མངའ་རིས་འགྲིམ་པའི་མཐོང་ཐོས་དྲན་རེག དང་པོ།
ཁྲོ་སངས།
དུས་ཡུན་རིང་པོ་མ་སོང་བར་ཕ་ཡུལ་གྱི་མང་པོ་ཞིག་མིག་གིས་བལྟས་བལྟས་ལ་འགྱུར་སོང་། འབྲོག་པ་ཚོ་འགྱུར་སོང་། ཁོ་ཚོའི་མི་གཤིས་ཀྱང་རྩྭ་ས་བཞིན་འགྱུར་སོང་། མནའ་ཚིག་བོར་སོང་། དམ་བཅའ་ཉམས་སོང་། རིགས་རུས་དེ་འགྱུར་སླ་བོ་ཡོད་ན་ཕལ་ཆེར་དེ་ཡང་འགྱུར་ནས་ཚར་སོང་བ་འདྲ། མིག་མདུན་གྱི་ཁེ་ཕན་ཆུང་ཆུང་དེ་ནི་ལིང་ཏོག་བཞིན་ཁོ་ཚོའི་མིག་ཤེས་སྒྲིབ་བྱེད་ཀྱི་རྒྱུ་རུ་གྲུབ་ཡོད་པ་དྲན་བྱུང་། སྐབས་འདིར་ང་ནི་སྟོད་ཀྱི་མངའ་རིས་ན་ལམ་ཐིག་དྲང་པོ་མདའ་ལྟ་བུ་ཞིག་གི་སྟེང་དུ་སེམས་ལ་མི་དྲན་དགུ་དྲན་དག་དག་འཆར་བཞིན་པ་ཚོར་བས། རྒྱ་ཡན་དུ་ཤོར་བའི་དྲན་པ་ནང་དུ་བསྡུས་ཏེ་མུ་མཐུད་དུ་ཁོང་ཚོ་མཉམ་དུ་ཁ་བརྡ་གློད་བཞིན་ཆུ་ཚོད་གཉིས་ལྷག་སོང་བས་རུ་ཐོག་ལ་སླེབས།
སྟོད་མངའ་རིས་འགྲིམ་པའི་མཐོང་ཐོས་དྲན་རེག (2)
མངའ་རིས་ས་གནས་ཏེ་སྒར་རྫོང་ནས་ནུབ་བྱང་མཚམས་ལ་སྤྱི་ལེ་༡༡༨ཙམ་སོང་བ་ན། ཕྱི་དྲོ་ཆུ་ཚོད་བདུན་པར་རི་ཐོག་རྫོང་དུ་སླེབས། རི་ཐོག་ནི་མདོ་དབུས་མཐོ་སྒང་གི་ནུབ་བྱང་གི་མཐའ་མཚམས་སུ་གནས་པའི་རྫོང་ཞིག་ཡིན་ལ། རྫོང་དེའི་བྱང་ཕྱོགས་ནི་ཤིན་ཅིང་དང་། ནུབ་ཕྱོགས་ནི་ལ་དྭགས་དང་འབྲེལ་ཡོད།
རུ་ཐོག་རྫོང་ཅེས་པའི་མིང་གི་ཐོག་ཚུལ་ལ་བཤད་རྒྱུན་མི་མཐུན་པ་འགའ་རེ་མཆིས་ཏེ། རུ་ཐོག་ནི་ཤན་པ་རྨེ་རུ་རྩེའི་མཁར་མཛོ་མོ་རུ་རྫོང་དང་། རུ་ཐོག་ཁྱུང་རྫོང་དང་། རུ་ཐོག་སེང་གེ་རྫོང་སོགས་མིང་གང་རུང་ལས་ཐོག་པར་གྲགས། ད་ལྟའི་རུ་ཐོག་རྫོང་གི་མིང་འདི་ཡང་སྔོན་གྱི་རྫོང་གི་མིང་དེ་སོར་བཞག་བྱས་པ་ལས་བྱུང་སྐད། རུ་ཐོག་ལ་འགྲོ་བའི་གཞུང་ལམ་གྱི་ལམ་གཡས་གཡོན་དུ་འབྲོག་ཁྱིམ་རེ་གཉིས་ལས་མཐོང་མ་བྱུང་ལ། མི་གྲངས་ཉུང་ཞིང་ས་རྒྱ་ཆེ་བ་འདི་ཡང་མངའ་རིས་ཡུལ་གྱི་ཁྱད་ཆོས་ཤིག་རེད།
རྫོང་འདིར་མི་འབོར་སྟོང་བདུན་ཡས་མས་ཙམ་དང་། བྱང་ཕྱོགས་སུ་ཡོད་པའི་དུང་རི་ཤང་གི་མངའ་ཁོངས་སུ་སོང་ན་བྲེ་སེར་འབྲོང་དང་། འབྲོང་ཁམ་པ་སོགས་རི་དྭགས་སྣ་ཚོགས་ཁྱུ་དང་ཁྱུ་ལྟར་བག་ཡངས་པོར་རྒྱུ་བཞིན་ཡོད་པར་སྐད། ཁྱད་པར་དུ་འབྲོང་ཁམ་པ་ནི་ས་སྒང་ཧྲིལ་བོའི་སྟེང་རི་ཐོག་ཁོ་ན་ལས་མེད་པས་མངའ་རིས་ཡུལ་གྱི་ཁྱད་ནོར་ལྟ་བུར་མཐོང་ཆོག་པར་འདུག
དེའི་ཕྱོགས་ཀྱི་གནས་ཚུལ་ཙམ་རྒྱུས་ལོན་བྱས་པས་ས་དེར་སྤྱི་ལེ་སུམ་རྒྱ་ཡས་མས་ཞིག་ཡོད་པས་འགྲོ་ཐུབ་མ་སོང་། རི་ཐོག་རྫོང་ནས་སྤྱི་ལེ་བཅུ་ཙམ་ལ་སོང་ཙ་ན་མིང་དུ་གྲགས་པའི་མཚོ་མོ་ངང་ལྷ་རིང་མོར་སླེབས་ཐུབ་ལ། མཚོ་དེའི་མིང་ལ་རྒྱ་མི་མང་པོས་སྤང་གོང་མཚོ་(班公湖)ཞེས་འབོད་ལ། དོན་དུ་མིང་དེ་ནི་ཐོག་མར་འབྲི་མཁན་གྱི་རྒྱ་མི་ཞིག་གིས་མཚོ་ངོས་མ་ཟིན་པར་བྲིས་ནོར་སོང་བ་ཞིག་རེད་འདུག དོན་དངོས་སུ་སྤང་གོང་མཚོ་ནི་མཚོ་ཆུང་ཆུང་ཞིག་ཡིན་ཟེར། རི་མིང་མཚོ་མིང་བྲིས་ནོར་ཐེབས་པ་ནི་ས་གནས་རིག་གནས་དང་ལོ་རྒྱུས་ཀྱི་ཆ་གང་ལ་མཚོན་ན་ཡང་གནས་སྐབས་ཀྱི་ནོར་འཁྱུག་ཕྲ་མོ་ཙམ་ཞིག་ཡེ་ནས་མིན་པས། ཐོ་འདེབ་མཁན་ཚོས་ཧ་ཅང་གཟབ་གཟབ་དང་རྒྱུས་ལོན་ཡང་དག་ཅིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད་སྙམ། གང་ལྟར་མཚོ་འདིའི་མིང་ནི་ད་ལྟའི་ཆར་མ་དག་རྒྱུད་འབྱམས་སུ་སོང་འདུག་པས། ས་གནས་མང་ཚོགས་ཙམ་ལས་མི་གཞན་དག་གི་སྣང་ངོར་མིང་མ་དག་དེ་ལོབས་པ་ཤས་ཆེ།
མཚོ་མོ་ངང་ལྷ་རིང་མོ་ནི་ད་ལྟའི་ཆར་མཚོ་མགོ་རང་རྒྱལ་དང་། མཚོ་མཇུག་རྒྱ་གར་མངའ་ཁོངས་སུ་ཡོད་པའི་ལ་དྭགས་ལ་ཐུག་ཡོད། མཚོ་འདིའི་ཤར་ནས་ནུབ་བར་སྤྱིའི་རིང་ཚད་ལ་སྤྱི་ལེ་༡༥༠ཟིན་ལ། དེ་ལས་སྤྱི་ལེ་༥༠ནི་ལ་དྭགས་ཀྱི་མངའ་ཁོངས་སུ་ཡོད་ཟེར། མཚོའི་དབྱིབས་ནི་དོག་ཅིང་རིང་ལ། མཐའ་གཉིས་ཀྱི་ཆུ་ངོས་ཡངས་ཤིང་རྒྱ་ཆེ་བར་འདུག མཚོ་མོ་རབ་ཏུ་དྭངས་ཤིང་། ནང་དུ་ཉ་མོ་སྣ་ཚོགས་ཀྱིས་འཁྱུག་རྩལ་ངོམ་ལ། མཚོ་ཁར་མཚོ་བྱ་མང་དུ་བབས་ཡོད་པས་དབང་མེད་དུ་བདེ་སྣང་ཞིག་སྐྱེས་ཡོང་།
དབྱར་ཁ་མཚོ་ནང་གི་ཉ་རིགས་ཀྱི་ཚལ་མ་ཟ་མཁན་ནང་ལོག་གི་ཡུལ་སྐོར་བ་མང་རབས་བཤད། དེ་ཡང་ཡུན་དེ་ཁོ་ཚོའི་མིག་ལ་ཤར་ཤར་ཐམས་ཅད་ཅི་ལྟར་ཟ་དགོས་པར་འདང་རྒྱག་སྲིད་པས། མི་ཡིན་པའི་ཆ་ནས་འདྲ་ཡང་། རིག་གནས་མི་འདྲ་བའི་བསྐྱེད་པའི་མི་ཡི་བསམ་བློ་དང་གཤིས་ཀ་ནི་རྩ་བ་ནས་ཁ་ཁ་སོ་སོ་རེད། དེ་བས་ལོ་རེ་བཞིན་བོད་དུ་ཡོང་བའི་རྒྱ་རིགས་ཡུལ་སྐོར་བའི་མི་འབོར་གྱི་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་། ཁོ་ཚོའི་གྲས་སུ་བོད་ཀྱི་རིག་གནས་དང་བོད་མིའི་འདུ་ཤེས་འཛིན་སྟངས་སོགས་རྒྱུས་ཞིབ་མོར་ལོན་མཁན་ཤིན་ཏུ་ནས་ཉུང་བའི་ཚོད་དུ་གདའ། ངེད་གཉིས་མཚོ་ཁར་སླེབས་དུས་དགོང་ཁ་ཡིན་པས་མི་མང་པོ་མཐོང་མ་བྱུང་ལ། ཡར་མར་ལ་ཅུང་ཙམ་ཉུལ་ནས་ཕྱིར་རྫོང་དུ་ལོག
རུ་ཐོག་རྫོང་ནས་མུ་མཐུད་དུ་བྱང་ཕྱོགས་སུ་སྤྱི་ལེ་སྟོང་ཡས་མས་ལ་སོང་ན་ཤིན་ཅིང་ལ་སླེབས་ཡོད་པ་དང་། ས་མཚམས་སུ་ཁུ་ནུ་རི་རྒྱུད་བརྟན་པོར་ལངས་ཡོད་ལ། ནུབ་ཕྱོགས་སུ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་ཡོངས་སུ་བསྐོར་ཡོད་པས། མངའ་རིས་ཕྱོགས་ལ་སླེབས་ན་ད་གཟོད་གངས་ཀྱི་ར་བའི་བསྐོར་བའི་བོད་ཡུལ་ཞེས་པར་གོ་བ་ཡང་དག་ཅིག་ལོན་ལ། རི་རྒྱུད་དེ་དག་ནི་རྒྱ་གར་དང་ཤིན་ཅང་སོགས་ཚ་བའི་ཁུལ་གྱི་མཁའ་དབུགས་དྲོན་པོ་འགོག་བྱེད་ཀྱི་ལྕགས་རི་ལྟ་བུ་ཞིག་ཡིན་པར་ངེས་ཤེས་ཟབ་མོ་ཞིག་འདྲོངས་ཐུབ་པར་སྙམ། མངའ་རིས་ཕྱོགས་སུ་དབྱར་དུས་དགོང་མོའི་བཅུ་དང་ཕྱེད་ཀར་ད་གཟོད་མུན་རུབ་ཀྱིན་ཡོད་པས། ཉི་མ་ཧ་ཅང་རིང་བའི་ཚོར་བ་ཞིག་སྟེར་བྱུང་།
རྫོང་ཐོག་གི་མགྲོན་ཁང་དག་ནི་ཆ་རྐྱེན་ཞན་ཡང་སྦྱིན་བདག་ཕལ་མོ་ཆེ་རྒྱ་རིགས་ཡིན་པས་གླ་ཆ་མཐོ་ཙམ་འདུག ཕ་ཡུལ་རུ་ཐོག་ནས་ཡིན་པའི་རླངས་འཁོར་ཁ་ལོ་བ་ཀརྨ་ལགས་ཀྱིས་ངོ་སྤྲོད་ལྟར། གྲོགས་དང་ངེད་གཉིས་ས་གནས་འབྲོག་པ་ཞིག་གིས་ཕྱེས་པའི་མགྲོན་ཁང་དུ་བསྡད། ཆ་རྐྱེན་དང་གཙང་སྦྲ་ཅུང་ཙམ་ཞན་ཡང་སྣང་བ་སྔར་བས་སྐྱིད་པས་བློ་བདེ་བག་ཕེབས་ངང་གཉིད་སྐྱིད་པོ་ཞིག་ཁུག་སོང་།
མངའ་རིས་འགྲིམ་པའི་མཐོང་ཐོས་དྲན་རེག ༼༣༽
དགོན་པར་སླེབས་མ་ཐག་དགེ་སློང་ལགས་ཀྱིས་ང་ཚོར་ཞོགས་ཇ་བླུད་པ་མ་ཟད། འདུ་ཁང་དུ་ཁྲིད་དེ་ཐུགས་ལྷོད་ལྷོད་ངང་དགོན་པའི་ལོ་རྒྱུས་དང་རྟེན་འགངས་ཆེན་སོགས་རེ་རེ་བཞིན་མཚམས་སྦྱོར་ཧ་ཅང་གསལ་ཁ་དོད་པོ་ཞིག་བྱས་སོང་། བདག་ལ་མཚོན་ན་མངའ་རིས་ཡུལ་ལ་གནས་སྐོར་དུ་སླེབས་ཐེངས་གཉིས་པ་ཡིན།
ཐེངས་དང་པོར་མངའ་རིས་ས་ཐོག་ལ་གོམ་པ་སྤོས་པ་བཟུང་། གནས་འདིའི་ངོ་མཚར་བའི་གནའ་ཤུལ་དང་། རྒྱུན་རིང་བའི་ལོ་རྒྱུས། ཁྱད་མཚར་བའི་ས་གཤིས། འགྲོས་བཟང་བའི་མི་གཤིས་སོགས་ཀྱིས་ཡིད་སེམས་ཅིག་ཅར་འཕྲོག་མྱོང་པས་གནས་འདིར་ཡང་བསྐྱར་ཐེངས་ཤིག་ཡོང་བའི་འདུན་པ་སེམས་ནས་འབོར་མ་མྱོང་། ཁྱད་པར་དུ་ཟླ་ཁ་ཤས་སྔོན་ལ་རྒྱ་ནག་གྲོང་ཁྱེར་ཁྲིན་འདུ་ནས་པར་འགྲེམ་ཞིག་གི་སྟེང་དུ་རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་མཇལ་བྱུང་བས། སྔར་ལས་དྲགས་པའི་འདུན་པ་ཞིག་གིས་ཀུན་ནས་བསླངས་བས་ཐེངས་འདིར་ཡང་བསྐྱར་སྟོད་ཀྱི་མངའ་རིས་ལ་ལོག་པའི་གོ་སྐབས་བྱུང་།
རི་ཐོག་དགོན་ནི་ཕོ་བྲང་པོ་ཏ་ལ་བཞིན་རི་བོ་ཞིག་གི་སྟེང་དུ་ཆགས་ཤིང་། སྔོན་གྱི་ཚེ་འདི་ནི་ཤན་པ་རྨེ་རུ་རྩེའི་མཁར་རྫོང་ཡིན་པའི་བཤད་སྲོལ་མཆིས། རི་ཞོལ་དུ་གྲོང་ཚོ་ཆགས་འདུག་ལ་དེར་སྡོད་མཁན་ནི་གྲོང་པ་རེད། དགོན་སྡེའི་ཐོག་མའི་མིང་ལ་རུ་ཐོག་བཀྲ་ཤིས་ཆོས་གླིང་དང་། ད་ལྟ་རུ་ཐོག་ལྷུན་གྲུབ་ཆོས་ལྡིང་༼སྡིངས༽དགོན་ཞེས་གྲགས། དགོན་འདི་ནི་ཐོག་མར་རུ་ཐོག་དབང་པ་སྐྱེར་པ་ཞེས་པས་སྦྱིན་བདག་གནང་བ་དང་། བླ་མ་ཡོན་ཏན་རྒྱ་མཚོ་དང་འབྲུག་པ་ཀུན་ལེགས་ཀྱིས་ཕྱག་བཏབ་པར་མཛད། སྔོན་གྱི་ཚེ་རི་བོའི་སྟེང་དུ་དགོན་གནས་ལྔ་ཡོད་ལ། དེ་དག་ནི་དགོན་པ་མཁར་དཀར་ཞེས་པ་བཀའ་བརྒྱུད་དང་། དགོན་ནུབ་ཅེས་པ་དགེ་ལུགས་པ། དགོན་པ་ཤར་ཞེས་པ་ས་སྐྱ། རབ་བརྟན་དགོན་ཞེས་པ་དགེ་ལུགས་པ་བཅས་རེད། རྗེས་སུ་དགོན་པ་བཞེངས་གྲུབ་རྗེས་སུས་སྔོན་ལ་རབ་གནས་གནང་ན་དེའི་གྲུབ་མཐར་འཇུག་རྒྱུ་བྱས་པས། བླ་མ་ཡོན་ཏན་རྒྱལ་པོས་རབ་གནས་སྔོན་ལ་འགྲུབ་པས་དེ་ནས་བཟུང་རི་བོ་དགེ་ལུགས་པར་བསྒྱུར་བར་གསུངས། གཞན་ཡང་གནས་ཡིག་ལ་ལར་སོག་པོ་དགའ་ལྡན་ཚེ་དབང་གིས་མངའ་རིས་ནས་ལ་དྭགས་ཀྱི་དམག་ཕར་བསྐྲད་དེ་དབང་བསྒྱུར་བྱས་པས་རང་ཤུགས་སུ་དགེ་ལུགས་པར་འགྱུར་བ་ཡིན་ཞེས་བཤད་འདུག གང་ཡིན་ཡང་ད་ལྟའི་ཆར་རི་ཐོག་དགོན་ནི་རི་བོ་དགེ་ལུགས་པ་ཕྱག་ལེན་མཛད་བཞིན་མཆིས། ད་ལྟའི་འདུ་ཁང་ནི་༡༩༩༠ལོར་བསྐྱར་དུ་བཞེངས་པ་དང་། གཞན་དག་ནི་རིག་གསར་སྐབས་གཏོར་བརླག་ཐེབས་པས་གྱང་ཤུལ་མི་འདུག་པས་མཐོང་མ་ཐག་སེམས་ལ་ན་ཟུག་ཅིག་རྟབ་རྟབ་པོར་ཐོན་ཡོང་།
དགོན་པའི་རྟེན་གཙོ་ནི་རྒྱལ་བ་བྱམས་པ་གསུང་འབྱོན་མ་ཡིན་ལ། དུས་འགྱུར་སྣ་ཚོགས་བྱུང་བས་ད་ལྟ་ཤིན་ཅིང་དུ་ཡོད་པར་གསུངས་ཤིང་། ད་ལྟའི་བྱམས་སྐུ་ནི་རིག་གསར་རྗེས་སུ་གསར་དུ་བཞེངས་པ་ཞིག་རེད། གཞན་དགོན་སྡེ་འདིར་བཀྲ་ཤིས་རྣམ་གསུམ་ཞེས་པ་ཞིག་ཡོད་དེ། བྱམས་པ་བཀྲ་ཤིས་འོད་འབར་དང་། ཚོགས་ཁྲོ་བཀྲ་ཤིས་བསྟན་འཕེལ། བྱང་འདྲེན་བཀྲ་ཤིས་དགེ་ལེགས་བཅས་དང་། དགོན་འདིའི་སྲུང་མ་གཙོ་བོ་ནི་མ་ཅིག་དཔལ་ལྡན་ལྷ་མོ་དང་། མགོན་པོ་ཕྱག་དྲུག ལྕམ་སྲིང་བཅས་རེད། གཞན་ཡང་འདུ་ཁང་དུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་སྐུ་འདྲ་རྙིང་བ་གཙོ་བྱས་པའི་རྟེན་རིན་ཐང་བྲལ་བ་མང་དུ་གནས་ཤིང་། སྐོར་ཞིག་རིག་གསར་རྗེས་སུ་ས་འོག་ནས་བཏོན་པ་དང་། སྐོར་ཞིག་མང་ཚོགས་ཀྱིས་བདག་གཉེར་བྱས་པ་ཡར་སྤྲད་པ་རེད་ཅེས་གསུངས། ཐོག་ཁར་མངའ་རིས་རང་གི་ཁྱད་ཆོས་ལྡན་པའི་ལྡེབས་རིས་རྙིང་པ་ཁ་ཤས་ཀྱང་འདུག་ལ། ལྕམ་དྲལ་ཚོན་རིས་དང་བར་འཁྱམ་གྱི་རི་མོ་ཁག་ཅིག་ནི་མཐོ་ལྡིང་དགོན་ལ་དཔེ་བྱས་ནས་གསར་དུ་བྲིས་པ་ཡིན་ཟེར། འདི་ནི་དངོས་གནས་ལས་ཀ་ཡག་པོ་ཞིག་རེད་སྙམ་བྱུང་། གཅིག་ནས་གུ་གེའི་ལྡེབས་རིས་ཀྱི་ཁྱད་ཆོས་འཛིན་ཐུབ་ལ། གཉིས་ནས་འཇིག་ལ་ཉེ་བའི་ལྡེབས་རིས་རྙིང་པ་རྣམས་ཞིག་ཀྱང་དེའི་སྒྱུ་རྩལ་གྱི་རྣམ་པ་སྲུང་འཛིན་ལ་ནུས་པ་བླ་ལྷག་ཏུ་མཆིས་སྙམ། གཞན་དགེ་སློང་ལགས་ཀྱིས་ཡོངས་སུ་བྲིས་ཚར་མེད་པའི་རུ་ཐོག་དགོན་གྱི་གྲྭ་ཚང་འདུས་སྡེ་ཆེས་རྒྱས་པའི་དུས་ཀྱི་སྡེབས་རིས་ཤིག་ཀྱང་བསྟན་བྱུང་བས། སྔོན་གྱི་རི་ཐོག་དགོན་དུ་གྲྭ་བ་སུམ་བརྒྱ་ལྷག་ཡོད་པའི་ལོ་རྒྱུས་དེ་ནི་ལོས་བདེན་སྙམ་བྱུང་།
མཆོད་མཇལ་ཚར་རྗེས་དགོན་པའི་མདུན་ངོས་ནས་མར་བབས། དེ་ནས་རྫོང་གི་མཁར་ཤུལ་སོགས་ཅུང་གསལ་པོར་མཐོང་ཐུབ། སྔོན་གྱི་ཚེ་ལ་དྭགས་རྒྱལ་བོ་སེང་གེ་རྣམ་རྒྱལ་གྱི་བུ་བསྟན་དར་རྒྱལ་པོ་སོགས་རྫོང་འདིར་བསྡད་ལ། རྗེས་སུ་དགའ་ལྡན་ཕོ་བྲང་ནས་རྫོང་དཔོན་༧༢མངགས་པར་བཤད་པས། གནའ་འདི་དག་ལ་སླེབས་པ་ན་དེ་མུར་ལོ་ངོ་བརྒྱ་དུ་མའི་སྔོན་གྱི་ལོ་རྒྱུས་ཀྱི་གླེགས་བམ་ཆེན་པོའི་ཞིག་གི་པང་དུ་ལོག་པའི་ཚོར་སྣང་ཞིག་རང་བཞིན་དུ་སྐྱེས་འོང་། ཉིན་གུང་དགེ་སློང་ལགས་ཀྱི་མཐུན་རྐྱེན་འོག་རུ་ཐོག་བྲག་བརྐོས་རི་མོར་ལྟ་རུ་ཕྱིན། རུ་ཐོག་རྫོང་དུ་བྲག་བརྐོས་རི་མོ་ཡོད་སའི་གནས་བཅུ་ལྷག་ཡོད་ལ། ང་ཚོ་དེ་དག་ལས་རྫོང་མཁར་ནས་སྤྱི་ལེ་བཅུ་ཡས་མས་ཀྱི་སར་ཡོད་པའི་གནས་གཉིས་ལ་ཕྱིན།
ཉེ་བའི་ལོ་ཤས་ནང་བོད་ཀྱི་ནུབ་བྱང་ཕྱོགས་ཏེ་མངའ་རིས་ས་ཁུལ་གྱི་སྒེར་རྩེ་དང་རུ་ཐོག་སོགས་ནས་བྲག་བརྐོས་རི་མོ་འབོར་ཆེན་རྙེད་པ་དྲ་ལམ་ནས་མཐོང་མྱོང་། དེ་དག་ནི་རང་རེའི་མེས་པོ་རྣམས་ཀྱི་བློ་གྲོས་ཀྱ%
སྟོད་མངའ་རིས་འགྲིམ་པའི་མཐོང་ཐོས་དྲན་རེག (5)
ཁས་ཉིན་དགོང་མོར་སྒར་རྫོང་དུ་ཡོད་པའི་རྔ་བའི་གྲོགས་པོ་ཞིག་དང་ལྷན་དུ་ཁ་བརྡ་བྱས་ཏེ་ཅུང་ཙམ་འཕྱི་བོ་ཆགས་ཤིང་། ཁ་སང་སྔ་དྲོ་དུས་ལྟར་གཉིད་ལས་མ་སད་པས་ཁ་ལོ་བར་ཆུ་ཚོད་ཕྱེད་ཀའི་རིང་མགྲོན་ཁང་སྒོ་ནས་སྒུག་དུ་བཅུག་སོང་། ངེད་གཉིས་སྒོར་བུད་པ་ན་ཁ་ལོ་བ་རྒན་པ་དེར་ལེ་བདའ་ཚིག་གཅིག་ཀྱང་མེད་པ་མ་ཟད། ད་དུང་ཁུག་མ་དག་ནང་ལ་འཇོག་རོགས་བྱས་པས་ཅུང་དོགས་མི་བདེ་ཞིང་ངོ་གནོངས་པར་བྱས་སོང་། ཆུ་ཚོད་བཅུ་བར་ང་ཚོ་སྒར་རྫོང་ནས་རྩ་མདའ་རྫོང་གི་ཕྱོགས་སུ་ལམ་ལ་ཆས། ལམ་བར་དུ་རླངས་འཁོར་གྱི་འཁོར་ལོ་ཐེད་ཀྱང་ང་ཚོས་ཕན་ཚུན་ལ་ལག་སྤོད་བྱས་ཏེ་རྟབ་རྟབ་པོར་བརྗེས་ཚར།
ཆུ་ཆོད་གཉིས་ལྷག་ལ་རྒྱུག་རྗེས་པར་གྱི་ལ་ཆེན་བརྒལ་ཞིང་ཀླུ་མོ་དཀར་ནག་གི་ལུང་རིང་ལུང་ཐུང་རྣམས་ཤོག་རྐྱ་ལྟེབ་ལྟེབ་བྱས་ཏེ་མིང་དུ་གྲགས་པའི་ལྗོངས་རྒྱུའི་ཁམས་ཆེན་པོ་རྩ་མདའི་དྲུ་རིའི་བར་ལ་སླེབས། གནས་འདིར་མ་སླེབས་གོང་ཀན་སུའུ་དང་ཤིན་ཅིང་འབྲེལ་མཚམས་སུ་མཆིས་པའི་ས་གཤིས་ཁྱད་པར་བ་ཡཱ་ཏན་(雅丹)ཞེས་པ་མཐོང་ཚེ་ཧ་ལས་ཤིང་ཧང་སང་བར་བྱེད་མོད། འདིར་སླེབས་ན་ག་ས་གང་དུ་ཡཱ་ཏན་གྱི་ས་གཤིས་ལས་ལྡབ་འགྱུར་གྱིས་ངོ་མཚར་བ་མང་དྲགས་པས། ནང་ལོག་གི་རྒྱ་མི་ཡུལ་སྐོར་བ་མང་པོ་ཆེད་དུ་འདི་ལ་དམིགས་ནས་ཡོང་བར་ཁག་མི་འདུག་སྙམ་བྱུང་། དེང་རབས་ས་དཔྱད་པས་བཤད་ན་ལོ་ངོ་ས་ཡ་གཅིག་གི་སྔོན་དུ་གནས་འདིར་མཚོ་ཆེན་པོ་ཞིག་ཡོད་ལ། དེ་ནས་ཧི་མ་ལ་ཡའི་རུ་རྒྱུད་ཀྱི་འགུལ་སྐྱོད་དང་བསྟུན་ནས་མཚོ་རིམ་གྱིས་བྱིང་ཞིང་། ཤུལ་གྱི་རི་རྣམས་ཆར་རླུང་གི་རྒྱུ་བའི་ཁྲོད་དུ་དུས་ཡུན་རིང་པོར་ལུས་པས་གཞི་རྒྱ་ཆེ་ཞིང་ཁྱད་མཚར་བའི་དྲུ་རིའི་ཞིང་ཁམས་ཤིག་གྲུབ་པར་བཤད། གང་ལྟར་རྣམ་པ་དང་བཟོ་ལྟ་མི་འདྲ་བའི་དྲུ་རི་རེ་རེ་ཡིས་གུ་གེའི་ཡུལ་གྱི་འདས་མ་ད་གསུམ་མིག་གིས་འཚོ་མྱོང་བས། དྲུ་རིའི་བར་གྱི་ཀྱག་ཀྱོག་གི་ལམ་དུ་ཞུགས་པ་ནི་གུ་གེ་རྒྱལ་རབས་ཀྱི་བྱུང་འཕེལ་རྒུད་གསུམ་གྱི་དུས་རིམ་རེ་རེ་ལ་མྱུལ་བཞིན་པའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཡོང་།
ཉིན་གུང་ཡོལ་རྗེས་ང་ཚོ་རྩ་མདའ་རྫོང་ལ་སླེབས། སྲང་ལམ་ཡོངས་རྫོགས་སློག་ཏེ་ལམ་གསར་དུ་འདིང་བཞིན་ཡོད་པས། ན་ནིང་ཐེངས་ཤིག་ཡོང་མོད་མཁར་གྲོང་ཆ་མེད་ཅིག་གི་སྣང་བ་སྟེར་བྱུང་། སྡེ་བ་གཞུང་གི་སྐབས་སུ་རྫོང་བཞི་ཚོ་དྲུག་ཅེས་པ་ལས་རྩ་རེང་དང་མདའ་བ་གཉིས་རྫོང་སོ་སོ་ཡིན་ལ། རྗེས་སུ་མཉམ་པོར་བསྲེས་ཏེ་རྩ་མདའ་ཞེས་པའི་མིང་ཐོག་པར་བཤད།སྲང་ལམ་ཡོངས་སུ་སི་ཁྲོན་ཁྲོན་ཚལ་(川菜)གྱིས་ཁེངས་འདུག་ལ། བོད་ཟས་ཟ་ས་ནི་དམིགས་ཀྱིས་མ་བཙལ་ན་མི་རྙེད་པའི་ཚོད་དུ་འདུག ངེད་གཉིས་གནས་གང་དུ་སླེབས་ཀྱང་བོད་ཟས་ཡོད་ས་ནས་ཁ་ཆེ་དང་རྒྱ་ཟས་ཁང་དུ་མ་སོང་བས། བོད་མིའི་ཕྱེས་པའི་ཟ་ཁང་དང་མགྲོན་ཁང་གི་མང་ཉུང་ནི་རྒྱུས་ཅུང་ཙམ་ལོན་གྱི་འདུག དེ་ནས་ཐད་ཀར་མཐོ་ལྡིང་དགོན་གྱི་མགྲོན་ཁང་བཙལ་ནས་སོང་ལ། སྦྱིན་བདག་ཇོ་ཉི་མ་ནི་དགེ་སློང་རྒྱལ་མཚན་ལགས་ཀྱི་གྲོགས་པོ་ཡིན་པས་མགྲོན་བསུ་ཡག་པོ་བྱས་པ་མ་ཟད། ད་ནངས་ཞོགས་པའི་ཆུ་ཚོད་དགུ་བར་ངེད་གཉིས་ཁྲིད་དེ་ཇོ་བདག་པོའི་མཁར་གོག་ལ་མཇལ་དུ་ཕྱིན། དེ་ནི་རྫོང་མཁར་ནས་སྤྱི་ལེ་བཅོ་བརྒྱད་ཙམ་གྱི་སར་ཡོད་ལ། ད་ལྟ་ཡོངས་གྲགས་ལ་གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་ཟེར་གྱིན་འདུག དེར་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད། རྒྱལ་ཐོག་ཉེར་དགུ་ལྷག་ཕྱིན་ཡོད་པས། མཁར་ཤུལ་གྱི་རྡོ་སྐས་ཐེམ་པ་པ་རེ་རེ་བཞིན་ཡར་འཛེགས་པའི་དུས་སུ་ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་གྱི་གུ་གེའི་སྟོབས་འབྱོར་དང་མངའ་ཐང་སོགས་ཤུགས་ཆེན་དར་ཡོད་པ་སེམས་ཀྱིས་མྱོང་ཐུབ། དེ་བས་མངའ་རིས་ལ་སླེབས་ན་ཁོ་བོའི་སྣང་ངོར་ངོ་སྟོང་ཕྲག་གཅིག་ཡར་སྔོན་གྱི་མེས་པོ་ཚོ་དང་མཉམ་དུ་འགྲུལ་བཞུད་དང་ཁ་བརྡ་བྱེད་ཐུབ་པའི་ཉམས་སྣང་ཞིག་རྒྱུན་པར་ཤར་ཡོང་། དེང་གི་ཆར་ཡུལ་འདིའི་མི་ཡིས་གུ་གེ་ཞེས་པ་ནི་གླང་ཆེན་ཁ་འབབ་རྒྱུད་ཀྱི་ཤངས་རྩེ་དང་། ཞ་ཡེ། བྱང་པ་སོགས་ལ་གོ་བ་དང་། ཡུལ་ཚོ་འདི་གསུམ་གྱི་མི་ལ་ད་གཟོད་གུ་གེའི་མི་ཞེས་འབོད་ཀྱིན་འདུག
གུ་གེ་རྒྱལ་རབས་ཀྱི་མཁར་ཤུལ་ནི་མཐོ་ཚད་ལ་སྤྱི་ཁྲེ་སུམ་བརྒྱ་ལྷག་ཡོད་པའི་རིའི་སྟེང་དུ་ཆགས་ཤིང་། དེར་ཁང་པ་དང་ཕུག་པ་མང་དུ་ཡོད་པས་ཁྱིམ་དུད་ཕྱི་སྟོང་ནང་སྟོང་ཞེས་ཟེར་ལ། རྩེ་མོ་རྒྱལ་པོའི་མཁར་དང་། བར་དུ་ལྷ་ཁང་། འདབས་སུ་མི་སེར་གྱི་ཁང་པ་བཅས་རེད། ཞོལ་གྱི་མཁར་སྒོ་ཆུང་ཆུང་དེའི་ནང་དུ་ཡར་འཛུལ་ན། ཐོག་མར་ལག་པ་གཡོན་ཕྱོགས་སུ་སྒྲོལ་མ་ལྷ་ཁང་དང་། དེ་ནས་ལྷ་ཁང་དཀར་པོ། ལྷ་ཁང་དམར་པོ། འཇིགས་བྱེད་ལྷ་ཁང་བཅས་མཇལ་རྒྱུ་འདུག དེ་དག་ལས་སྒྲོལ་མ་ལྷ་ཁང་དང་འཇིགས་བྱེད་ལྷ་ཁང་གཉིས་ཀྱི་ནང་དུ་རིག་གསར་སྐབས་མི་སྡོད་ས་བྱས་པས། གྱང་ངོས་ཀྱི་ལྡེབས་རིས་སྟེང་ལ་དུད་དྲེག་ཆགས་ནས་ཚོན་མདོག་ཅུང་མི་མངོན་པར་བཟོས་འདུག ལྷ་ཁང་དཀར་དམར་གཉིས་ནི་རིག་གསར་སྐབས་འབྲུ་མཛོད་བྱས་པས་ལྡེབས་རིས་ལ་གནོད་སྐྱོན་ཅི་ཡང་ཐེབས་མི་འདུག་པས། ཕར་བལྟས་ཚོད་ཀྱིས་ཉེ་ལམ་བྲིས་པའི་ལྡེབས་རིས་གསར་བ་ཞིག་དང་གཉིས་སུ་མ་མཆིས། གྱང་ལྡེབས་ཀྱི་རི་མོ་ལ་ལར་རང་བྱུང་ཆར་ཆུ་སོགས་ཀྱི་གནོད་སྐྱོན་ཅུང་ཟད་ཐེབས་པ་ལ། ཕྱིས་སུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རི་མོ་ཆེད་མཁས་པས་ལྡེབས་རིས་ཀྱི་ཆ་ཤས་རེ་སླར་གསོ་བྱས་ཀྱང་། ད་ལྟ་མདོག་རྩ་བ་ནས་མི་གཅིག་པར་མངོན་པས། སྔོན་གྱི་རིན་ཆེན་སྣ་ལྔས་ཚོན་སྡེབས་པའི་གནའ་རབས་ཀྱི་ལག་རྩལ་འདི་དག་ནི་དངོས་གནས་ཡ་མཚར་བ་ལ་སྙམ་བྱུང་།
ལྷ་ཁང་དུ་ཕྱག་མེད་པའམ། དབུ་མེད་པ། ཞབས་མེད་པ་ལྟ་བུའི་འཇིམ་སྐུ་ཆ་མི་ཚང་བ་ཁ་ཤས་ཤུལ་དུ་ལྷག་པ་ལས་ལྷ་སྐུ་གཞན་དག་ཡོངས་སུ་རྫོགས་པ་རིག་གསར་སྐབས་རྩ་གཏོར་བྱས་ཚར་འདུག སྐབས་ལ་ལར་བསམ་ན། ལོ་ངོ་སྟོང་ལྷག་རིང་བརྒྱུད་པའི་རང་གི་རིག་གནས་ནི་དུས་ཡུན་ཐུང་ངུ་ཞིག་ལ་གད་སྙིགས་སུ་འཕེན་པར་རྩོམ་པ་དེ་ཡང་། དོན་དམ་དུ་མང་པོ་ཞིག་གིས་དུས་རྒྱུན་དུ་ལག་ལ་ཕྲེང་བ་བཟུང་ཞིང་ཁ་ནས་མར་མུར་ངང་ཅི་ཞིག་འདོན་ཁུལ་བགྱིས་ཀྱང་། ཕུགས་ཀྱི་གནས་ལུགས་མ་རྟོགས་ཚེ་རྨོངས་དད་རྐྱང་བའི་བག་ཆགས་ཀྱི་རྫོང་མཁར་ནི་འཇིག་སླ་བ་ཞིག་ཡིན་པ་རིག་གསར་གྱིས་གོ་བསྐོན་འདུག སྐས་ལམ་བརྒྱུད་ནས་ཡར་སོང་ན། རྡོ་ཡི་རྩིག་པ་ཞིག་མཐོང་ཐུབ་ལ། དེ་ནི་སིང་ཁྲི་མཁར་ཡིན་འདུག ལ་དྭགས་དམག་གིས་གུ་གེའི་མི་སེར་རྣམས་གཡོག་ལ་བཀོལ་ནས་རྡོ་ཡི་རྩིག་པ་དེ་བརྩིགས་པར་བཤད།
ཡུལ་དེར་རྡོ་མེད་པས་མཁར་གོག་གི་ནུབ་ཕྱོགས་ལ་སྤུ་གླིང་ཟེར་བའི་བྲག་རི་ནག་པོ་ཞིབ་ཡོད་པས་ནས་དབོར་དུ་བཅུག་ཅིང་། མཐའ་མར་ཁྲི་བཀྲ་ཤིས་གྲགས་པས་རང་གི་འབངས་མི་སེར་གྱིས་སྡུག་བསྔལ་མྱོང་བཞིན་པ་སེམས་ཀྱིས་མ་བཟོད་པར་མགོ་བཏགས་པ་རེད་ཟེར། རྡོ་ཐེམ་དང་ཕུག་ལམ་དོག་པོ་བརྒྱུད་ནས་ཡར་སོང་ན་རི་རྩེར་སླེབས་པ་དང་།
དེར་རྒྱལ་པོའི་ཕོ་བྲང་དང་ཚོམས་ཆེན། འདུ་ཁང་། དཀྱིལ་འཁོར་ལྷ་ཁང་། གཟིམ་ཆུང་། རྟ་ར་སོགས་མཐོང་རྒྱུ་འདུག མཁར་གྱི་རྩེ་མོ་ནས་ཕྱོགས་བཞི་ལ་དལ་མོར་བལྟས་ཚེ། གུ་གེ་གཡའ་ཡིས་བསྐོར། ཞེས་པའི་སྐད་ཆ་དེར་ད་གཟོད་ངེས་ཤེས་ཟབ་མོ་ཞིག་འདྲོངས་ཐུབ།
དེ་ནས་ཕུག་ལམ་དོག་པོ་ཞིག་བརྒྱུད་ནས་མར་བབས་ན་རྒྱལ་པོའི་དགུན་གནས་ཡིན་ཞེས་པའི་ཕུག་པ་འགའ་འདུག་ཀྱང་། ཕུག་པ་སོ་སོའི་ངོ་རུ་དུད་དྲེག་ཅུང་ཙམ་ཡང་མེད་པར་གཞིགས་ན་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས་དེ་དག་ནི་མཛོད་ཁང་རེད་ཅེས་པར་གནས་ལུགས་ལྡན་པར་སྙམ།
དེ་བཞིན་ཆུ་ལེན་སའི་གསང་ལམ་དེ་ཡང་རྙེད་སོང་། ལོ་སྔོན་མར་མཁར་སྟེང་དུ་འཛེགས་ཀྱང་ཕུག་པ་གཙོ་བོ་འདི་དག་མཐོང་ལམ་དུ་མ་གྱུར། མཁར་ཤུལ་ནས་མར་བབས་ཏེ་ཞོལ་གྱི་གྲམ་པའི་གཤམ་དུ་སོང་ན་མི་རིད་མང་པོ་བླུགས་ཡོད་སའི་ཕུག་པ་ཞིག་འདུག ནང་དུ་མགོ་བརྒྱབ་ན་རུལ་དྲི་ཡིས་སྣ་ཡང་ཚ་བར་བྱེད་ངེས།
དེ་སྔོན་GUGEཞེས་པའི་དངོས་བཤུས་གློག་བརྙན་ཞིག་ལས་ཕུག་པ་དེ་མཐོང་མྱོང་། དེར་ངག་རྒྱུན་ལ་ཕུག་པ་འདིར་བེམ་རོ་བཞི་བརྒྱ་ལྷག་བཅུག་ཡོད་པ་དང་། མགོ་བོ་མེད་སའི་མི་རིད་དེ་དག་ནི་ལ་དྭགས་དམག་གིས་བསད་དེ་འདིར་གཡུགས་པ་རེད་ཟེར། གང་ལྟར་ད་ལྟ་མི་རིད་བཅུ་གྲངས་ཤིག་ལས་བརྒལ་མི་འདུག་པར་སེམས། གྲམ་པའི་ཕར་ཕྱོགས་སུ་གསར་དུ་ཞིག་གསོ་བྱས་པའི་ལྷ་ཁང་ཞིག་དང་མཆོད་རྟེན་འགའ་ཤས་འདུག ཉེ་འཁོར་དུ་ཞིག་རལ་དུ་སོང་བའི་མཆོད་རྟེན་གྱི་ཤུལ་མང་དུ་གདའ།
ལོ་ཁ་ཤས་སྔོན་དུ་རིག་གསར་སྐབས་ས་འོག་ཏུ་སྦས་པའི་ཐང་རྙིང་ཉི་ཤུ་ལྷག་གནས་དེ་ནས་རྙེད་པར་བཤད་ཅིང་། དེ་དག་ད་ལྟ་རེ་རེ་བཞིན་ལྷ་ཁང་ན་མཇལ་རྒྱུ་འདུག རང་ལ་ཐང་གའི་སྐོར་གྱི་ཤེས་བྱའི་དབུལ་བས་གསལ་ཐག་ཚོད་པ་ཞིག་མི་རྟོགས་ཀྱང་། མཐོང་བར་དཀོན་པའི་ཚོན་རིས་ཀྱི་མདངས་དང་ལྷའི་བཞེངས་སྟངས་ལས་གུ་གེའི་རྒྱལ་རབས་སྐབས་ཀྱི་ཐང་ག་ཡིན་པར་སྙམ་བྱུང་། དེར་ད་དུང་ས་འོག་ནས་བླངས་པའི་གླེགས་བམ་ཞིག་འདུག་ལ།
ཐིག་ཕྲེང་གོང་འོག་གཉིས་གསར་དངུལ་ཀྱིས་རེས་མོས་བཞིན་བྲིས་པར་གཞིག་ན་སྐབས་དེའི་རྒྱལ་པོའམ་མཐོ་རིམ་མི་སྣ་ཞིག་གི་ཐུགས་བཀོད་ལོས་ཡིན་སྙམ་བྱུང་། གང་ལྟར་འདི་དག་ལ་བདག་ཡག་པོ་ཞིག་བརྒྱབ་ཏེ་མོས་པ་ཅན་ཚོའི་མིག་སྔར་འགྲེམས་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་པོ་རེད་འདོད།
ཕྱི་དྲོར་རྩ་མདའ་རྫོང་མཁར་དུ་གནས་པའི་མཐོ་ལྡིང་དགོན་ལ་མཇལ་དུ་ཕྱིན། དགོན་པ་དེ་ནི་གླང་ཆེན་གཙང་པོའི་ལྷོ་ངོགས་ན་ཆགས་འདུག བསྟན་པ་ཕྱི་དར་དུས་ཀྱི་འདུལ་བ་སྟོད་ལུགས་དང་སྔགས་གསར་མའི་བཤད་གྲྭ་ཆེན་མོ་ཞིག་དང་། ཕྱིས་ཀྱི་དུས་རབས་བཅོ་ལྔ་བར་མཁན་ཆེན་ངག་དབང་གྲགས་པས་རི་བོ་དགེ་ལུགས་པའི་ཕྱག་ལེན་མཛད་པ་ཞིག་རེད། དགོན་པ་འདི་ནི་མངའ་རིས་ཡུལ་གྱི་དགོན་ཁག་རྣམས་ལས་གཞི་རྒྱ་ཆེ་ཞིང་ལོ་རྒྱུས་རིང་བ། རྟེན་འགངས་ཆེན་སོགས་མང་དུ་ཡོད་ཕྱིར། མཇལ་སྐོར་བ་དང་ལྟ་སྐོར་བ་སོགས་རྒྱུན་ཆད་མེད་པར་ཡོང་བཞིན་འདུག
དགེ་སློང་བཀྲ་ཤིས་ཀྱིས་དཀའ་ངལ་ལ་མ་འཛེམ་པར་ངེད་གཉིས་ལ་དགོན་པའི་འདུ་ཁང་སོ་སོའི་རྟེན་བཞེངས་དང་ལྡེབས་རིས་རྣམས་ཆུ་ཚོད་གཅིག་ལྷག་གི་རིང་གནས་བཤད་ཁ་གསལ་ཞིག་གནང་བྱུང་ལ། གུ་གེའི་མཐོ་ལྡིང་དང་། སྤུ་རང་གི་ཁྭ་ཆར། མར་ཡུལ་གྱི་ཉར་མ་གསུམ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཉིན་གཅིག་ལ་ཐིག་བཏབས་ཤིང་ལོ་བརྒྱད་སོང་བའི་ཉིན་གཅིག་ལ་རབ་གནས་མཛད་པར་གྲགས། ལྷ་ཁང་རྣམས་ལས་ཐོག་མར་བཞེངས་པ་ནི་བརྒྱ་རྩ་ལྷ་ཁང་དང་། ཕྱིས་སུ་རིམ་གྱིས་བཞེངས་པའི་གཙུག་ལག་ཁང་མང་དུ་ཡོད་ཀྱང་།
དགོན་པ་སྤྱིའི་མཚན་ལ་མཐོ་གླིང་ཁང་དམར་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞུ་བ་དེ་རེད། དགོན་མིང་ལའང་ལོ་རྒྱུས་དང་རྣམ་ཐར་སོ་སོའི་ནང་དུ་འབྲི་ཚུལ་མི་མཐུན་ན་བྱུང་ཡོད་དེ། མངའ་རིས་རྒྱལ་རབས་དུ་ཐོ་གླིང་དང་། ལྷ་བླ་མའི་རྣམ་ཐར་དུ་མཐོ་གླིང་། ཆོས་འབྱུང་མཁས་པའི་ཡིད་འཕྲོད་དུ་ཐོ་ལིང་། བཻ་སེར་དུ་མཐོ་ལྡིང་སོགས་འབྲི་ཚུལ་སྣ་ཚོགས་ཤིག་ཡོད་ཕྱིར། གང་ཞིག་དག་མིན་དང་འགྲིག་མིན་ནི་དལ་གྱིས་དཔྱོད་པའི་གནས་སུ་མཐོང་། ལྕགས་རིའི་ཕྱི་ནང་གཉིས་སུ་ནང་གནོན། བར་གནོན། ཕྱི་གནོན་སོགས་ལ་མཆོད་རྟེན་བཞི་རེ་བཞེངས་པར་བཤད་ཀྱང་། ཕྱི་གནོན་ལས་ནུབ་ཀྱི་མཆོན་རྟེན་ཆུས་འཇིག་པར་གྲགས་པས་ད་ལྟ་མཐོང་རྒྱུ་མི་འདུག
དགོན་པའི་ནུབ་ཕྱོགས་སུ་ས་ཙྪའི་མཆོན་རྟེན་བརྒྱ་རྩ་བརྒྱད་ཡོད་ལ། དེ་དག་གི་གཟུངས་གཞུག་ལ་ལོ་ཙཱ་བ་ཆེན་མོ་རིན་ཆེན་བཟང་པའི་ཕྱག་ཕྲེང་རྡོག་རེ་རེ་ཕུལ་ཡོད་པར་གྲགས།
རིག་གསར་སྐབས་དགོན་པ་འདིར་གཏོར་བཅོམ་ཚབ་ཆེན་ཐེབས་པས། འདུ་ཁང་ཁག་གི་འཇིམ་སྐུ་ཡོངས་རྫོགས་བརླགས་ཟིན། ལྷ་ཁང་དཀར་དམར་གཉིས་ནི་ཀུང་ཧྲེའི་(公社)འབྲུ་མཛོད་བྱས་པས་རྩ་ཆེ་བའི་གུ་གེའི་ལྡེབས་རིས་འདི་དག་ད་ལྟ་འདྲེན་བྱེད་ཡུལ་དུ་མངོན་ཐུབ་པར་གྱུར་ཡོད།
སྔོན་གྱི་ཚེ་གསེར་ཁང་ལ་ཐོག་རིམ་བཞི་ཡོད་པ་དང་། དེ་དག་ནི་ལོ་ཙཱ་བས་རྒྱུད་སྡེ་བཞི་ཉམས་སུ་ལེན་ས་དང་། ཐོག་རིམ་དང་པོར་ཇོ་བོ་རྗེ་དང་ལོ་ཆེན་གྱི་ཁྲི་གཉིས་འདུག་ལ། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་རྩོམ་ས་ནི་འདི་རེད་ཅེས་ངོ་སྤྲོད་གནང་ཡང་།རྣམ་ཐར་དང་ཡིག་ཆ་ཁུངས་བཙུན་པ་ཁ་ཤས་ལ་བལྟས་ན་བྱང་ཆུབ་ལམ་སྒྲོན་གསུང་ས་ནི་མཐོ་ལྡིང་མ་ཡིན་པར་མ་ནམ་དགོན་ཡིན་འདུག འདིའི་སྐོར་ལ་ཅུང་ཞིབ་པར་རྒྱུས་ལོན་འདོད་ན་《སྟོད་མངའ་རིས་ཀྱི་དགོན་སྡེ་ཁག་གི་དཀར་ཆག་དྭངས་གསལ་མེ་ལོང་།།》དང་《མངའ་རིས་ཆོས་འབྱུང་།》སོགས་གནས་ཡིག་ཁག་དུ་ཞིབ་རྒྱས་སུ་མཇལ་རྒྱུ་འདུག་ལ། གུས་པས་ཀྱང་ལོ་སྔོན་མར་<མངའ་རིས་མཐོ་ལྡིང་དགོན་པར་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་པའི་མཐོང་ཐོས།>①ཞེས་པ་ཞིག་བརྗེད་ཐོའི་ཚུལ་དུ་བྲིས་ཀྱང་། སྐབས་དེར་དུས་ཚོད་དང་རྒྱུ་ཆ་སོགས་ཕྱོགས་གང་ཅིའི་ཐད་ནས་འཛོམས་པོ་མ་བྱུང་བས། ད་ལོ་ཡང་བསྐྱར་རྒྱུས་ལོན་ཙམ་བྱས་པས་དེར་མ་དག་པ་དང་། མ་འགྲིག་པ། མི་གསལ་བའི་ཆ་མང་དུ་མཆིས་པ་རྟོགས་བྱུང་།
མཆོད་མཇལ་ཚར་རྗེས་ཡང་བསྐྱར་འདུ་ཁང་དག་ལ་དལ་མོར་སྐོར་བ་ཐེངས་གཅིག་བརྒྱབ་པས་གྱང་རོ་ལས་ལྷག་མེད་པའི་མཐོ་ལྡིང་བླ་བྲང་དང་བྱམས་པ་ལྷ་ཁང་། ལོ་ཙཱ་བ་རིན་ཆེན་བཟང་པོའི་གཟིམ་ཤག་དང་གསུང་ཆོས་ར་བ། གདུང་རྟེན་རིང་མོ་སོགས་མཐོང་བས་སྐྱོ་སྣང་དང་ཕངས་སེམས་ཤིག་བར་མེད་དུ་སྐྱེས་ཤིང་། དེ་ནས་ཡུན་ཙམ་བསྡད་རྗེས་ཡང་བསྐྱར་གནས་འདིར་སླེབས་པའི་སྨོན་ལམ་ཞིག་བརྒྱབ་ནས་མགྲོན་ཁང་དུ་ལོག
མངའ་རིས་འགྲིམ་པའི་མཐོང་ཐོས་དྲན་རེག དྲུག་པ།
—དུང་དཀར་ཕྱི་ཝང་།
ད་ནངས་ཞོགས་པར་དུང་དཀར་ཕྱི་ཝང་ལ་འགྲོ་བར་བརྩམས། གྲོང་ཚོ་དེ་གཉིས་ལ་འགྲོ་མཁན་གྱི་རླངས་འཁོར་ཧ་ཅང་དཀོན་པས་སྒེར་འཁོར་ཞིག་མི་གླ་ཀ་མེད་བྱུང་། རྩ་མདའ་རྫོང་ནས་དུང་དཀར་གྲོང་ཚོ་ལ་སྤྱི་ལེ་བཞི་བཅུ་ཡས་མས་ཤིག་འདུག རྫོང་མཁར་ནས་ལམ་ལ་བུད་རྗེས་དྲུ་རིའི་ཕྲེང་བ་བརྒྱུད་དེ་ཡར་ནས་ཡར་ལ་སོང་བས་སྤང་ཐང་ཡངས་མོ་ཞིག་ལ་སླེབས། ཤེལ་སྒོའི་ཕ་རོལ་ནས་མེ་ལོང་ལྟ་བུའི་ནམ་མཁའ་སྔོན་མོ་དང་། དེའི་འོག་ན་རྩྭ་ཆུར་ཅི་དགར་རོལ་བའི་རྐྱང་ཁྱུ་རེ་འགའ་མཐོང་བྱུང་།
རྒན་པ་ཚོའི་ངག་ནས་སྔོན་ཆད་ང་ཚོའི་ཕ་ཡུལ་ནའང་རྐྱང་དང་། རྒོ་བ། རྣ། གཉན། ཤྭ་བ་སོགས་མོད་རབས་ཐོས་མོད། བར་སྐབས་ཤིག་ནས་ཕ་ཡུལ་གྱི་འཇམ་ཞིང་ནེམ་པའི་སྤངས་ཁུག་ལ་ལྕགས་ར་ཞེས་པའི་སྒེར་སེམས་ཀྱི་ས་བོན་ཞིག་བསྐྱིལ་བས། མི་སེམས་དང་རྩྭ་ས་འགྱུར་ཞིང་། རི་སྐྱེས་སྲོག་ཆགས་ཀྱང་རྗེས་ཆད་པའི་སྐྱོ་གར་བྱུང་། མིག་སྔར་སྟོད་ཀྱི་མངའ་རིས་ནི་ལྕགས་ར་མེད་པའི་བོད་ཀྱི་རི་དྭགས་གླིང་ཀ་མཐའ་མ་ལྟ་བུར་ཆགས་པས། མདོ་ཁམས་ཕྱོགས་ཀྱི་རི་དྭགས་མང་པོའང་གནས་འདིར་བྲོས་ཏེ་ལྷོད་ཡངས་སུ་བསྡད་ཡོད་པའི་ཚོར་སྣང་སྐྱེས་བྱུང་། གལ་ཏེ་ཡུལ་འདི་ལའང་ང་ཚོའི་ཕ་ཡུལ་ནང་བཞིན་ལྕགས་རས་ཡོངས་སུ་བསྐོར་ན། ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྒྱུ་བའི་འབྲོང་དང་། རྐྱང་། གཙོད་སོགས་གང་དུ་འགྲོ་འམ་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ཁུར་ལྷག་མ་ཞིག་ཀྱང་སྐབས་སྐབས་སུ་སྐྱེས་ཡོང་།
རླངས་འཁོར་མུ་མཐུད་དུ་གློད་པ་ན་ཡང་བསྐྱར་གཤོང་ཁུག་ཤིག་ཏུ་མར་འབབ་འགོ་བརྩམས། རི་བོ་ཧི་མ་ལ་ཡ་དང་ཁུ་ནུ་རི་བོ་སོགས་ཀྱི་འདྲེས་མཚམས་སུ་ཆགས་པས་ཡིན་ནམ། གང་ལྟར་དེང་གི་རྩ་མདའི་མངའ་ཁོངས་ཀྱི་ས་གཤིས་ནི་མངའ་རིས་ཡུལ་གྱི་ས་གཞན་དང་མི་འདྲ་བར་གང་ས་གང་དུ་དྲུ་རི་ཡིས་ཁྱབ་འདུག་པས་ངོ་མཚར་བ་ཞིག་ཏུ་སྣང་། དེ་ནས་ཁུག་པ་མང་པོ་བརྒྱུད་དེ་སྤྱི་ལེ་ཁ་ཤས་སོང་མཚམས་སུ་མདུན་ཕྱོགས་ནས་དུང་དཀར་སྡེ་བ་མིག་ལམ་དུ་མངོན་བྱུང་།
ལམ་འགྲམ་དུ་ཚུགས་ཀ་གཅིག་ཅན་གྱི་སྡོད་ཁང་གསར་བ་མང་པོ་ཕུབ་ཀྱིན་འདུག ཡིན་ན་ཡང་། སོ་ཕག་དཔར་མ་ལྟ་བུའི་ཨར་འདམ་གྱི་ཁང་པ་དག་ལས་སྔོན་གྱི་ཁང་རྙིང་དེ་ཚོའི་དྲོད་སྣང་དང་ཡག་སྣང་ཞིག་ཡེ་ནས་མཐོང་མ་བྱུང་། དེ་ཡང་ཡིན་ཏེ། ས་ཆ་གང་ལ་མཚོན་ནའང་དེའི་སྡོད་ཁང་ནི་ཉི་མ་དང་ཆར་བ་གཡོལ་ས་རྐྱང་རྐྱང་ཞིག་མིན་པར། ས་དེའི་གནམ་གཤིས་དང་། ས་ཁམས། དད་མོས་སོགས་ལ་འབྲེལ་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ལགས་པས། གུ་གེའི་ཡུལ་གྱི་ཕུག་པ་འདི་ལའང་དགུན་ཁ་དྲོ་ཞིང་དབྱར་ཁ་བསིལ་བའི་ཡོན་ཏན་དང་ཁྱད་ཆོས་འཛོམས་པར་གྲགས།
སྡེ་བ་འདིར་དུང་དཀར་བཀྲ་ཤིས་ཆོས་གླིང་དགོན་དང་དུང་དཀར་ཕུག གཞན་སྒྲུབ་ཕུག་སོགས་མཇལ་ས་དུ་མ་འདུག སྡེ་བའི་རྒྱབ་ཀྱི་ལུང་པ་དེ་ནི་དུང་དཀར་གྱི་དབྱིབས་ལྟར་ཡོད་པས་མིང་ཀྱང་དེ་ལྟར་ཐོགས། དགོན་འདི་མཐོ་ལྡིང་དགོན་གྱི་དགོན་ལག་ཉེེར་ལྔའི་གྲས་སུ་གཏོགས་ཤིང་། དུས་རབས་བཅུ་བའི་ནང་དུ་ལྷ་བླ་ཡེ་ཤེས་འོད་ཀྱི་སྲས་མོ་མེ་ཏོག་སྐྱབས་ཀྱིས་ཐོག་མར་མཆོད་གནས་ཤིག་བཞེངས་པ་དང་། དུས་རབས་བཅུ་བཞི་བར་གུ་གེ་ངག་དབང་གྲགས་པ་དུང་དཀར་ལ་ཕེབས་ཏེ་ས་སྙིང་ཞེས་པའི་གནས་སུ་སྐུ་མཚམས་ལ་བཞུགས་ཤིང་ཆོས་འཁོར་སྐོར། དུས་རབས་བཅོ་ལྔ་བའི་ནང་དུ་གུ་གེའི་རྒྱལ་པོ་ཁྲི་དབང་ཕྱུག་ལྡེ་དང་རྣམ་རྒྱལ་ལྡེས་སྦྱིན་བདག་མཛད་དེ་དུང་དཀར་དགོན་པ་བཏབ། རྗེས་སུ་གུ་གེའི་རྒྱལ་པོ་རེ་བ་ལྟར་ངག་དབང་གྲགས་པ་མཐོ་ལྡིང་ལ་གདན་དྲངས་ཤིང་ལོ་ཆེན་རིན་བཟང་གི་ཁྲིར་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པས་དགོན་འདི་ཉིད་རི་བོ་དགེ་ལྡན་པའི་ལུགས་སུ་བསྒྱུར།
ཉིན་གུང་ལ་སྡེ་བའི་འདབས་སུ་སླེབས་པ་ན་ཉི་འོད་ཀྱིས་སྔར་ལས་ཚ་ཞིང་གདུང་པས། ཕྱོགས་བཞི་རུ་ཀྲོང་ངེར་ལངས་པའི་དྲུ་རི་དག་གིས་ཚ་གདུང་མ་ཐེག་པར་གཅེར་བུར་ཉལ་ནས་ཡོད་པའི་ཉམས་སྣང་ཞིག་ཤར་ཡོང་། དེར་ཡོད་པའི་སྡེ་མི་ཞིག་གིས་དུང་དཀར་ཕུག་གི་ཕུག་པ་གཅིག་ལ་ཞིག་གསོ་བྱེད་བཞིན་པ་དང་། ཕུག་པ་གཞན་དེ་གཉིས་ཀྱི་ལྡེ་མིག་ཁྱེར་ནས་འབྲོག་ལ་ཕྱིན་སོང་བས་མཇལ་ཐབས་མི་འདུག་ཟེར་ཡང་། ཨུ་ཚུགས་ཀྱིས་གོམ་པ་བརྒྱབ་ཏེ་ལུང་པའི་ཕུ་ཡི་ཕུག་པ་ཡོད་སར་སྙེག
ཡར་སླེབས་རྗེས་ཕུག་པའི་སྒོ་ག་ལེར་ཕར་དེད་པ་ན་བར་གསེང་ཆེན་པོ་རེ་ཡོད་པས་ནང་གི་ལྡེབས་རིས་ཀྱི་གསུམ་ཆའི་གཉིས་ཡག་པོར་མཐོང་ཐུབ། དེ་ལས་སྟོང་སྐུ་ཕུག་པ་དང་དེའི་གཡས་ཕྱོགས་ཀྱི་ཕུག་པ་གཉིས་ཀྱི་ལྡེབས་རིས་ནི་ལྟོས་བཅས་ཀྱིས་ཆ་ཚང་བར་འདུག སྟོང་སྐུ་ཕུག་པའི་དབུས་སུ་སྨན་འཇིམ་ལས་གྲུབ་པའི་སྐུ་བརྒྱད་ཀྱི་བཞུགས་ཁྲི་དང་གཡས་གཡོན་གཉིས་སུ་ཁྲི་གཉིས་རེ་ཡོད་ཀྱང་སྐུ་ཡོད་ཚད་གཏོར་ཚར་བས་མཐོང་ཡུལ་དུ་མ་གྱུར་། དཀྱིལ་དུ་ཁ་བཏགས་མང་པོས་བཏུམས་པའི་མཆོད་རྟེན་ཆུང་ཆུང་གཉིས་མཇལ་རྒྱུ་འདུག
གྱང་ལྡེབས་གཡས་གཡོན་དང་སྒོའི་གཞོགས་བཅས་སུ་བྱང་ཆུབ་སེམས་དཔའ་ཡི་སྐུའི་ལྡེབས་རིས་ཀྱིས་ཁེངས་འདུག་ལ།《སྟོད་མངའ་རིས་ཀྱི་དགོན་སྡེ་ཁག་གི་དཀར་ཆག་དྭངས་གསལ་མེ་ལོང་།》དུ་བཀོད་པ་ལྟར་ན་ཁྱོན་ལྷ་སྐུ་ཆིག་སྟོང་ལྷག་ཙམ་ཡོད་པར་བྲིས་འདུག་པས། ཕུག་པ་འདི་གཅིག་པོའང་གུ་གེའི་ལྡེབས་རིས་ཀྱི་བང་མཛོད་ཆེན་པོ་ཞིག་ཏུ་བགྲངས་ཆོག་ཆོག་རེད་སྙམ་སོང་། དེའི་གཡས་ཕྱོགས་ཀྱི་ཕུག་པ་ད་ལྟ་ཞིག་གསོ་བྱེད་བཞིན་ཡོད་པས་གསལ་བོ་ཞིག་མཐོང་མི་ཐུབ་མོད།
ཕྱོགས་སོ་སོར་དཀྱིལ་འཁོར་གྱི་ལྡེབས་རིས་ཆེན་པོ་གཉིས་རེ་བྲིས་ཡོད་ལ། དེའི་གཡས་གཡོན་དང་སྟེང་འོག་ཀུན་ཏུ་ལྷ་སྐུ་མང་པོ་བཞེངས་འདུག དེའི་ལྡེབས་རིས་སྐོར་ནི་དཀར་ཆག་དྭངས་གསལ་མེ་ལོང་དུ་ཞིབ་རྒྱབ་སུ་བཀོད་ཡོད་པས་དེར་གཟིགས་པར་འཚལ། ཕུག་པ་དེའི་གཡས་ཕྱོགས་སུ་སྒྲུབ་ཕུག་ཞིག་ཀྱང་འདུག་མོད། དེ་ནི་སྐྱེས་ཆེན་སུ་ཞིག་གིས་ཞབས་ཀྱིས་བཅགས་པ་དང་བྱིན་གྱིས་བརླབས་པར་ཤེས་རྟོགས་གསལ་བོ་མ་བྱུང་། ནང་གི་བཀོད་པར་བལྟས་ན་མི་མ་བསྡད་པར་ཡུན་རིང་ཞིག་ལོན་འདུག་སྙམ་བྱུང་།
དེ་ནས་ཕར་ཅུང་ཙམ་སོང་ཚེ་ཡང་ཕུག་པ་ཞིག་འདུག་ལ། དེའི་གྱང་ལྡེབས་ཀྱི་རི་མོ་ཕལ་ཆེ་བ་དག་སོང་བས་གྱང་ངོས་སྟོང་བར་ལུས་འདུག ཕུག་པ་སོ་སོའི་ཀླད་ངོས་སུ་གས་སྲུབས་བྱུང་ཏེ་སླར་ཡང་འདམ་གྱིས་བསུབས་ཟིན་པའི་ཤུལ་རེ་མཐོང་ཐུབ། ལྡེབས་རིས་ཅན་གྱི་ཕུག་པ་འདི་དག་མཐོང་བའི་མོད་ལ་སྤྱི་ལེ་སྟོང་ཕྲག་འགའི་ཕ་རོལ་གྱི་མྱ་ངམ་ཐང་ན་མུ་ཏིག་བཞིན་འཚེར་བའི་ཏུན་ཧོང་གི་ཕུག་པ་དེ་དག་ཀྱང་ཡིད་ལ་དབང་མེད་དུ་ཤར་བྱུང་།
དེ་དག་རེ་རེ་བཞིན་མཇལ་རྗེས་སྤྱི་ལེ་གཉིས་ཀྱི་མཚམས་སུ་ཡོད་པའི་ཕྱི་ཝང་གྲོང་ཚོར་ཕྱིན། ཕྱི་ཝང་ལ་མངའ་རིས་སྐད་དུ་ཕི་ཝང་[phi waŋ]ཞེས་ཀློག་ལ། དེའི་རྒྱུ་མཚན་ནི་མངའ་རིས་སྐད་དུ་པ་སྡེ་ལ་ཡ་བཏགས་ཀྱི་སྒྲ་ཟུར་ཉམས་ཟིན་པ་མང་དུ་སྣང་སྟེ། ཕྱི་པོ་ལ་ཕི་པོ་[pʰiõ]དང་། ཕྱིང་པ་ལ་ཕིང་པ་[pʰiŋ pa]། འཕྱི་བ་ལ་ཕི་བ་[pʰia:]ལྟར་ཀློག་པས་སོ། ཁ་ཅིག་གིས་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་ལ་དྭགས་རྒྱལ་པོས་གུ་གེའི་མངའ་ཁོངས་བདག་གིར་བཟུང་ཏེ་མི་ལོ་ལྔ་བཅུའི་རིང་གཞན་གྱིས་དབང་བ་བྱས་སྟབས་ཕྱི་དབང་ཞེས་ཐོག་པ་ཞིག་སྟེ། གཞན་གྱི་མིའི་ཁ་རྒྱུན་དུ་ད་དུང་ཡང་ཕྱི་དབང་ངོ་ལོག་ཅེས་པའི་འབོད་སྲོལ་ཡོད་ཟེར།《མངའ་རིས་རྒྱལ་རབས།》དུ་ཕྱི་ཝང་ཞེས་བྲིས་འདུག་པས་དེ་ཉིད་དག་པར་སེམས། སྤྱིར་མངའ་རིས་ཡུལ་གྱི་རིགས་རུས་ཆོ་འབྲང་དང་རི་ཆུ་སྡེ་ཚོའི་མིང་ལ་ཞང་སྐད་འདྲེས་པ་མང་དུ་ཡོད་ཕྱིར། སྐབས་ལ་ལར་བཙན་གྱིས་བོད་སྐད་ཀྱི་སྟེང་ནས་རྒྱུ་མཚན་ཞིག་དྲངས་ཏེ་འགྲེལ་རྒྱག་པ་ནི་ར་མགོ་ལུག་སྦྱར་གྱི་དཔེ་རུ་འགྲོ་ཉེན་ཡོད་པར་སྙམ།
ས་དེར་ཕྱི་ཝང་དགོན་དང་ཕྱི་ཝང་ཕུག མཁར་རྩེ་རྣམ་རྒྱལ་སོགས་གནས་ཤུལ་ཁ་ཤས་ལ་མཇལ་རྒྱུ་འདུག གྲོང་ཚོ་འདིར་ཡང་གཅིག་གྱུར་གྱི་ཁང་པ་གསར་བ་མང་པོ་ཕུབ་ཀྱིན་འདུག་པས། ཁང་པ་རྙིང་བ་སྐོར་ཞིག་རྫོགས་ཚར་ཞིང་། སྐོར་ཞིག་རྫོགས་མུས་རེད། མ་གཞི་རྒྱབ་རི་དྲུ་རི་ཡིན་པའི་གྲོང་ཚོ་ཆུང་ཆུང་དེ་རྡུལ་སྨུག་ཞིག་ནང་དུ་བཏུམས་འདུག གྲོང་ཚོ་འདིར་དུད་ཚང་ཉེར་བརྒྱད་དང་། མི་གྲངས་བརྒྱ་དང་བཅུ་ལྷག་ཡོད་ལ། སློབ་ཆེན་སློབ་མ་བཞི་ཡོད་ཟེར། དགོན་པ་ནི་ས་སྐྱ་བ་ཡིན་ལ། སྲིད་གཞུང་གི་ཆོག་མཆན་ཡོད་པའི་གྲྭ་ཚད་གཉིས་ཡོད་ཀྱང་ད་ལྟ་གྲྭ་བ་གཅིག་ཀྱང་མི་འདུག དཀོན་གཉེར་ནི་ལོ་ན་བདུན་ཅུ་དོན་གཉིས་ལ་སོན་པའི་རྒན་པོ་མི་སྐྱ་ཞིག་རེད། ངེད་གཉིས་སྡེ་བར་སླེབས་མ་ཐག་རྒན་པོ་རི་ནས་མར་བབས་ཏེ་དྲོས་ཇ་འཐུང་རྒྱུར་ཁེལ་འདུག་པས། ལམ་འགྲམ་གྱི་ཇ་ཁང་ཞིག་ཏུ་མངར་ཇ་གཉིས་དམ་གཅིག་བཤད་དེ་ཆུ་ཚོད་ཕྱེད་ཀའི་རིང་ལ་སྒུག་ནས་བསྡད།
འཁྲིས་ཀྱི་ཨ་མ་རྒན་མོས་ངེད་གཉིས་ལུང་པ་གང་ནས་ཡིན་ཞེས་དྲིས་བྱུང་བར། ཨ་མདོ་ནས་ཡོང་བ་ཡིན་ཞེས་ལན་བཏབ། ནག་ཆུའི་ཨ་མདོ་ཡིན་ནམ་མཚོ་སྔོན་ཨ་མདོ་ཡིན་ཟེར། ཡང་ལན་དུ། སི་ཁྲོན་ཨ་མདོ་དང་། ཀན་སུའུ་ཨ་མདོ་ཡིན་ཞེས་སྨྲས། མངའ་རིས་ལ་ཡོང་ནས་དེ་ལྟར་ལན་བཏབ་པ་ཐེངས་གཅིག་གཉིས་ཤིག་མིན་པས། དོན་དུ་སི་ཁྲོན་ཨ་མདོ་དང་ཀན་སུའུ་ཨ་མདོ་ཞེས་པའི་ངོ་སྤྲོད་སྟངས་གསར་བ་འདིས་ཕ་རོལ་བོར་བརྡ་འཕྲོད་མིན་ཆ་མ་མཚལ་མོད། ཇི་འདྲའི་རྣར་མི་བདེ་བ་ཞིག་རེད་ཨང་སྙམ་ནས་ཁོང་དགོད་ཀྱང་ཐེངས་ཁ་ཤས་ལ་ཤོར་མྱོང་། སྤྱིར་དེང་གི་ཆར་མངའ་རིས་ཕྱོགས་ནས་ཨ་མདོ་ལ་རྒྱུས་མངའ་མེད་པ་དང་། ཨ་མདོའི་ཕྱོགས་ནས་མངའ་རིས་ལ་ཆ་རྒྱུས་མེད་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་ངེས་པས། སྐབས་ལ་ལར་བླ་བྲང་བཀྲ་ཤིས་འཁྱིལ་བ་དང་། སྐབས་ལ་ལར་གླུ་བ་བདུད་བྷེ་ཡིས་རང་གི་ཕ་ཡུལ་དང་ཕ་ཡུལ་གྱི་ཕྱོགས་སྟོན་བྱེད་བྱས་ཀྱང་། དོན་དངོས་སུ་གླུ་བ་བདུད་བྷེ་ཟེར་བ་ཞིག་མེད་ཚེ་ཨ་མདོ་རྨ་ཆུ་ཟེར་བའི་ལུང་པ་ཆུང་ཆུང་དེ་ཅི་ལྟར་ངོ་སྤྲོད་དགོས་པའང་མི་ཤེས་ཚད་དུ་སླེབས་མྱོང་།
ཅུང་ཙམ་ནས་རྒན་པོོོའི་རྗེས་སྙེགས་ཤིང་ཀྱག་ཀྱོག་གི་སྐས་ལམ་བརྒྱུད་དེ་ག་ལེར་རི་ངོར་འབྱར། ཁོང་གི་གོམ་པའི་འདེགས་འཇོག་ལས་རྐང་པ་དེ་འདྲའི་བདེ་བོ་མེད་པ་མཐོང་ཐུབ་པས། ཡར་མར་སྐོར་ཐེངས་གཅིག་བརྒྱབ་ན་ཆུ་ཚོད་གཅིག་ལྷག་འགོར་འགྲོ་ལ། ད་དུང་ལྡེབས་རིས་ཅན་གྱི་ཕུག་པ་སོ་སོ་དང་འདུ་ཁང་སོགས་ལ་ཁྲིད་ནས་གནས་བཤད་ཀྱང་བྱེད་དགོས་པ་མ་ཟད། གླ་ཆ་སྐར་གང་ཡང་བསྡུ་བཞིན་མེད་པས། སེམས་སུ་རྒན་རབས་པ་འདི་དག་གིས་ཕ་ས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ནི་ལོ་ཆུང་དག་གིས་ཅི་ནས་ཀྱང་ཚོར་ཐུབ་པ་མི་འདུག་སྙམ་བྱུང་།
ཁོང་གིས་ང་ཚོས་ས་སྐྱ་དགོན་ནས་གྲྭ་བ་མངག་དགོས་པའི་རེ་བ་བརྒྱབ་ཀྱང་། ས་ཁུལ་དང་རྫོང་ཁག་སོ་སོ་ཡིན་པས་མཆོག་མཆན་གནང་མ་བྱུང་ཟེར། གཞན་སྡེ་བའི་ནང་གི་ལོ་ཆུང་ཚོའང་ཕྱོགས་སུ་སོང་ཟིན་པས་ད་ལྟ་ཁོ་རང་གིས་རྒྱུན་མི་འཁྱོངས་ཐབས་མེད་རེད་ཟེར། དེ་ལྟར། ང་ཚོས་ཁ་བརྡ་བྱེད་བཞིན་རི་སྐེད་ཡན་ཆད་དུ་སླེབས། དེ་ནས་ངག་རྒྱུན་དུ། རྟ་བྱ་ར་བརྒྱ་དང་། མི་བྱ་ར་བརྒྱ་ཡོད་པར་གྲགས་པའི་མཁར་རྩེ་རྣམ་རྒྱལ་གསལ་བོར་མཐོང་བྱུང་།
སྔོན་གྱི་ཚེ་ཕྱི་ཝང་ལའང་མཁར་ཕྱི་སྟོང་ནང་སྟོང་། ཞེས་རི་འདིའི་མདུན་རྒྱབ་ཀྱི་ཕུག་པ་སོ་སོར་སྡོད་མཁན་གྱི་མི་གྲངས་ཉིས་སྟོང་ལྷག་ལ་བརྒལ་བ་དང་། ད་དུང་མཁར་ལ་མཁར་རྩེ་རྣམ་རྒྱལ། མི་ལ་མི་དབང་རྣམ་རྒྱལ། རྟ་ལ་འདོ་བ་རྟིང་དཀར། ཁྱི་ལ་དོམ་བུ་སྙིང་དཀར། ཞེས་སོགས་ཀྱི་བཤད་རྒྱུན་མ་ཉམས་པར་གནས་བས། ད་ལྟའི་མཁར་ཤུལ་འདི་དག་ལ་ཕར་བལྟས་ཚོད་ཀྱིས་བགྲེས་སོང་ཞིག་གི་བེམ་རོ་དང་འདྲ་བར་ཤུལ་དུ་ལྷག་འདུག་མོད། འདི་ནས་ཡར་བརྩིས་པའི་ལོ་ངོ་བརྒྱ་ཕྲག་དུ་མའི་སྔོན་དུ་གནས་འདི་ནི་གུ་གེའི་རྒྱལ་རབས་ཀྱི་རིག་གནས་དང་ཆབ་སྲིད། དཔལ་འབྱོར་བཅས་ཀྱི་དཔུང་མཐུག་སའི་རྫོང་མཁར་ཆེན་པོ་ཞིག་ཡིན་པ་ནི་སུས་ཀྱང་བཅོས་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་རེད། རྒན་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས་ཕྱི་ཝང་དུ་གུ་གེ་དངུལ་མིག་ཅན་གྱི་ལུགས་རྒྱག་སའི་ཤུལ་མང་པོ་ཡོད་ཅེས་པས་སྐབས་དེར་བཟོ་ལས་ཀྱང་ཤུགས་ཆེན་དུ་དར་ཡོད་པ་ནི་རྗེས་སུ་དཔག་ཐུབ།
ཁྱད་པར་དུ་གུ་གེའི་རྒྱལ་ཐོག་ཉེར་དགུ་ལས་ལྷ་ཆེན་གྲགས་པ་ལྡེ་དང་རྣམ་རྒྱལ་ལྡེ་གཉིས་ནི་སྐད་གྲགས་ཆེས་ཆེར་ཁྱབ་པའི་རྒྱལ་ཐོག་གཉིས་ཡིན་ལ། ཕྱི་ཝང་གི་མཁར་རྩེ་རྣམ་རྒྱལ་འདི་ཡང་རྒྱལ་པོ་རྣམ་རྒྱལ་ལྡེའི་འཕྲིན་ལས་རྒྱ་ཆེར་སྤེལ་བའི་རྫོང་མཁར་ཡིན་ཕྱིར་སྐབས་དེའི་གུ་གེའི་སྟོབས་ཤུགས་ནི་དེ་རིང་ཉིན་གུང་གི་ཉི་མའི་ཚ་གདུང་བཞིན་ཡོད་ཚད་གཞོམ་པར་ནུས་པ་ལ་ཨང་སྙམ་བྱུང་།
རི་རྐེད་དུ་ལྡེབས་རིས་ཅན་གྱི་ཕུག་པ་གཉིས་ཡོད་ལ། གཅིག་ནི་གདུང་རྟེན་ཕུག་དང་གཞན་དེ་ནི་མགོན་ཁང་རེད། ད་ལྟའི་ཆར་སྙན་པའི་གྲགས་པ་འབར་བའི་གུ་གེ་ལྡེབས་རིས་མང་ཤོས་ནི་ཁང་པའི་ནང་དུ་བཞེངས་ཡོད་པས། ས་ཕུག་ངོས་ལ་བཞེངས་པའི་ལྡེབས་རིས་འདི་དག་ནི་དེ་བས་ཀྱང་ངོ་མཚར་བ་ཞིག་ཏུ་སྣང་། རིག་གསར་སོགས་དུས་འགྱུར་ཁྲོད་དུ་བདག་ཡག་པོ་རྒྱག་མ་ཐུབ་པས་གང་སར་གས་ཀ་དང་། གྱང་ལྡེབས་ཀོཀ་པ་སོགས་འདུག་མོད། ཕུག་པ་ཞིག་ལ་མཚོན་ན་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་མ་ཞིག་པར་ད་ལྟའི་ཆར་ཡང་མིག་གི་དཔྱིད་དུ་རོལ་ཐུབ་པ་འདི་ནི་ངོ་མཚར་ལས་ཀྱང་ངོ་མཚར་དུ་སྙམ་སོང་།
ད་ལྟའི་ཕྱི་དབང་དགོན་ལ་འདུ་ཁང་གཅིག་དང་། མཐའ་སྐོར་དུ་མཆོད་རྟེན་རྙིང་པ་ཁ་ཤས་མ་གཏོགས་མི་འདུག ནང་རྟེན་དུ་སྟོན་པ་གཙོ་འཁོར་གསུམ་དང་སློབ་དཔོན། སྤྱན་རིས་གཟིགས་ཀྱི་སྐུ། ད་དུང་སྤྱི་ལོ༢༠༠༢སམ་༢༠༠༣ལོར་ཕུག་པ་ཞིག་ནས་བཏོན་པའི་ལག་བྲིས་དཔེ་རྙིང་མང་པོ་བཞུགས།
གཡུ་བྲིས་དུམ་པ་གཉིས་ཡས་མས་ཤིག་ཀྱང་འདུག བདག་ལ་མཚོན་ན་གསེར་བྲིས་འགའ་རེ་མཇལ་མྱོང་མོད། གཡུ་བྲིས་ནི་ཐེངས་དང་པོར་མཐོང་བ་ཡིན་པས་དངོས་གནས་ཧང་སང་བ་ཞིག་རེད། འདུ་ཁང་གི་གྱང་ལྡེབས་ཞོལ་དུ་ད་དུང་ཡང་སྔོན་གྱི་ལྡེབས་རིས་རྙིང་བའི་ཟུར་ཅུང་ཙམ་རེ་ལུས་འདུག དེ་ཡང་སྔོན་གྱི་ཚེ་ན་ཕྱི་ཝང་དགོན་ནི་རྒྱ་གླང་ཐང་སྟེ་མཁར་རྩེ་རྣམ་རྒྱལ་ཆགས་སའི་རིའི་ཤར་ཕྱོགས་མདུན་གྱི་ཐང་ཆེན་དེར་ཡོད་པར་བཤད།
དབྱར་དུས་ཆུས་འཇིག་པ་ཆེ་བས་དེང་གི་རི་ངོས་སུ་ཡར་སྤོས་ཤིང་། སྡེ་མི་ཡོངས་ཀྱིས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་ནང་རྟེན་དང་དཔེ་ཆ་ཆ་ཚང་དབོར། བླ་མ་མཁན་པོ་ནི་ཁྭ་ཆར་དགོན་དང་འདྲ་བར་ལོ་གསུམ་རེ་མཚམས་སུ་ངོར་ཝཾ་ཆོས་སྡེ་ནས་བསྐོ་བཞག་བྱེད་པའི་སྲོལ་འདུག་ཀྱང་ད་ལྟ་རྒྱུན་རྨིང་ནས་ཆད་འདུག
དེ་དག་ཡོངས་ལ་མཇལ་ཚར་རྗེས་རི་ཞོལ་དུ་མར་བབས་པ་དང་། རླངས་འཁོར་དལ་མོར་གློད་པའི་བར་སྐབས་དེར་ཕྱི་མིག་ཅིག་འཕངས་པས། རྒྱ་གླང་ཐང་གི་ཕྱི་ཝང་དགོན་གྱི་གྱང་ཤུལ་དང་། ལྷ་ཆེན་རྣམ་རྒྱལ་ལྡེའི་ཆོས་སྲིད་ཀྱི་མངའ་ཐང་ཤུགས་ཆེན་དུ་དར་སའི་མཁར་རྩེ་རྣམ་རྒྱལ་གྱི་མཁར་ཤུལ། དེ་མིན་ཕྱི་སྟོང་ནང་སྟོང་གི་ཕུག་པ་སོགས་ཁེར་རྐྱང་དང་སུན་སྣང་གི་ཚུལ་དུ་འགྲེངས་པ་མཐོང་བས་དབང་མེད་དུ་ཞེ་རྩ་གཏིང་ནས་སྐྱོ་བར་བྱས་ཀྱང་།
ལོ་ན་བདུན་ཅུར་སོན་པའི་རྒན་པོ་ཁོང་གི་རུས་མཁྲེགས་པོ་དང་། གདུང་སྨུག་པོ། གཤིས་སྣུམ་པོ། ཐུགས་སྒམ་པོ་སོགས་དྲན་པས་གནས་སྐབས་ཀྱི་བདེ་སྣང་ཞིག་སྐྱེས་ཤིང་དེ་དང་ལྷན་དུ་ཡང་བསྐྱར་འགྲུལ་བཞུད་ཀྱི་ལམ་དུ་ཞུགས།
① རྩོམ་འདི་《བོད་ཀྱི་དམངས་སྲོལ་རིག་གནས།》༢༠༡༧ ལོའི་དེབ་ ༣ པར་བཀོད་ཡོད།