ལ་སྟོད་ནོར་བུ།
———–
ནང་དོན་གནད་བསྡུས། རིག་གནས་ནང་འདྲེན་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་ནང་འདྲེན་བྱེད་སྟངས་སྐོར་ལ་རྒྱས་བསྡུས་རན་པོ་ཞིག་བྲིས་ཡོད། དེ་བཞིན་ལོ་ཙཱ་བ་གསོ་སྐྱོང་ཇི་ལྟར་བྱེད་དགོས་ལུགས་དང་ལོ་ཙཱའི་བསྟི་གནས་ཇི་ལྟར་འཛུགས་དགོས་ལུགས་སྐོར་ལ་བྲིས་ཡོད།
གནད་ཚིག རིག་གནས། ནང་འདྲེན། ལོ་ཙཱ། ལོ་ཙཱ་བ། གསོ་སྐྱོང་། ལོ་ཙཱའི་བསྟི་གནས།
དང་པོ། རིག་གནས་ཞེས་པའི་གོ་དོན་མདོར་བསྡུས།
སྤྱིར་རིག་གནས་ཞེས་པར་བོད་པའི་མཁས་པ་སྔ་རབས་པ་དང་ཕྱི་རབས་པ་གཉིས་ཀྱི་ཁྲོད་དུ་མཚན་ཉིད་གཅིག་མཐུན་ཞིག་མི་འདུག་མོད། འདིར་ས་བཅད་མ་སྟོང་ཙམ་ཞིག་ཞུས་ན་ཨ་འཁོར་བཟོད་པས་བྲིས་པའི་<<བོད་ཀྱི་སྲོལ་རྒྱུན་ཤེས་ཡོན་རིག་པའི་དཔྱད་ཞིབ།>>ལས་”རིག་གནས་ནི་སྒྲ་ཡངས་འཇུག་གི་དབང་དུ་བཏང་ན་ཁོར་ཡུག་ངེས་ཅན་ཞིག་ཏུ་འཚོ་སྡོད་བྱས་པའི་མི་རིགས་སམ། ཡང་ན་མིའི་སྤྱི་ཚོགས་ངེས་ཅན་ཞིག་གིས་སྐྱེད་སྐྲུན་བྱས་ཤིང་བརྒྱུད་སྤྲོད་ཀྱི་རྣམ་པའི་སྒོ་ནས་དལ་པོའི་ངང་དུ་འགྱུར་བ་འགྲོ་བཞིན་པའི་བྱ་དངོས་མཐའ་དག་དང་དེའི་སྟེང་གི་བཀོད་པ་སྟེ་ཕྱི་རིམ་སྒྲིག་གཞི་དང་། དེས་མཚོན་པའི་ནང་གནས་འདུ་ཤེས་ཀྱི་སྒྲོམ་གཞི་དང་དེའི་འགྲེལ་བརྗོད་བྱེད་ལུགས་བཅས་ལ་གོ། སྒྲ་དོག་འཇུག་ཏུ་བྱས་ན་བྱ་དངོས་མཐའ་དག་གི་ནང་གནས་འདུ་ཤེས་དང་དེའི་འགྲེལ་བརྗོད་བྱེད་ལུགས་བཅས་ལ་རིག་གནས་ཞེས་བྱའོ།།” ཞེས་གསུངས་པ་ལྟར། རིག་གནས་ཞེས་པའི་མཚན་ཉིད་ལ་སྒྲ་ཡངས་དོག་གཉིས་ཀ་ནས་འཇོག་དགོས་པ་དང་དེ་བཞིན་གོ་བ་ཡང་སྒྲ་ཡངས་དོག་གཉིས་གནས་ནས་ལེན་དགོས་འདུག མདོར་ན་རིག་གནས་ཞེས་པ་ནི་འགྲོ་བ་མིའི་རྣམ་དཔྱོད་ལས་འཁྲུངས་པའི་དངོས་རྫས་ཤིག་གོ། དེ་བཞིན་རིག་གནས་ཞེས་པའི་ཐ་སྙད་དེ་དུས་ནམ་ཞིག་ནས་བོད་ལ་དར་མིན་སོགས་ཀྱང་གཅིག་མཐུན་ཞིག་མི་འདུག ནམ་རྒྱུན་མཁས་པའི་ཞལ་རྒྱུན་དུ་རྗེ་ས་པཎ་གྱིས་བོད་གངས་ཅན་ལྗོངས་སུ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཅུ་ཕྲག་རིག་པའི་སྲོལ་གཏོད་པ་ནས་བཟུང་། བོད་གངས་ཅན་པའི་ཡུལ་འདིར་རིག་གནས་ཞེས་པའི་ཐ་སྙད་བྱུང་བ་དང་དེ་བཞིན་བཅུ་ཕྲག་རིག་པའི་གནས་དེ་དག་ལ་བརྟེན་ནས་གངས་ཅན་ལྗོངས་འདིར་ཤེས་ལྡན་པ་ཇི་སྙེད་ཅིག་སྐྱེད་བསྲིངས་བྱས་པར་བཞེད། ཕྱོགས་གཞན་ཞིག་ནས་དེང་གི་མཁས་པ་དང་མཁས་རློམ་དུ་མས་རིག་གནས་ཞེས་པའི་ཐ་སྙད་དེ་རྗེ་ས་པཎ་ལས་སྔོན་དུ་བྱུང་བར་ཡང་བཞེད། ལར་ནས་རིག་གནས་ཞེས་པའི་ཐ་སྙད་ནམ་བྱུང་གང་ལྟར་ཡང་བོད་གངས་རིའི་ལྗོངས་འདིར་ཡོངས་གྲགས་ལ་རྗེ་ས་པཎ་གྱིས་བཅུ་ཕྲག་རིག་པའི་གནས་སྲོལ་གཏོད་པ་ནས་བཟུང་། རིག་གནས་ཞེས་པའི་ཐ་སྙད་དེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་དར་རྒྱས་སུ་ཕྱིན་པ་རེད་ཅེས་བརྗོད་ན་མི་འགྲིག་པ་མི་འདུག་སྙམ།
གཉིས་པ། འདས་པ་ལ་ཁ་ཕྱོགས་ནས་རིག་གནས་ནང་འདྲེན་གྱི་འགངས་ཆེན་གླེང་བ།
བོད་མི་རིགས་ནི་རིག་གནས་ནང་འདྲེན་ལ་དགའ་བའི་མི་རིགས་ཤིག་དང་སྙིགས་དོར་བཅུད་ལེན་ལ་སྤྲོ་བའི་མི་རིགས་རིགས་སྟོབས་ཅན་ཞིག་ཡིན། དེ་ཡང་དུས་རབས་བཅུ་དྲུག་པའི་ལོ་རབས་བདུན་ཅུ་པའི་ནང་སྟེ་བོད་རབ་བྱུང་བརྒྱད་པའི་ཤིང་བྱི་ཕྱི་ལོ་(1504-1566)ལོར་དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་<<ཆོས་འབྱུང་མཁས་པའི་དགའ་སྟོན།>>ལས།“ཤར་ཕྱོགས་རྒྱ་དང་མི་ཉག་ནས། །བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། །ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། །ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། །བྱང་ཕྱོགས་ཧོར་དང་ཡུ་གུར་ནས། །ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། །དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། ། མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས། །” ཞེས་པ་ལས་རང་རེའི་སྤུ་རྒྱལ་གོང་མ་རྣམས་ཀྱི་གུ་ཡངས་ཀྱི་བསམ་བློ་དང་སྔར་ཡོད་རང་གི་གནས་གཅིག་པུར་ཡིད་ཚིམ་ནས་མ་བསྡད་པར། མི་རིགས་གཞན་གྱི་ལེགས་ཆ་བསྡུ་ལེན་གྱི་སྙིང་སྟོབས་ཅན་གྱི་མི་རིགས་ཤིག རིག་གནས་སྣ་མང་མཁོ་བསྡུ་བྱེད་རྒྱུར་གོམས་པའི་མི་རིགས་ཤིག་ཡིན་པ་གོང་གི་ཚིགས་བཅད་འདི་ནས་བསྟན་འདུག་སྙམ། ལར་ནས་སྤུ་རྒྱལ་མི་རྗེ་སྲོང་བཙན་གྱིས་སྔར་ཡོད་བོད་ཀྱི་གདོད་མའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་རྒྱ་ཇེ་ཡངས་སུ་གཏོང་སླད། ཐོན་མི་སོགས་བོད་ཕྲུག་རིག་པ་ཅན་བཅུ་དྲུག་རྒྱ་གར་འཕགས་པའི་ཡུལ་དུ་ཡི་གེ་བསླབས་པར་བཏང་མོད། འོན་ཀྱང་། བོད་ཕྲུག་དེ་དག་ལས་སློབ་དཔོན་ཐོན་མི་མ་གཏོགས་གཞན་རྣམས་ཚ་བ་སོགས་ཀྱི་རྐྱེན་པས་འདས་པ་རེད། སློབ་དཔོན་ཐོན་མིས་བགྲང་བྱ་དུ་མར་དཀའ་སྤྱད་འབད་འབུངས་ཀྱིས་འཕགས་ཡུལ་གྱི་སྒྲ་རིག་པར་མཁས་པའི་སློབ་དཔོན་དུ་མ་བསྟེན་པ་དང་། མཐར་འཕགས་ཡུལ་གྱི་དབྱངས་གསལ་ལྔ་བཅུ་ལས་བོད་ལ་མཁོ་བ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་ཡི་གེ་འདི་གསར་བཟོ་བྱས་པ་རེད། དུས་དེ་ནས་བཟུང་གངས་ཅན་ལྗོངས་འདིར་རིག་གནས་ནང་འདྲེན་གྱི་ཚ་རླབས་ཤིག་འཕྱུར་ཞིང་མདོ་དབུས་ཁམས་གསུམ་ལ་ཤེས་རིག་གསར་པའི་འོད་སྣང་ཞིག་འཆར་འགོ་བཙུགས་པ་རེད། སྒོས་སུ་མེས་སྲོང་བཙན་གྱིསརྒྱལ་ཁབ་གཞན་གྱི་ཆབ་དཔལ་རིག་གསུམ་གྱི་ཉིང་བཅུད་དག་ནང་འདྲེན་བྱས་པས་སྤུ་རྒྱལ་བཙན་པོའི་རྒྱལ་ཁབ་དེ་སྔར་ལས་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གྱུར་བ་རེད།
གོང་ཞུས་ལྟར་རང་རེའི་མི་རིགས་དེ་ནི་རིག་གནས་ནང་འདྲེན་ལ་དགའ་བའི་མི་རིགས་རླབས་ཆེན་ཞིག་ཡིན་པས་རྗེས་ཀྱི་སྤུ་རྒྱལ་བཙན་པོ་རྣམས་ཀྱིས་ཀྱང་མེས་སྲོང་བཙན་གྱི་རིག་གནས་ནང་འདྲེན་གྱི་སྙིང་སྟོབས་དེ་རྒྱུན་བསྲིངས་པ་རེད། ལར་ནས་བོད་ཀྱི་བྱུང་བ་རིག་པའི་ནང་དུ་ཡོངས་སུ་གྲགས་པ་སྤུ་རྒྱལ་མི་རྗེ་ཁྲི་སྲོང་ལྡེའུ་བཙན་གྱིས་སྔར་མེས་སྲོང་བཙན་ལས་ཀྱང་གཞི་རྒྱ་ཆེ་ཞིང་སྒྲིག་འཛུགས་ལྡན་པའི་ཐོག་ནས། ཤར་རྒྱ་ནག་དང་ནུབ་འཕགས་ཡུལ་སོགས་ནས་རིག་གནས་སྣ་མང་ཞིག་ནང་འདྲེན་བྱས་པ་རེད། ལྷག་པར་དུ་རྗེ་ཁྲི་སྲོང་སྐབས་སུ་སྒྲིག་འཛུགས་ལྡན་པའི་ཐོག་ནས་འཕགས་ཡུལ་ནས་ནང་བསྟན་གཞུང་ལུགས་ཁུངས་བཙུན་ཞིང་གཞི་རྒྱ་ཅན་ཞིག་ནང་འདྲེན་བྱས་པ་རེད། དེང་གི་དུས་འདིར་བོད་ཀྱི་ནང་བསྟན་རིག་པའི་གཞུང་ལུགས་ཞེས་འཛམ་གླིང་ལ་ངོམས་རྒྱུ་ཡོད་པ་དེ་སྤུ་རྒྱལ་དེ་ཉིད་ཀྱི་བཀའ་དྲིན་དང་། དེ་བཞིན་སྤུས་དག་ཅིང་སྙིང་སྟོབས་ཅན་གྱི་ལོ་པཎ་དེ་དག་གི་བཀའ་དྲིན་རེད། དེ་ལྟ་བུའི་ནང་བསྟན་ཕྱུག་པོ་འདིར་འཛམ་གླིང་ཡུལ་གྲུ་གཞན་རྣམས་འགྲམ་ཆུ་ཤོར་དོན་ཡང་རིག་གནས་ནང་འདྲེན་གྱི་ལག་རྗེས་རྨད་དུ་བྱུང་བས་རེད། དེ་བཞིན་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་མེས་དབོན་རྣམས་ཀྱིས་རིག་གནས་ནང་འདྲེན་གྱི་རྒྱུན་བསྲིངས་ཏེ་འཕགས་ཡུལ་སོགས་ཡུལ་གཞན་ནས་ཆབ་དཔལ་རིག་ཇི་སྙེད་ཅིག་ནང་འདྲེན་བྱས་པ་རེད། དཔེར་ན། རྗེ་ས་པཎ་གྱིས་གངས་རིའི་ལྗོངས་འདིར་སྔ་ན་མེད་པའི་བཅུ་ཕྲག་རིག་པའི་སྲོལ་བཏོད་པ་དང་། དེ་བཞིན་འཕགས་ཡུལ་གྱི་ཚད་མའི་ལུགས་ལ་གཞིར་བཟུང་ནས་ཚད་མ་རིག་གཏེར་ཞེས་པའི་བསྟན་བཅོས་སྐད་གྲགས་ཅན་དེ་མཛད་པ་རེད། དེ་བཞིན་མཁས་འཇུག་སོགས་བོད་ལ་མཁོ་བའི་བསྟན་བཅོས་དུ་མ་ཞིག་ནང་འདྲེན་བྱས་ཡོད། མདོར་ན་བསྟན་པ་སྔ་དར་དང་ཕྱི་དར་གཉིས་སུ་སྤུ་རྒྱལ་རྣམས་དང་སྐད་གཉིས་སྨྲ་བའི་ལོ་པཎ་དག་གིས་རྣམ་དཔྱོད་ཀྱིས་སྔར་ཡོད་བོད་ཀྱི་རིག་གནས་གཅིག་པུར་ཡིད་མ་ཚིམ་པར། མི་རིགས་གཞན་གྱི་ལེགས་ཆ་རྣམས་ནང་འདྲེན་བྱས་པས་སྤུ་རྒྱལ་བཙན་པོའི་མངའ་ཐང་རྒྱ་བསྐྱེད་བྱས་པ་རེད། གཏམ་བརྒྱ་བཤད་ཀྱི་སྙིང་པོ་དོན་ཞེས་པ་ལྟར་རིག་གནས་ནང་འདྲེན་གྱི་རིན་ཐང་ནི་གང་གིས་ཀྱང་དོ་ཟླ་མེད་པའོ།།
གསུམ་པ། འདས་པའི་ལོ་རྒྱུས་ཀྱི་སྟོང་ཆ་ལས་རིག་གནས་ནང་འདྲེན་གྱི་གལ་ཆེན་གླེང་བ།
ལོ་རྒྱུས་ནི་འདས་པའི་མེ་ལོང་ཡིན་ཞེས་པ་ལྟར་ང་ཚོས་ངེད་ཅག་གངས་ཅན་པའི་འདས་པའི་བྱུང་བ་རིག་པའི་མེ་ལོང་ལ་ཕྱིར་མིག་ཅིག་འཕངས་ཚེ་འཛམ་གླིང་ན་ཟིན་ཐོ་གསར་པ་བཞག་པའི་བྱས་རྗེས་ཡོད། དེ་བཞིན་ལྡོག་ཕྱོགས་ནས་སྤུ་རྒྱལ་མཐའ་མ་འུ་དུམ་བརྟན་ནས་བཟུང་བོད་བཙན་པོའི་མངའ་ཐང་རྒྱ་བསྐྱེད་རིང་ལུགས་ཀྱི་སྙིང་སྟོབས་ཉམས་པ་དང་། ལྷག་པར་དུ་བོད་པའི་ཟུངས་ཁྲག་ནང་དུ་འཁྱིལ་བའི་མི་རིགས་གཞན་གྱི་ལེགས་ཆ་བསྡུ་ལེན་བྱེད་པའི་ངར་ཤུགས་དེ་རླུང་ནག་ཁྲོད་ཀྱི་མར་མེ་ལྟར་ངང་གིས་ཡལ་བ་རེད། ཆེས་འཇིགས་སུ་རུང་བ་ནི་ལོ་བརྒྱ་ཕྲག་དུ་མ་ཞིག་གི་རིང་ལ་སྔོན་མེས་པོ་སྲོང་བཙན་སོགས་ཀྱིས་རིག་གནས་ནང་འདྲེན་བྱས་པ་ཁོ་ནར་ཡིད་ཚིམ་ནས་བསྡད་པ་རེད། ད་དུང་རང་གི་རིག་གནས་ཡག་རབས་དང་འཇིག་རྟེན་གྱི་བྱ་བར་དོན་སྙིང་མེད་རབས་སོགས་སྣང་བ་སྐྱིད་པོའི་སྐད་ཆ་ཁོ་ན་བཤད་ནས་བསྡད་པ་རེད། དེ་ལྟར་དུས་ཚོད་གང་འཁྱོལ་དང་རིག་གནས་སྣེ་ཁ་གཅིག་ལ་ཡིད་ཚིམ་ནས་བསྡད་པས་མཐོ་བ་འཛིན་སྐྱོང་གི་དཔོན་རིགས་ནས་དམའ་བ་ཐབ་ལས་པ་སོགས་དུས་རབས་ཀྱི་གད་སྙིགས་ཤིག་དང་མེས་པོའི་རྐང་འདྲེན་པ་ཁྱུ་གཅིག་ཆགས་པ་རེད། གང་ལྟར་སྔོན་གྱི་རིག་གནས་ནང་འདྲེན་གྱི་ཚ་རླབས་དེ་ཆད་ཅིང་ཡོད་ཚད་ལྷ་དང་བླ་མར་སྐྱབས་བཅོལ་བའི་མི་རིགས་བག་འཁུམས་ཤིག་ཏུ་གྱུར་བ་རེད།
བཞིཔ། རིག་གནས་ནང་འདྲེན་ནི་དུས་རབས་ཀྱི་དགོས་མཁོ་ཉག་ཅིག་ཡིན།
ང་ཚོས་ཆེས་ཐོག་མར་ངེས་པར་དུ་མཁྱེན་དགོས་པ་ཞིག་ལ་དུས་རབས་ཉེར་གཅིག་པ་ནི་བརྡ་འཕྲིན་གྱི་དུས་རབས་རེད། ཆེ་ས་རྒྱལ་ཁབ་གཅིག་གི་བདེ་སྡུག་དང་ཆུང་ས་མི་སྒེར་བ་ཞིག་གི་བདེན་དོན་ཡོད་ཚད་བརྡ་འཕྲིན་གྱི་གསེང་ནས་ཐག་གཅོད་བྱེད་བཞིན་ཡོད། དེ་བཞིན་ཉེར་གཅིག་པ་དཔལ་འབྱོར་བསྡུ་ལེན་གྱི་དུས་རབས་འཁྲུག་ཆ་ཅན་ཞིག་རེད། གང་ལྟར་ཉེར་གཅིག་པ་ནི་རིག་གནས་སྣ་མང་མཁོ་བའི་དུས་རབས་ཆེས་བྲེལ་ཟིང་ཅན་ཞིག་རེད། ལར་ནས་ང་ཚོས་ཤེས་དགོས་པ་ནི་ང་ཚོར་གོང་དུ་གླེང་བའི་རིག་པའི་གཞུང་ལུགས་དེ་དག་མེད། དེ་ཡི་ཕྱིར་ང་ཚོས་གཉིད་ས་ནས་ལངས་ཏེ་དུས་རབས་ཀྱི་རྗེས་སྙེགས་དགོས་རེད། འཛམ་གླིང་གི་ཡུལ་གྲུ་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་མདུན་སྐྱོད་བྱེད་དགོས་རེད། སྤུ་རྒྱལ་ཚང་གི་གཟི་བརྗིད་ངོམ་འདོད་ཅིང་རྒྱལ་ཁབ་གཞན་གྱི་བྲན་གཡོག་བྱེད་འདོད་མེད་ན། དུས་རབས་ཉེར་གཅིག་པ་ལ་མཁོ་བའི་རིག་གནས་གསར་པ་དག་ནང་འདྲེན་བྱེད་རྒྱུ་རེད།
ལྔ་པ། རིག་གནས་ནང་འདྲེན་ནི་མ་ཡིག་གི་ཚེ་སྲོག་སྐྱབས་པའོ།།
དེ་ཡང་བོད་ཡིག་ཉམས་ཆག་འགྲོ་བཞིན་འདུག་ཅེས་བོད་ཕྱི་ནང་གང་སར་རླུང་ལྟར་གྲགས་བཞིན་ཡོད། བོད་སྐད་ཡིག་ཉམས་ཆགས་སུ་འགྲོ་བར་རྒྱུ་རྐྱེན་ཇི་སྙེད་པ་ཞིག་ཡོད་མོད། དེ་དག་གི་ཁྲོད་ནས་སྐད་ཡིག་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་དུས་རབས་གསར་པའི་རིག་གནས་མང་པོ་ཞིག་རང་གི་མ་ཡིག་ཐོག་ཏུ་མེད་པས་རེད། དཔེར་ན། ཉིན་ཞག་འཕྲུག་ཅིག་གི་ནང་དུ་བཀོལ་སྤྱོད་མང་བའི་འཚོ་བའི་མཁོ་ཆས་ཇི་སྙེད་ཅིག་གཞན་སྐད་བཀོལ་བཞིན་ཡོད། གང་ལྟར་སྟོང་ཆ་དེ་དག་ཁ་སྐོང་བྱེད་རྒྱུའི་ཐབས་རྨད་དུ་བྱུང་བ་ནི་མི་རིགས་གཞན་གྱི་རིག་གནས་སྟེང་དུ་ཡོད་པའི་ལེགས་ཆ་དེ་དག་ནང་འདྲེན་བྱེད་རྒྱུ་དེ་རེད། མདོར་ན་འཆི་ལ་ཉེ་བའི་རང་རེའི་སྐད་ཡིག་ནོར་བུ་ཀུན་འབྱུང་ལྟ་བུ་དེ་ཡི་སྐུ་ཚེ་བསྲིངས་འདོད་ན་རིག་གནས་ནང་འདྲེན་བྱོས། རིག་གནས་ནང་འདྲེན་ནི་རང་རེའི་སྐད་ཡིག་འཆི་ལམ་ལས་སྐྱོབ་ཆེད་ཀྱི་ཐབས་ཕུལ་དུ་བྱུང་བ་ཞིག་རེད།
ལོ་ཙཱ་བ་གསོ་སྐྱོང་བྱ་ཐབས།
དང་པོ། ལོ་ཙཱ་བའི་གོ་དོན་དང་ངོ་བོ།
དེ་ཡང་ཐོག་མར་ལོ་ཙཱ་བ་ཞེས་པའི་ཐ་སྙད་འདི་ནི་ལེགས་སྦྱར་སྐད་དུ་ལོཀ་ཙཀྵུ་ཞེས་པ་བོད་སྐད་དུ་བསྒྱུར་ན་འཇིག་རྟེན་མིག་ཅེས་བྱ་བ་ཡིན་མོད། བོད་སྐད་དུ་ཐ་སྙད་དེའི་ཟུར་ཆག་སྟེ་ལོ་ཙཱ་བ་ཞེས་ཡོངས་སུ་གྲགས་པ་ཡིན། དེ་ཡང་འཇིག་རྟེན་མིག་ཅེས་པ་ཡང་ལོ་ཙཱའི་རིག་གནས་འདི་ལ་བསྟེན་ནས་གཞན་སྐད་དུ་ཡོད་པའི་རིག་གཞུང་རྣམས་ལ་མ་རིག་པའི་མུན་པ་སེལ་བར་བྱེད་པའི་ཡོན་ཏན་ཁྱད་པར་ཅན་ལྡན་པ་མ་ཟད། སྐད་རིགས་མི་འདྲ་བ་ཕན་ཚུན་གྱི་ཟམ་པ་ལྟ་བུ་ཡིན་པས་སྐད་བྱེ་བྲག་པ་གཅིག་ཏུ་ཡོད་པའི་ཤེས་བྱའི་རྣམ་གཞག་གལ་ཆེན་པོ་ཅི་འདྲ་ཞིག་ཡོད་ནའང་ཡུལ་ལུང་གཞན་གྱི་སྐད་ལ་བསྒྱུར་ཐུབ་ན་དེར་གནས་པའི་སྐྱེ་བོ་རྣམས་ནས་ཀྱང་ཤེས་བྱའི་གནད་རྣམས་རང་སྐད་དུ་སླ་བར་རྟོགས་ཐུབ་བོ།། འདས་པའི་བོད་ཀྱི་ལོ་རྒྱུས་རྣམས་སུ་རྒྱང་ལྟ་ཞིག་བྱས་ནའང་སྔོན་ནང་བསྟན་མ་དར་གོང་དུའང་ཞང་ཞུང་སྐད་ནས་བོད་སྐད་དུ་བསྒྱུར་བའི་བོན་གཞུང་དག་ཡོད་ལ། དེའི་རྗེས་སུ་བསྟན་པ་སྔ་དར་གྱི་སྐབས་སུ་རྒྱ་གར་འཕགས་པའི་ཡུལ་ནས་བོད་ཡུལ་དུ་ནང་བསྟན་ཕུན་སུམ་ཚོགས་པར་བསྒྱུར་ཐུབ་པའང་སྔོན་བྱོན་གྱི་ཆོས་རྒྱལ་རྣམས་ཀྱི་མཐུན་འགྱུར་དང་ལོ་པཎ་རྣམས་ཀྱི་མཛད་རྗེས་ཀྱི་འབྲས་བུ་ཁོ་ན་ཡིན་པས་ད་གཟོད་བོད་རྒྱལ་ཁབ་འདིར་ངོམས་རྒྱུ་བླ་ན་མེད་པ་ཞིག་ཡོད་པ་ནི་མཉམ་མེད་ཤཱ་ཀྱ་སེང་གེའི་ཐེག་པ་གསུམ་གྱི་རྣམ་གཞག་མ་ཚང་བ་མེད་པ་རྣམས་ཡིན་ལ། རྒྱལ་ཁབ་གཞན་ཀུན་གྱིས་རིག་པའི་གཞུང་ལུགས་འདི་ཤེས་དགོས་ན་བོད་ཀྱི་སྐད་ཡིག་འདིར་དོ་སྣང་མ་བྱེད་ཐབས་མེད་དུ་འགྱུར་ཡོད་པ་སྨྲ་མི་དགོས་པ་རེད།
དེ་ནས་སྤྱིར་ལོ་ཙཱ་བར་ངེས་པར་དུ་ལྡན་དགོས་པའི་ཁྱད་ཆོས་འགའ་གླེང་ན། དང་པོ། ལོ་ཙཱ་བ་རང་ཉིད་བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་གཉིས་ཀར་བྱང་ཆུབ་པ་མ་ཟད་གཙོ་བོ་ནི་གང་བསྒྱུར་བར་བྱ་བའི་རིག་གནས་ཀྱི་རྣམ་གཞག་དེ་ལ་མཁས་པ་ཞིག་དགོས་གལ་ཤིན་ཏུ་ཆེ།
གཉིས་པ། དེ་ཙམ་མ་ཟད་མི་རིགས་གཉིས་ཀའི་ཡུལ་སྲོལ་གོམས་གཤིས་དང་ཐུན་མོང་མ་ཡིན་པའི་བསམ་བློའི་འཁྱེར་བཟོ། བརྡ་སྤྲོད་དང་སྡེབ་སྦྱོར་བཀོལ་སྤྱོད་བྱེད་སྟངས་སོགས་གང་ཅིའི་ཐད་གོ་རྟོགས་མི་དམན་པ་ཞིག་དགོས་གལ་ཆེ།
གསུམ་པ། རང་ཉིད་ལ་འགན་འཁྲི་ཆེན་པོ་ཞིག་ཡོད་པ་ཤེས་དགོས་སྟེ། གང་བསྒྱུར་བར་བྱ་བའི་རིག་པའི་གནས་དེའི་མཛད་པ་པོས་གང་གསུངས་པ་དེ་མ་རྟོགས་པ་དང་། ལོག་པར་རྟོགས་པ། ཐེ་ཚོམ་པ་བཅས་སྤངས་པའི་ཐོག་ནས་མཛད་པ་པོ་དེའི་དགོངས་པ་ཇི་མ་ཇི་བཞིན་སྐད་ཡིག་གཞན་པ་དེར་སྤུངས་ཐུབ་པ་ཞིག་དགོས། སྐབས་འདིར་རང་ཉིད་རང་ཉིད་ཡིན་པ་བརྗེད་པ་ཞིག་དགོས་ཏེ་རང་ཉིད་མཛད་པ་པོ་དེའི་སྐུ་ཚབ་ཡིན་པ་ཤེས་དགོས། དེ་ལྟར་བྱུང་ན་ད་གཟོད་གང་འགྱུར་བ་དེར་རང་ཉིད་ཀྱིས་བཟོ་བཅོས་དང་སྣོན་འཕྲི་བྱེད་པ་སོགས་ཀྱི་སྐྱོན་མི་ལྡན་ནོ།།
གཉིས་པ།
སྔོན་བྱོན་ལོ་ཙཱ་བ་རྣམས་མཇལ་བ།
བསྟན་པ་སྔ་དར་སྐབས་ཀྱི་ལོ་ཙཱ་བ་གསོ་སྐྱོང་།
བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེར་འཁོད་པ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་ཡི་གེའི་སྲོལ་འབྱེད་མཁན་དང་ལོ་ཙཱ་བ་དང་པོ་ནི་སློབ་དཔོན་ཐོན་མི་ཡིན་པ་བཞེད་པ་དང་།་རྒྱལ་པོས་ཐོན་མི་སོགས་བློ་གསལ་བ་བཅུ་དྲུག་ལ་གསེར་དངུལ་སོགས་ཀྱི་མཐུན་རྐྱེན་གྱ་ནོམ་པ་སྦྱར་ནས་རྒྱ་གར་དུ་བརྫངས་ལ་བྲམ་ཟེ་ལི་བྱིན་ཀ་ར་དང་། ལྷ་རིག་པའི་སེང་གེ་རྣམས་ལས་སྒྲ་པཱ་ནི་པ་དང་། ཀཱ་ལ་པ། ཙནྡྲ་པ་བཅས་བརྡ་སྤྲོད་དང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ལོ་བདུན་ཙམ་རིང་ལ་ལེགས་པར་ཁོང་དུ་ཆུད་ནས་བོད་ལ་ཕེབས། སྐབས་དེར་ཁོང་གིས་སྒྲ་རིག་པའི་བསྟན་བཅོས་ཁག་གི་རྒྱ་དཔེ་རྣམས་དང་། འདུས་པ་རིན་པོ་ཆེའི་ཏོག མདོ་སྡེ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་བོད་དུ་བསྣམས་ཕེབས་པས་ཕྱིས་སུ་རྒྱལ་པོས་བཀའ་ཕེབས་པ་ལྟར་བསྒྱུར་གྱི་བྱ་བ་ཐོག་མ་སྐབས་དེ་དུས་བྱུང་བ་ཡིན། དམུ་དགེ་བསམ་གཏན་གྱིས་བརྩམསཔའི་<< བོད་དུ་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ །>> ལས། “དེ་ནས་རྒྱལ་པོ་ཆེན་པོ་སྲོང་བཙན་གྱིས་གཙུག་ལག་ཁང་མང་པོ་བཞེངས་ནས། ལོ་ཙཱ་བའི་ཐོག་མ་ཐོན་མི་སམ་བྷོ་ཊས་སྤྱན་དྲངས་པའི་ཆོས་དང་རིག་པའི་གནས་མཐའ་དག་བོད་སྐད་ལ་སྒྱུར་ཅིག་གསུངས་པ་བཞིན། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང༌། བྲམ་ཟེ་ཤང་ཀ་ར། སློབ་དཔོན་ལི་བྱིན། བལ་པོའི་སློབ་དཔོན་ཤཱི་ལ་མ ། ཁ་ཆེའི་སློབ་དཔོན་ཏ་ནུཏ་དང༌། གྷ་ནུ་ཏ། རྒྱ་ནག་གི་སློབ་དཔོན་ཧྭ་ཤང་མ་ཧཱ་དེ་བ་ཚེ་རྣམས་སྤྱན་དྲངས་ཏེ། བོད་ཀྱི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་དང༌། དེའི་མཆན་བུ་ངྷརྨ་ཀོ་ཤ། །ཨ་ལོ་ཀཡེ་ཤེས་དཔལ་སོགས་ཀྱིས་ལོ་ཙཱ་བྱས། དེ་རྣམས་ལས་རྒྱ་གར་གྱི་སློབ་དཔོན་ཀུ་ས་རའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཐོན་མིས་བྱས། བྲམ་ཟེ་ཤང་ཀ་རའི་ཡོན་བདག་རྒྱལ་པོས་བྱས། ལོ་ཙཱ་བ་ངྷརྨ་ཀོ་ཤས་བྱས། རྒྱ་ནག་གི་མཁན་པོའི་ཡོན་བདག་རྒྱ་བཟའ་ཀོང་ཇོས་བྱས། ལོ་ཙཱ་བ་ཡང་ཀོང་ཇོ་ཉིད་དང་ལྷ་ལུང་རྡོ་རྗེ་དཔལ་གྱིས་བྱས། བལ་པོ་དང་ཁ་ཆེའི་ཡོན་བདག་བལ་བཟའ་ཁྲི་བཙུན་གྱིས་བྱས། ལོ་ཙཱ་བ་ཡང་ཁྲི་བཙུན་ཉིད་དང་ཐོན་མིས་བྱས་སོ།།” ཞེས་གསུངས་པ་ལྟར་རོ།།
དེ་ནས་སླར་ཡང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས་པ་ལྟར་ཆོས་རྒྱལ་སྲོང་བཙན་གཉིས་པ་ལྟ་བུ་ཞིག་བྱུང་བ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་འདི་ཉིད་ཡིན་ལ། རྒྱལ་པོ་འདིའི་སྐབས་སུ་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། བཙན་པོ་རང་ཉིད་བཅས་ཞལ་འཛོམས་པའི་ཐོག་ནས་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་པ་ནི་བོད་དུ་ནང་བསྟན་གྱི་གཙུག་ལག་ཁང་དང་པོ་དེའོ།། སྐབས་དེར་བསམ་ཡས་རང་དུ་སྒྲ་སྒྱུར་གླིང་ནང་དམ་ཆོས་སྒྱུར་ཚུལ་ལ་པདྨ་བཀའ་ཐང་ལས། པཎ་ཆེན་གཞན་རྣམས་སེང་ཁྲི་རེ་རེར་བཞུགསཿ བཻ་རོ་ཙ་ནར་གབ་རྩེ་ཉིས་བརྩེགས་བཏིངསཿ ལོ་ཙཱ་གཞན་རྣམས་གབ་རྩེ་རེ་ལ་བཞུགསཿརྒྱལ་པོས་གསེར་གྱི་མཎྜལ་རེ་རེ་ཕུལཿརྒྱ་ནག་ཇ་དང་བལ་པོའི་གོ་ལ་དང་། ”བོད་ཀྱི་འབྲུ་ཆང་རྒྱ་གར་འབྲས་ཆང་དང་། འཇིག་རྟེན་ཟས་སྣ་མང་པོ་ཀུན་བསགས་ནསཿགང་ལ་གང་བཞེད་དྲངས་ནས་བསྐོར་ཕྱག་བཙལཿ ཨེ་མ་ཧོཿ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དཔལཿཟ་ཧོར་མཁན་པོ་བོ་དྷི་ས་ཏྭ་དང་༔ ཁ་ཆེའི་པཎ་ཆེན་བི་མ་ལ་མི་ཏྲཿ དབུ་ཡི་མཆོད་གནས་ལོ་པཎ་བརྒྱ་རྩ་བརྒྱདཿ བདག་ནི་ཆོས་སྐྱོང་རྒྱལ་པོར་ཁས་འཆེ་བསཿརྒྱ་གར་ཡུལ་ན་བཞུགས་པ་དམ་པའི་ཆོསཿབཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམསཿ གཅིག་ཀྱང་མ་ལུས་བོད་དུ་བསྒྱུར་དུ་གསོལཿ གུས་ལྡན་ཞེ་སར་བཅས་པས་བཀའ་ནན་ཞུསཿ “ ཞེས་སོགས་གསུངས་པ་ལྟར་རོ།།
སྤྱིར་བོད་དུ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་ཞིག་གསོ་སྐྱོང་མཛད་ཡོད་མོད་ཆོས་རྒྱལ་འདིའི་སྐབས་ལས་གཞི་རྒྱ་ཆེ་བ་བྱུང་མེད། དེ་ཡང་སྒྲ་སྒྱུར་གླིང་དུ་བློ་རིག་གསལ་བའི་བོད་ཕྲུག་བརྒྱ་རྩ་བརྒྱད་བསྡུ་ལེན་མཛད་པའི་མཚན་རྣམས་<<པདྨ་བཀའ་ཐང་ནང་།>>འཁོད་ཡོད། སློབ་མ་རྣམས་ཀྱི་ཕ་མར་བསླུ་རིན་འདོད་པ་ཁེངས་པ་གནང་བ་དང་། དཔྱ་ཁྲལ་འཇལ་མི་དགོས་པ་སོགས་ཀྱི་དམིགས་བསལ་གནང་བ་མ་ཟད། སློབ་ཕྲུག་རྣམས་ལ་སློབ་ཡོན་དང་ལམ་ཆས་སོགས་གསེར་ཕོན་ཆེན་གནང་བ་སོགས་འཚོ་བའི་ཐོབ་ཐང་ལ་ལོ་ཙཱ་གསོལ་ཐང་ཞེས་ཐོབ་ཐང་བློན་ཆེན་དང་མཉམ་པ་རྒྱལ་པོའི་མཛོད་ནས་གནང་སྲོལ་ཡོད་ཅེས་<<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་།>>ནང་གསལ་བ་ལྟར་ཡིན།
དེ་རྗེས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུའང་དམ་ཆོས་མང་དག་བསྒྱུར་བ་དང་། སྐ་ཅོག་ཞང་གསུམ་གཙོས་ལོ་པཎ་རྣམས་ཀྱིས་སྒྱུར་ཡིག་རྣམས་ཞིབ་འཇུག་ནན་ཏན་གྱིས་དག་བཅོས་གནང་བ་མ་ཟད། རྒྱལ་པོའི་སྐད་བཅད་ལྟར་སྒྲ་སྦྱོར་བམ་གཉིས་མ་ཞེས་པ་དང། ཆོས་སྐད་ཀྱི་བརྡ་ཆད་རྣམས་ཤན་སྦྱར་མ་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་གཏན་ལ་ཕབ་པར་མཛད། དེ་ཡང་སྒྲ་སྦྱོར་བམ་གཉིས་སུ་ལོ་ཙཱའི་ཚད་གཞི་དང་། ལོ་ཙཱའི་རྩ་དོན་ཆེན་པོ་གསུམ། སྒྱུར་ཐབས་དམ་པ་བཞི། ལོ་ཙཱ་བྱེད་དུས་དོ་སྣང་བྱེད་དགོས་པ་བཞི་བཅས་གསུངས་པ་ནི་ལོ་ཙཱའི་དཔྱད་བརྗོད་ཀྱི་གཞུང་རང་རྐང་ཐུབ་པ་ཞིག་ཆགས་ཡོད། སྐབས་དེར་ལོ་ཙཱ་བར་ཡང་གནས་ཚད་རིམ་པ་གསུམ་དུ་ཕྱེ་ཡོད་པ་སྟེ། ཞུས་ཆེན་གྱི་ལོ་ཙཱ་བ། བར་ཞུས་ལོ་ཙཱ་བ། མཆན་བུ་ལོ་ཙཱ་བ་བཅས་གསུམ་དུ་དབྱེ་ཡོད། དེ་བཞིན་བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་ལོ་ཙཱ་བ་རིན་ཆེན་བཟང་པོ་ནས་བཟུང་གངས་ཅན་ལྗོངས་སུ་ལོ་ཙཱའི་བྱ་གཞག་གྱི་མེ་རླབས་འབར་འགོ་ཚུགས་པ་དང་། དེ་བཞིན་སྔར་བཙན་པོའི་སྐབས་སུ་བསྒྱུར་འཕྲོ་ལྷག་པ་དག་བསྒྱུར་ཞིང་ནང་བསྟན་གཙོས་པའི་རིག་གནས་གསར་པ་མང་པོ་ཞིག་བོད་བསྒྱུར་བྱས་པ་རེད། མདོར་ན་བསྟན་པ་ཕྱི་དར་སྐབས་སུ་ཡང་རིག་གནས་ནང་འདྲེན་གྱི་ཚ་རླབས་ཤིག་འཕྱུར་བ་དང་དེ་བཞིན་བོད་ཕྲུག་ཇི་སྙེད་པ་ཞིག་ལོ་ཙཱའི་བྱ་བར་བཞུགས་པ་རེད་དོ།།
གསུམ་པ། དུས་རབས་དང་མཐུན་པའི་ལོ་ཙཱ་བ་གསོ་སྐྱོང་བྱེད་སྟངས་དངོས་བཤད་པ།
དང་པོ། རིག་གནས་ནང་འདྲེན་དང་ལོ་ཙྰ་བའི་གལ་གནད་ཀྱི་གོ་རྟོག་སྤེལ་དགོས་པ།
སྤྱིར་བྱ་བ་གང་ཡིན་ནའང་དེ་ལ་སྤྲོ་བ་བསྐྱེད་པའི་སླད་དུ་དེའི་ཆེ་བ་དང་ཕན་ཡོན་ཤེས་གལ་ཆེ་བས་བདག་ཅག་གིས་རང་མི་རིགས་ལ་རིག་གཞུང་སོགས་ཕྱོགས་གང་གི་ཐད་ནས་སྟོང་ཆ་ལྷག་ཡོད་མེད་ཤེས་པའི་ཐོག་ནས་རིག་གནས་ཕྱུག་ཏུ་གཏོང་ཚུལ་ཤེས་རྟོགས་དགོས་གལ་ཆེ་བ་མ་ཟད། གོང་དུ་ཞུས་པ་ལྟར་རིག་གནས་ནང་འདྲེན་གྱི་གལ་གནད་རྣམས་ལ་བསམ་གཞིགས་བྱེད་དགོས་དང་། རིག་གནས་ནང་འདྲེན་ཡོང་བ་ལ་ལོ་ཙཱ་བྱེད་རྒྱུ་ལས་ཐབས་གཞན་མེད་པ་ཤེས་དགོས་སོ།།
གཉིས་པ། གཞུང་དམངས་ཀུན་གྱིས་ལོ་ཙཱའི་ལས་རིགས་འདིར་རྒྱབ་སྐྱོར་དགོས་པ།
རྒྱལ་ཁབ་ཅིག་གི་བྱ་བཞག་ཆེ་ཆུང་གང་ཡིན་ནའང་གཞུང་དམངས་ཀུན་ནས་མཉམ་རུབ་དང་རྒྱབ་སྐྱོར་ཚད་མཐོ་གནང་ན་བྱ་བ་གང་ཞིག་ཡིན་ནའང་སྒྲུབ་སླ་བ་དང་། སྔོན་བྱོན་ཆོས་རྒྱལ་རྣམས་དང་ཡོན་བདག་རྣམས་ནས་ལོ་ཙཱ་བ་རྣམས་ལ་ཆེ་མཐོང་ཅི་འདྲ་གནང་མིན་ལ་ཁ་མིག་ཡར་ལྟ་བྱེད་གལ་ཆེ།
གསུམ་པ། ལོ་ཙཱར་སློབ་འདོད་པ་ཚོས་ལོ་ཙཱ་བ་ཚད་ལྡན་གྱི་དྲུང་ནས་ལམ་སྟོན་ཞུ་དགོས་པ།
དེ་ཡང་བོད་ཀྱི་གཏམ་དཔེར། བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་སུ་མཁས་ཡིན་ཞེས་གསུངས་པ་ལྟར་ལོ་ཙཱའི་རིག་གནས་འདི་ཡང་གོམ་སྟབས་རེ་རེ་སྤོ་བའི་ཐོག་ནས་འགྲོ་རྒྱུ་ཞིག་ཡིན་པས་རང་རང་གི་སྤྱི་ཚོགས་རྣམས་སུ་ཡོད་པའི་ལོ་ཙཱ་བ་ཚད་ལྡན་རྣམས་ཀྱི་དྲུང་ནས་བཀའ་སློབ་ལམ་སྟོན་དང་། དེ་དག་གི་བསྒྱུར་ཚུལ་སོགས་ལ་དཔེ་བྱས་ཏེ་རིམ་གྱིས་གོམས་པར་བྱེད་དགོས་པ་གལ་ཆེ།
བཞི་པ། སྒྲིག་འཛུགས་ལྡན་པའི་ལོ་ཙཱ་བའི་བསྟི་གནས་ཁང་མང་ཙམ་བསྐྲུན་དགོས་པ།
ལོ་རྒྱུས་ལ་ཕྱིེར་མིག་ཅིག་ལྟ་དུས་སྔོན་བསམ་ཡས་སུ་སྒྲ་སྒྱུར་རྒྱ་གར་གླིང་ཞེས་སྡེ་ཚན་ལོགས་སུ་བཙུགས་པ་ལ་བརྟེན་ནས་ལོ་ཙཱ་བ་རྣམས་ཀྱི་མཛད་པ་མཁའ་ལྟར་ཁྱབ་པ་བཞིན། དེང་གི་དུས་སུ་ཡང་དེ་ལྟར་སྒྲིག་འཛུགས་ངེས་ཅན་ལྡན་པའི་ལོ་ཙཱའི་བསྟི་གནས་ཤིག་དགོས་གལ་ཆེ་བ་མ་ཟད། དེ་ལ་ཡང་རིམ་པ་གསུམ་དུ་དབྱེ་ཆོག་པ་སྟེ། ལོ་ཙཱ་བའི་ཆུ་ཚད་ལ་དཔག་ནས་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་དང་། དེ་བཞིན་དུ་རིག་པའི་གཞུང་ལུགས་མི་འདྲ་བའི་ཆ་ནས་སྡེ་ཚན་མི་འདྲ་བ་དགོས་པ་སྟེ། སྤྱི་ཚོགས་ཚན་རིག་གི་སྡེ་ཚན། དཔལ་འབྱོར་ཚན་རིག་གི་སྡེ་ཚན། ཆབ་སྲིད་ཚན་རིག་གི་སྡེ་ཚན་སོགས་བསྒྱུར་བྱའི་གཞུང་ལུགས་དཔག་པའི་སྡེ་ཚན་དབྱེ་དགོས་གལ་ཆེ་བར་མཐོང་།
ལྔ་པ། ཆོལ་གསུམ་གྱི་མཁས་དབང་འདུ་འཛོམས་ཐོག་ནས་སྙད་གཏན་འབེབས་དང་ལོ་ཙཱའི་དཔྱད་བརྗོད་ཀྱི་རྣམ་གཞག་དགོས་པ།
སྔོན་བྱེ་བྲག་རྟོག་བྱེད་ཆེན་མོ་ལྟ་བུའི་བརྡ་ཆད་གཏན་འབེབས་གནང་བའི་་བཀའ་དྲིན་ལ་བརྟེན་ནས་ལོ་ཙཱ་བ་རྣམས་བརྡ་ཆད་མང་པོ་ཞིག་གི་སྒྱུར་ཚུལ་གྱི་འགྲེལ་བཤད་དང་བཅས་པ་གསལ་བར་འཁོད་ཡོད་པས་ཕྱི་རབས་ཀྱི་ལོ་ཙཱ་བ་རྣམས་ལ་ཚད་འཛིན་ས་དང་ཁུངས་གཏུག་སའི་གཞི་ཡོད་པའི་དགེ་མཚན་སོགས་ཁྱད་པར་ཤིན་ཏུ་ཆེ་བར་སྣང་། དེ་བཞིན་སྔོན་བཀས་བཅད་སྐབས་སུ་སྒྲ་སྦྱོར་བམ་གཉིས་ལྟ་བུའི་ལོ་ཙཱའི་དཔྱད་བརྗོད་མཛད་པ་དང་དེ་དང་མཐུན་པའི་ལག་ལེན་འཁྱོལ་བས་ཁ་བ་གངས་ཅན་གྱི་ལྗོངས་འདིར་རྒྱལ་ཁབ་གཞན་གྱིས་འགྲན་ཟླ་བྲལ་བའི་ནང་དོན་རིག་པ་ནང་འདྲེན་ཐུབ་པ་བྱུང་བ་བཞིན། དེང་གི་དུས་སུའང་སྔོན་གྱི་གཞུང་འདི་ལྟ་བུ་གཞིར་བཞག་པའི་ཐོག་མུ་མཐུད་དེ་ལོ་ཙཱར་ཉམས་མྱོང་ཆེ་བ་རྣམས་ནས་དཔྱད་བརྗོད་སྤེལ་རྒྱུ་གལ་ཆེ་བར་མཐོང་ངོ་།།
མཇུག་གཏམ།
འཆི་ལ་ཉེ་བའི་རིག་གནས་དང་སྐད་ཡིག་གཉིས་ཀྱི་ཚེ་སྲོག་བསྲིངས་འདོད་ན་འཆར་གཞི་ལྡན་པའི་ཐོག་ནས་ལོ་ཙཱ་བའི་ལྟེ་གནས་གསར་བཞེངས་བྱེད་དགོས། དེ་བཞིན་དུས་རབས་ཀྱི་རྗེས་ཟིན་པ་ཞིག་འགྲོ་འདོད་ན་དུས་རབས་གསར་པའི་རིག་གནས་ནང་འདྲེན་བྱོས། མདོར་ན་གཏམ་བརྒྱ་བཤད་སྙིང་པོ་དོན་ཞེས་པ་ལྟར་རིག་གནས་ནང་འདྲེན་དང་ལོ་ཙཱ་བ་གསོ་སྐྱོང་བྱེད་རྒྱུ་ནི་མི་རིགས་ཤིག་འཆི་ལམ་ལས་སྐྱོབ་་པའི་ལམ་བུ་ཉག་ཅིག་ཡིན་ནོ།། །།
ཡོང་ཁུངས། གཙང་ཞི་ཟེགས་གི་འཕྲིན་སྟེགས།