ཞང་ཞུང་འདུལ་དགོས་པར་བསྟན་པ་སོགས་ནི་ཕྱིའི་བརྡ་ཐབས་ཀྱི་ལྡེའུ་དང་། ངག་ཤོག་ནས་ཁེད་འཇོག་པ་དང་རྫིག་གཏོང་བ་སོགས་ལ་ངག་ཐོག་གི་ལྡེའུ་ཟེར།

ད་དུང་དཔྱད་གཞི་ཞིག་ལ་ལྡེམ་པོར་བསྟན་པ་དང་ལྡེའུ་གཉིས་ལའང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སྙམ་སྟེ། སངས་རྒྱས་ཀྱི་བཀའ་ཡི་དྲང་ངེས་བཤད་སྐབས་ལྡེམ་པོར་བསྟན་པ་ཞེས་པ་ཞིག་ཡོད་ཅིང་། དེ་ནི་སྐད་ཆའི་སྒྲས་ཟིན་སྒྲ་ཇི་བཞིན་པར་གོ་བ་མི་ལེན་པར་དེ་ལས་མཚོན་པའི་དོན་གཞན་ཞིག་ལ་གོ་དགོས་པར་གསུངས་པ་ལྟ་བུ་སྟེ། ཆོས་འཁོར་གྱི་སྐབས་དང་། མངོན་རྟོགས་རྒྱན་གྱི་སྐབས་དང་པོ་སོགས་ལས་ཤེས་པར་འཚལ་ལོ། །དེ་བས་ལྡེའུ་དང་། ལྡེམ་པོར་དགོངས་པ། ལྡེ་མིག་སོགས་ཀྱི་ཐ་སྙད་ལའང་འདྲ་བའི་ཆ་ཞིག་ནི་ངེས་པར་ཡོད་པར་མཐོང་སྟེ་སླད་ཀྱིས་དཔྱད་པར་བྱ།

འོ་ན་སྐབས་སུ་བབས་པའི་བོད་ཀྱི་རྒྱལ་རབས་ཉི་ཤུ་རྩ་བདུན་རིང་ལ་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པའི་ལྡེའུ་དེ་དོན་གྱིས་གང་ལ་གོ་དགོས་ཞེ་ན། ཁེད་དང་ཆ་འདྲ་བ་མཐའ་དག་ལ་གོ་དགོས་པར་འདོད་ལ། ལྷག་པར་དུ་བོད་ཀྱི་གཏམ་དཔེ་ནི་ལྡེའུ་ཡི་སྲོག་རྩ་གཅིག་ཡིན་པར་འདོད་དེ། གཏམ་དཔེ་ནི་སྐད་ཆ་གང་ཞིག་དཔེ་འཇོག་པ་དང་། སྦས་ནས་སྟོན་པ་སོགས་བྱེད་པ་ཞིག་ཡིན་ཞིང་། གཏམ་དཔེའི་ནང་དུ་གྱོད་དོན་ཐག་གཅོད་བྱེད་དང་། གཞན་ལ་སློབ་གསོ་གཏོང་བྱེད། མཐོན་པོར་བསྟོད་བཀུར་བསྔགས་གསུམ་བྱེད་པ་དང་། བཟང་པོར་གཟེངས་བསྟོད་བྱེད་པ་སོགས་ཀྱི་རིག་གཞུང་ཆ་ཚང་ཞིག་ཡོད་དེ། དེ་དག་ཀྱང་དུས་གློ་བུར་བ་དང་མི་ཉི་ཚེ་བ་ཞིག་གིས་འདོད་བཟོ་ཙམ་མིན་པར། ཕལ་ཆེ་བ་མི་རབས་མང་པོ་བརྒྱུད་དེ་ཡོང་བའི་གཞུང་ལུགས་དང་། རྒན་རབས་པ་དག་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་ལེགས་བཤད་རྐྱང་རྐྱང་ཡིན། དེ་བས་གནའ་དུས་ལྟ་བུར་མཚོན་ན་དེ་དག་ནི་སྲིད་སྐྱོང་བྱེད་ཀྱི་ཐབས་ལམ་ཞིག་ཡིན་པར་བཤད་ན་མི་འགྲིག་པ་གང་ཡང་མེད་དོ། །

རང་རེ་བོད་ལ་མཚོན་ན་གཏམ་དཔེ་དར་སྔ་ཞིང་། གཏམ་དཔེ་ལ་ཧ་ཅང་ཅང་དོ་སྣང་བྱེད་པ་དང་ མི་ཆེན་དང་སྐྱེས་པ་རྣམས་ཀྱི་འཇོན་ཐང་ངོམ་བྱེད་གཙོ་བོ་ཞིག་ཏུའང་འཇོག་པ་ཡིན་ཏེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “མཁས་པར་བགྲང་བ་རྣམས་ནི་སྨྲ་བརྗོད་གཙང་ཞིང་། གཏམ་རིང་པོ་དཔེ་སྣ་ཚོགས་དང་སྦྲེལ་ཏེ་ལབ་ནུས་པ་དག་ཡིན། བརྡ་ཐབས་ཡིན་ཁུལ་མང་པོ་ཞིག་སྨྲ་བ་ལ་དགའ་བར་བྱེད། བློན་ཆེན་ལྟ་བུ་ཞི་གིས། འདི་བྱས་ན་ཤར་གྱི་རི་ནུར་ཏེ། ནུབ་ཀྱི་མཚོ་བཅད་ཡོང་ཞེས་སྨྲས་པ་ལ། རྒན་མོ་རིག་པ་ཅན་རྣམས་ཀྱིས་དེའི་དོན་ཅི་ཡིན་ཉིན་མང་པོར་བསམ་མནོ་གཏོང་བ་སོགས་བྱེད།” ཅེས་གསུངས་པ་ལྟར་ལ། ལོ་རྒྱུས་ཀྱང་ཤིན་ཏུ་སྔ་བ་ཡིན་ཏེ། གྲི་གུམ་བཙན་པོའི་སྐབས་སུ་གཏམ་དཔེ་མང་པོ་བཀོལ་གྱིན་ཡོད་པ་ཏུན་ཧོང་ཡི་གེ་སོགས་ལོ་རྒྱུས་ཁག་ཏུ་གསལ་བས་སོ། །དེ་ཡང《ཏུན་ཧོང་ གཏེར་ཡིག》ཏུ་གྲི་གུམ་གྱི་ལོ་རྒྱུས་བཤད་སྐབས་རུ་ལས་སྐྱེས་ཀྱིས་རང་གི་མ་ལ་རང་གི་རྗེ་དང་ཕ་ཡི་ལོ་རྒྱུས་དྲིས་སྐབས་མ་ཡིས། “མྱིའུ་ཆུང་ཁ་མ་ཆེ། རྟེའུ་ཆུང་ཁ་མ་དྲག” ཞེས་སྨྲས་པ་དང་། རུ་ལས་སྐྱེས་ཀྱིས། “ང་མི་རླག་གི་རྗེས་གཅོད། ཆུ་རླག་གི་ནི་འབྲེལ་ཚལ་དུ་འགྲོ”ཞེས་སྨྲས་པ་ལྟ་བུའོ། །

ལྷག་པར་དམངས་ཁྲོད་ཀྱི་གནའ་སྲོལ་གྱོད་བཤད་སོགས་ཀྱི་སྐབས་སུ་རྫིག་རྒྱག་ཞེས་པ་ཞིག་ཡོད་པ་དེ་ནི་ཁེད་ལས་ཀྱང་བསྟན་དོན་ཤིན་ཏུ་སྦས་ཏེ་བསྟན་པ་ཡིན་པས། གྱོད་ཡ་རྣམས་ཀྱིས་རིག་པ་རྩལ་བསྒྲིམས་མ་བྱས་ན་དོན་ཅི་ཡིན་མི་གོ་བའི་ཚོད་དུ་ཡོད་པ་དེ་ཡིན་ཏེ། རྫིག་མ་དར་བའི་ས་གནས་ལ་ལར་རྫིག་གཏོང་རེས་ཀྱིས་གྱོད་བཤད་སྐབས་གྱོད་ཡའི་ཚིག་གི་ནང་དོན་མ་གོ་བར་རྒན་རབས་པ་དང་དགེ་བཤེས་མཁན་པོ་སོགས་ལ་འདྲི་རུ་འགྲོ་དགོས་བྱུང་བ་སོགས་ཀྱི་ལོ་རྒྱུས་ཀྱང་ཡོད་ལ། རྫིག་ལ་ལྡེའུ་ཞེས་ཀྱང་ཟེར་བ་སྔོན་གྱི་རྒན་རབས་པ་དག་གི་ངག་ཐོག་ན་འདུག་ཅེས་ཀྱང་གྲོགས་ཤིག་ལས་ཐོས་སོ། །

ཡོང་ཁུངས། ལུག་ཚང་དཔལ་ཡོན།

 

བརྒྱུད་སྐུལ།

མཆན་སྤེལ།