༄༅།།སྨན་ལུགས་ཤིང་རྟའི་སྲོལ་འབྱེད་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས།

༄༅།།སྨན་ལུགས་ཤིང་རྟའི་སྲོལ་འབྱེད་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས།

༄༅།།སྨན་ལུགས་ཤིང་རྟའི་སྲོལ་འབྱེད་ཆེན་མོ་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་གང་གིས་མཛད་པའི་ཆ་ཚད་ཀྱི་བསྟན་བཅོས་ཆེན་མོ་༼༼བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིས་བཞིན་ནོར་བུར་བུ་༽༽ཡི་སྐོར་ལ་ཅུང་ཟད་དཔྱད་པ།

ཐུགས་བསྐྱེད་འགྲོ་ལ་སྨན་མཛད་ཞོ་གསར་སྤུངས་པའི་བླ།།

འཕྲིན་ལས་དོན་ཀུན་གྲུབ་མཛད་གསེར་གྱི་ལྷུན་པོར་འགྱིང་།།

གང་གསུང་བློ་གྲོས་རབ་གཏམས་ཁྲི་གདུགས་ཉི་མ་ཆེ།།

སྨན་ཐང་པིར་ཐོགས་དབང་པོར་སྒོ་གསུམ་གུས་པས་བཏུད།།

གང་གི་ཆེ་བའི་ཡོན་ཏན་སྐར་ཚོགས་གྲངས། །མ་ལུད་གཞན་ནུས་ལྷ་ཡི་སྤྱོད་ཡུལ་ཉིད། །འོན་ཏེ་ཕྱོགས་མཚོན་ཙམ་ཞིག་འདིར་བཀོད་པ། །སྐལ་མཉམ་རྣམས་ལ་དོན་ལྡན་ཉིད་ཏུ་གྱུར། །སྔོན་ཆད་བྱོན་པའི་དཔོན་མོ་ལས། །ངོ་མཚར་དེ་བས་ཁྱད་འཕགས་པའི་། །པིར་ཐོགས་དབང་པོ་སྨན་ཐང་པའི། །མཛད་པ་ཅུང་ཟད་འཆད་ལ་སྤྲོ། །མེད་པ་ཡོད་པར་སྒྲོ་བཏགས་སོགས། །རྨོངས་གཏམ་དཔྱོད་ལྡན་ཁྲེལ་བའི་ཚོག །འབད་པས་སྤངས་ཏེ་དྲང་པོའི་སྲོལ། །ཡིད་ལ་སྒོམ་ཕྱིར་ཚུལ་འདི་སྤེལ།

དེ་ཡང་དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་སྨན་ཐང་པ་སྨན་བླ་དོན་གྲུབ་ཞེས་པ་སྨན་ལུགས་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་དང་། བོད་ཀྱི་སྒྱུ་རྩལ་ཕྱག་ལེན་དང་རིག་གཞུང་གཉིས་ཆར་ལེགས་སྐྱེས་སྤོམ་ཆེ་བ་འཇོག་གནང་མཛད་པའི་སྐྱེས་བུ་ཆེན་པོ་ལྷའི་བཟོ་བོ་བི་ཤཱ་ཀརྨ་གཉིས་པ་དེ་ཉིད་ཀྱི་ལོ་རྒྱུས་དང་མཛད་པའི་སྐོར་ལ་གནའ་དེང་ཕྱི་ནང་གི་དཔྱོད་ལྡན་པས་དཔྱད་པ་བཏང་བ་མང་མོད། །དེ་དག་ལས་ལེགས་ཆ་གང་ཡིན་འབད་པས་བླངས་ཐོག  ད་དུང་ལོ་རྒྱུས་དེབ་ཐེར་དང་། རྣམ་ཐར། དགོན་པའི་དཀར་ཆག་སོགས་དཔྱད་གཞི་གང་མང་བཀླགས་པ་དང་། །ལྷོ་བྲག་སྨན་ཐང་སོགས་སྔར་གྱི་ས་ཆ་དེ་རང་དུ་བསྐྱོད་ནས་བརྟག་དཔྱད་ཀྱང་ཅུང་ཟད་བྱས་ཁུལ་གྱིས་སྨན་བླ་དོན་གྲུབ་པའི་ལོ་རྒྱུས་སྤྱི་དང་བྱེ་བྲག་འཁྲུངས་འདས་དང་། སྐུ་རྟེན་བཞེངས་ཚུལ་ཡིག་ཆ་མཛད་རིམ། དེ་བཞིན་གང་གི་མཛད་པའི་ཆ་ཚད་བསྟན་བཅོས་སོགས་ལ་དབྱེ་ཞིབ་བྱས་ཐོག་མཁས་པའི་མཁས་པ་འདི་ཡི་ཚེ་གང་གི་མཛད་པ་སོགས་སྐོར་རྟོག་དཔྱོད་བྱས་ཁུལ་དུ་བྲིས་ཡོད་ན། ནོངས་ཚོགས་ཅི་མཆིས་དཔྱོད་ལྡན་མཁས་པའི་སྤྱན་སྔར་བཤགས།

ས་བཅད་དང་པོ། རྒྱལ་ཁབ་ཕྱི་ནང་དུ་སྨན་བླ་དོན་གྲུབ་ལ་ཞིབ་

འཇུག་བྱས་ཚུལ་མདོར་བསྟན།

ལེའུ་དང་པོ། རྒྱལ་ནང་གི་སྨན་བླ་དོན་གྲུབ་ཞིབ་འཇུག་སྐོར་།

  གཅིག 1742ལོར་སོག་པོའི་མཁས་པ་གུང་མགོན་པོ་ཀྱིས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་ཆ་ཚད་ཀྱི་བསྟན་བཅོད་༼༼ སངས་རྒྱས་ཀྱི་སྐུའི་སྣང་བརྙན་གནཡི་བསྟན་བཅོས་ ༽༽ དང་དེའི་འགྲེལ་བ་སྤེལ། རྒྱ་ཡིག་བཀའ་བསྟན་ནང་བཞུགས་པའི་ཆོས་ཚན་དེ་ནི་ཕྱིས་སུ་བཅུག་པ་ཡིན་རུང་། ལྷ་སྐུའི་ཆ་ཚད་སྐོར་གྱི་བསྟན་བཅོས་གཅིག་པུ་དེ་རེད། དེའི་གླིང་གཞིར་ ཆ་ཚད་འཁོད་པའི་བསྟན་བཅོས་ནི་མང་དུ་བྱུང་རུང་དེ་དག་གི་དགོངས་པ་ལོན་པ་དག་གི་དབུས་སུ་སྨན་མཁྱེན་བྱེའུ་གསུམ་ཁྱད་པར་དུ་འཕགས། ནུབ་ཕྱོགས་ནས་ལྷ་སྐུ་ཐོན་པ་ཕལ་མོ་ཆེ་ལུགས་འདེ་གསུམ་ལས་བྱུང་ཞིང་། གནམ་འོག་ན་བོད་སྐུར་གྲགས་སོ།  ཞེས་གསུངས། འདི་ནི་རྒྱ་ཡིག་གི་བསྟན་བཅོས་སུ་སྨན་ཐང་བ་སོགས་བོད་ཀྱི་རི་མོའི་གྲུབ་མཐའ་བཀོད་པའི་ཐོག་མ་དེ་ཡིན་པ་ལགས་སོ།།

གཉིས། 1985ལོར་ལྦུན་གོ་ཀེན་(文国根)གྱིས་༼༼ཤེས་བྱ་ཀུན་ཁྱབ་༽༽ཀྱི་བཟོ་རིག་བྱུང་བའི་སྐོར་རྒྱ་ཡིག་ཏུ་བསྒྱུར་ཏེ།༼༼བོད་ལྗོངས་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་༽༽1985ལོའི་འདོན་ཐེངས་བཞི་པའི་ཐོག་སྤེལ་ཡོད།

གསུམ།  1987 ལོར་ཡུས་ནེ་ཁྲང་(于乃昌)དང་ལྦུན་གོ་ཀེན་(文国根)གྱིས་ ༼༼ ཆ་ཚད་ཀྱི་མདོ་ ཡི་མཛེས་དཔྱད་བསམ་བློ་དང་བོད་རིས་སྒྱུ་རྩལ་གྱི་ལག་ལེན་༽༽ ཞེས་པ་སྤེལ་ཏེ། སྨན་ལུགས་ཀྱི་བྱུང་འཕེལ་དང་ཁྱད་ཆོས་མདོར་བསྡུས་དང་། །སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་ཁོང་གི་བརྩམས་ཆོས་༼ཆ་ཚད་ཡིད་ནོར་༽བཅས་རགས་ཙམ་ངོ་སྤྲོད་བྱས་ཡོད།

བཞི། 1989 ལོར་ཅིང་ཀྲི་གོ་(金志国)ཡིས་༼སྒྱུ་རྩལ་གྱི་ཕ་ཡུལ་ལྷོ་བྲག་༽ ཅེས་པའི་རྩོམ་ཞིག་ ༼བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་༽1989ལོའི་འདོན་ཐེངས་དང་པོའི་ཐོག་སྤེལ་ཞིང་། །ལྷ་བྲག་རྫོང་གི་སྨན་ཐང་ཤང་ནི་བོད་རིས་ཀྱི་ཤིང་རྟའི་སྲོལ་འབྱེད་སྨན་ཐང་མ་ཡི་ཕ་ཡུལ་ཡིན་ཏེ། །ཉི་འགྲམ་གྱི་རི་སྟེང་དུ་དུས་ད་ལྟའང་ཁོང་གི་གདུང་རྟེན་མཇལ་རྒྱུ་འདུག་ གསུངས།  དེ་ནི་སྨྱུག་འཛིན་པའི་ལག་ཏུ་ཆུད་པའི་དཔྱད་གཞིའི་ཁྲོད་དུ་སྨན་བླ་དོན་གྲུབ་པའི་གདུང་རྟེན་ཡོད་ལུགས་འཁོད་པའི་རྩོམ་སྔ་ཤོས་དེ་ལགས། །ཕྲན་རང་༢༠༠༢ལོར་ལྷོ་བྲག་སྨན་ཐང་སོགས་སུ་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་སོགས་བརྟག་དཔྱད་བྱེད་པར་འགྲོ་སྐབས་ཀྱང་གདུང་རྟན་དེ་མཇལ་བྱུང་།

ལྔ།1991ལོར་ཁྲེན་ཀྲའོ་ཧྥུ་(陈兆复)ཡིས་བྲིས་པའི་༼ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་བོའི་མཛེས་རྩལ་༽ནང་སྨན་བྲིས་དང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་། །ཁོང་གིས་མཛད་པའི་༼ཆ་ཚད་ཡིད་ནོར་༽གྱི་དཀར་ཆག་བཅས་ངོ་སྤྲོད་མདོར་བསྡུས་བྱས་འདུག །དེ་དག་གི་ཁུངས་ནི་བྲག་གསབ་བློ་ལྡན་ཤེས་རབ་ཀྱིས་བྲིས་པའི་༼བོད་ཀྱི་ཆོས་ལུགས་རྒྱུ་རྩལ་༽༼དབྱིན་ཡིས་པར་མ་༽ཡིན་པ་བཤད།

དྲུག 1997ལོར་ལོ་བིན་ཧྥན་(罗秉芬)གྱིས་༼བོད་ཀྱི་ནང་བསྟན་བྲིས་འབུར་རྒྱུ་རྩལ་༽ནང་སྨན་བླ་དོན་གྲུབ་ཀྱི་༼ཆ་ཚད་ཡིད་ནོར་༽ལས་མཆོད་པར་བརྗོད་པ་དང་རྩོམ་པ་དམ་བཅའ་བ་ཕུད་བྱུང་གཞུང་ཡོངས་རྫོགས་རྒྱ་ཡིག་ལ་བསྒྱུར་ཡོད་། །དེ་ནི་སྨྱུག་འཛིན་པའི་མཐོང་ཐོས་ཀྱི་ཡུལ་ཏུ་གྱུར་བའི་༼ཆ་ཚད་ཡིད་ནོར་༽གྱི་རྒྱ་འགྱུར་ཐོག་མ་དེ་ལགས། །འོན་ཀྱང་ཐུགས་མཉམ་པར་མ་བཞག་པས་ལན་ནམ། །བསྒྱུར་ལོག་ཏུ་སོང་བ་ལྟ་བུ་འགའ་ཞིག་མཐོང་རྒྱུ་འདུག

བདུན་1997ལོར་ཨན་ཤུས་(安旭)ཀྱིས་གོས་སྨོས་ལོ་བིན་ཧྥེན་གྱི་བསྒྱུར་རྩོམ་ལ་བྲིས་པའི་གླེང་གཞིའི་ནང་༼ཆ་ཚད་ཡིད་ནོར་༽གྱི་མཇུག་བྱང་ཁུངས་སུ་འཛིན་ནས་སྨན་ཐང་པའི་ལོ་རྒྱུས་མདོར་བསྡུས་ཤིག་བཀོད་འདུག་རུང་ནང་འགལ་ཆེ།

བརྒྱད།  1998ལོར་ལི་ལིང་(李翎)གིས་རྩིམ་སྒྲིག་བྱས་པའི་《ནང་བསྟན་ལྷ་སྐུའི་ཆ་ཚད་དང་ཆོ་ག་》ཡི་ནང་དུ་གུང་མགོན་པོ་སྐྱབས་ཀྱི་《ཆ་ཚད་ཀྱི་མདོའི་གླིང་གཞི་》ལས་འཕགས་བོད་བཟོ་རིག་བྱུང་བ་མདོར་བསྟན་སྐོར་རྒྱ་ཡིག་གནའ་སྐད་དུ་བྲིས་ཡོད་པ་དེ་དེང་སྐད་དུ་ཕབ་ཅིང་། གུང་མགོན་པོ་སྐྱབས་ཀྱིས་ ‘ལྷ་སྐུའི་ཆ་ཚད་ཤིན་ཏུ་དག་པར་སྣང་’ཞེས་སྨན་མཁྱེན་བྱེའུ་བཅས་པའི་ལུགས་གསུམ་པོར་བསྟོད་པ་ཕུལ་བ་དེའང་འཁོད།

གཉིས་པ།  བོད་ཡིག་སྐོར།

དང་པོ། སྔོན་རབས་ཀྱི་དཔྱད་ཡིག་ཁག་དང་དེ་དག་གི་རྩོམ་པ་པོ།

གཅིག        པན་ཆེན་ཡེ་ཤེས་རྩེ་མོས་1433  —— 1494ལོར་མཛད་པའི་《རྗེ་ཐམས་ཅད་མཁྱེན་པ་དགེ་དུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲིང་བ་》བཀྲས་ལྷུན་པར་མ་མདའ་ཚད་མ་དང་དཔལ་ལྡན་འབྲས་སྤུངས་ཀྱི་པར་མ་མདའ་ཚད་མ་ཤོག་གྲངས་(26a ——  47b)ནང་སྨན་བླ་དོན་གྲུབ་དཔོན་སློབ་ཀྱིས་བཀྲས་ལྷུན་དགོན་དུ་ཐང་ག་དང་ལྡེབས་རིས་བཞེངས་པའི་ལོ་རྒྱུས་གསལ་བར་བཀོད་འདུག།

གཉིས།    སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་(571   ——   1626)གྱི་《སྟག་ལུང་ཆོས་འབྱུང་》བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་1992ལོའི་པར་གཞི་དང་པོ་ཡི་ཤོག་གྲངས་924ནང་“ཕྱིས་ལྷོ་བྲག་སྨན་ཐང་པ་དང་། མཁྱེན་བརྩེ་ཆེན་མོ་བྱ་བ་རི་མོའི་འདུ་བྱེད་རང་ངོས་ནས་བོད་ཡུལ་གྱི་བསྟན་འཛིན་ཆེན་པོ་དག་དང་བསྟན་པའི་སྦྱིན་བདག་དད་འབྱོར་ཅན་གྱི་འཕྲིན་ལས་སྒྲུབ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་རྗེས་མངོན་པར་སྤྲུལ་བའོ་ཞེས་བརྗོད་ཀྱང་མི་འགལ་བ་གཉིས་བྱུང་།   དེང་སང་དེ་གཉིས་ཀྱི་རྗེས་སུ་འབྲེང་བ་ཁོ་ན་མང་”ཞེ་འཁོད།  །

གསུམ།    ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་(1647  ——  1710)ཡིས་བརྩམས་པའི་《རྙིང་མའི་ཆོས་འབྱུང་》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་1992ལོའི་པར་གཞི་དང་པོའི་ཤོག་གྲངས་793ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་ཅུང་ཟད་རྒྱས་པ་བཀོད་པ་དེ་ནི་བརྡ་ཆད་ཐ་སྙད་ཚིག་འགྲོས་རྣམས་《གཡའ་སེལ་》དང་འདྲ་ཆེ་རུང་སྨན་བླ་དོན་གྲུབ་ཆུང་མ་དང་མ་མཐུན་པར་ཡུལ་གྱར་བ་དང་།   ཡར་འབྲོག་སྟག་ལུང་དུ་པིར་སྣོད་བྲིས་དཔེ་རྙེད་པ།   བྲིས་ལ་བློ་ཁ་ཕྱོགས་པ་སོགས་འཁོད་མི་འདུག   ཡིག་ཆ་དེ་གཉིས་གང་གི་མ་ཕྱི་གང་གིས་བྱས་པའི་ཐད་ཞུ་སྤོབས་བྲལ།

བཞི།     སྡེ་པ་སངས་རྒྱས་རྒྱ་མཚོའི་(1653 ——  1705)  《བེེདྰུ་རྱ་དཀར་པོ་ལས་དྲེས་ལན་འཁྲུལ་སྣང་གཡའ་སེལ་》ཞེས་པ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་2002ལོའི་པར་ཐེངས་དང་པོའི་ཤོག་གྲངས་458ནང་སྨན་ཐང་བའི་ལོ་རྒྱུས་རྒྱས་པར་བཀོད་འདུག   བསྟན་བཅོས་འདི་ནི་1688ལོར་དངོས་སུ་བརྩམས་གྲུབ་པ་ལོ་རྒྱུས་སུ་འཁོད་ལ་ཕྱིས་ཀྱི་དེ་འབྲེལ་གྱི་ལོ་རྒྱུས་སྨྲ་བ་རྣམས་ལ་ཤུགས་རྐྱེན་ཤིན་ཏུ་ཆེའོ།  །

ལྔ།  ཞུས་ཆེན་ཚུལ་ཁྲིམས་རིན་ཆེན(་1697—— 1774   གྱི《གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་རྟེན་དང་བརྟེན་པ་བཅས་པ་ཇི་ལྟར་སྐྲུན་པ་ལས་བརྩམས་པའི་གླེགས་བམ་བདུད་རྩིའི་རླབས་ཕྲིང་》ཞེས་པ་ཞིག་ཏེ་ལྦུད་ ཇེ་ཁེ་ཤུན་གྱི་《བོད་ཀྱི་རི་མོའི་ལོ་རྒྱུས་》རྒྱ་ཡིག་འགྱུར་མ་ཤོག་གྲངས་(385 —— 386)  ནང་འཁོད་ཅིང་།  དེའི་ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་སྐོར་བཀོད་པ་རྣམས་གཡའ་སེལ་མཁན་པོའི་རྗེས་སུ་འབྲངས་ཤིང་《ཆ་ཚད་ཡིད་ནོར》་གྱི་དཀར་ཆག་རྣམས་དག་པར་བཀོད་འདུག་ལ།  དེ་ནི་འབྲེལ་ཡོད་ཡིག་ཆ་ཁག་ལས་《ཆ་ཚད་ཡིད་ནོར》་གྱི་དཀར་ཆག་འཁོད་པའི་ཐོག་མའོ།  །

དྲུག་  དིའུ་དམར་བསྟན་འཛིན་ཕུན་ཚོགས་1725   ཀྱི་ 《ཀུན་གསལ་མཚོན་གྱི་ལས་རིམ་》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་1997ལོའི་པར་གཞི་དང་པོ་ལོ་བིན་ཧྥེན་(罗秉芬)གྱི་རྒྱ་ཡིག་འགྱུར་མ་ཤོག་གྲངས་95ནང་འཁོད་པ་དེར་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་སྐོར་གོང་སྨོས་བསྟན་བཅོས་དང་འདྲ་བར་སྤྱིར་《གཡའ་སེལ་》དང་མཐུན།  ཅུང་ཟད་མི་འདྲ་ནི《་ཆ་ཚད་ཡིད་ནོར་》སྐོར་ཤིན་ཏུ་བསྡུས།

བདུན།    སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་(1704 —— 1788)ཀྱི་《ཆོས་འབྱུང་དཔག་བསམ་ལྗོན་བཟང་》ཀན་སུའུ་ མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་པར་གཞི་དང་པོའི་ཤོག་གྲངས་267ནང་“དེ་དག་རྒྱུད་བོད་དུ་རྡོ་པ་བཀྲ་རྒྱལ་དང་ལྷོ་བྲག་སྨན་ཐང་བ་འཇམ་དབྱངས་པ་དོན་གྲུབ་དང་གོས་དམར་(གོང་དཀར་)སྒང་སྟོད་པ་མཁྱེན་བརྩེ་དང་ཡར་སྟོད་པ་ལྷ་བཟོ་བྱེའུ་སོགས་ལས་ཆོས་དབྱིངས་རྒྱ་མཚོའི་བར་བྱུང་ལ་”ཞེས་ཤིན་ཏུ་བསྡུས་པ་བཀོད།

བརྒྱད།    ཀློང་རྡོལ་བླ་མ་ངག་དབང་བློ་བཟང་1719 —— 1795   གི་《བཟོ་དང་གསོ་བ་སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་རྣམ་གྲངས་》སི་ཁྲོན་རྔ་པ་བོད་ཡིག་རྩོམ་སྒྱུར་ཅུས་ནས་བསྐྲུན་པའི་1985ལོའི་པར་གཞི་དང་པོ་ཤོག་གྲངས་13ནང་“སྐུ་གཟུགས་ཀྱི་ཆ་ཚད་སྟོན་པའི་བསྟན་བཅོས་དང་རི་མོ་ནི།  ལྷོ་བྲག་ཏུ་འཁྲུངས་པ་སྨན་བླ་དོན་གྲུབ་རྒྱ་མཚོ་སྨན་ཐང་ཡབ་སྲས་གཉིས་”ཞེས་འཁོད་ལ།   ཕྱིས་ཀྱི་མཁས་པ་འགས་སྨན་བླ་དོན་གྲུབ་ལ་མཚན་ཆ་ཚང་གི་ཚུལ་དུ་སྨན་བླ་དོན་གྲུབ་རྒྱ་མཚོ་ཞེས་བྲིས་པའི་ཁུངས་ནི་འདི་རང་ཡིན་ལ།  ཡིག་ཆ་གཞན་རྣམས་ལ་སྨན་བླ་དོན་གྲུབ་རང་དུ་འབོད་པ་ཁྱབ་ཆེ་བས་དཔྱད་གཞིར་སྣང་ངོ་།  །

དགུ།       གུ་རུ་བཀྲ་ཤིས་པ་(དུས་རབས་19)ཡི་《གུ་བཀྲའི་ཆོས་འབྱུང་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གི་1990ལོའི་པར་ཐེངས་དང་པོའི་ཤོག་གྲངས་1003ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་སྐོར་འཁོད་པ་ནི་《རྙིང་མའི་ཆོས་འབྱུང་》དང་《གཡའ་སེལ་》སོགས་དང་མཐུན།

བཅུ།   ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་(1813——  1899)ཡི་《ཤེས་བྱ་ཀུན་ཁྱབ་》མི་རིགས་དཔེ་སྐྲུན་ཁང་གི་1982ལོའི་པར་གཞི་དང་པའོ་ཤོག་གྲངས་576ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་ཐད་སྤྱིར་《རྙིང་མའི་ཆོས་འབྱུང་》ངམ་《གཡའ་སེལ་》སོགས་དང་མཐུན་པར་བྲིས་ཤིང་།  ཕྱིས་སུ་སྨན་ལུགས་ཆེན་མོར་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་སུ་གྱེས་ཚུལ་བཀོད་པ་ནི་ཕལ་ཆེར་སྔ་ཤོས་དེཐ་ཡིན་ཤས་ཆེ།

གཉིས་པ། དེང་རབས་བོད་རིགས་མཁས་པའི་ཞིབ་འཇུག

གཅིག་  1985 ལོར་ཐུབ་བསྟན་ཕུན་ཚོགས་ཀྱིས་《གངས་དཀར་རི་བོ་》ཞེས་པའི་དུས་དེབ་སྟེང་དུ་སྤེལ་བའི་《བོད་ཀྱི་རི་མོའི་ལོ་རྒྱུས་》ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་ཐད་《བཻ་དཀར་གཡའ་སེལ་》དང་《ཤེས་བྱ་ཀུན་ཁྱབ་》སོགས་སུ་འཁོད་པའི་ལོ་རྒྱུས་དང་《 བཀྲ་ཤིས་ལྷུན་པོའི་ལོ་རྒྱུས་》ཁུངས་སུ་བྱས་ནས་བཀྲས་ལྷུན་གཙུག་ལག་ཁང་དུ་སྨན་བླ་དོན་གྲུབ་དཔོན་སློབ་ཀྱིས་བཞེངས་པའི་ལྡེབས་རིས་ཁག་ངོ་སྤྲོད་བསྡུས་པ་རེ་བྱས་འདུག་ལ།  ཁམས་སྡེ་དགེ་ཁུལ་དུ་ཡོད་པའི་ཐང་རྒྱལ་ལྷ་ཁང་གི་ལོགས་བྲིས་རྣམས་ཀྱང་སྨན་བླ་དོན་གྲུབ་མཆོག་གི་ཕྱག་བྲིས་དངོས་ཡིན་ཞེས་མཁས་དབང་ཐང་བླ་ཚེ་དབང་མཆོག་གི་ཞལ་དངོས་ལས་ཐོས་ ཞེས་བཀོད་འདུག་པ་དེ་ནི་ཁམས་ཁུལ་དུ་སྨན་བླ་དོན་གྲུབ་ཀྱི་ལྡེབས་རིས་བཞེངས་པའི་སྐོར་མཁོད་པའི་དཔྱད་གཞི་གཅིག་པུ་དེ་རིད།  1996ལོར་རྩོམ་པ་པོ་དེ་རང་གི་ལྗགས་རྩོམ་སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་སྐྲུན་པའི་《བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་》《སྨད་ཆ 》འི་ནང་ལའང་དེ་དང་མཚུངས་པ་བཀོད་འདུག་གོ།

  གཉིས། 1987ལོར་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་གྱིས་《བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་》(བོད་ཡིག་མ་) འདོན་ཐེངས་ཐོག་མའི་སྟེང་དུ་སྤེལ་བའི་《བོད་ཀྱི་རི་མོའི་ཁྱད་ཆོས་རགས་ཙམ་གླེང་བ་》 བྱ་བའི་ནང་སྨན་བླ་དོན་གྲུབ་སྐོར་དང་ཁོང་གྱི་གསར་གཏོད་གནང་བའི་སྨན་ལུག་རི་མའི་ཁྱད་ཆོས་རྣམས་མདོར་བསྟན་མཛད་ཡོད་པ་དང་། 1995ལོའི་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》(བོད་ཡིག་མ།)འདོན་ཐེངས་དང་པོའི་ནང་《བོད་ཀྱི་མཛེས་རྩལ་ཀྱི་སྙིང་བཅུད་བྲིས་འབུར་གཉིས་ཀྱི་བྱུང་མདོ་ཙམ་གླེང་བ་》ཞེས་པའི་ནང་སྨན་བླ་དོན་གྲུབ་ཀྱི་སློབ་དཔོན་རྡོ་པ་བཀྲ་ཤིས་རྒྱལ་པོ་ནི་དུས་རབས་14ཡི་དུས་སྨད་དུ་གཙང་སྟོད་དུ་སྐུ་འཁྲུངས་ཤིང་། ཁོང་ནི་སྤྲུལ་སྐུ་སླེའུ་ཆུང་བའི་བྲིས་རྒྱུན་ལ་སློབ་སྦྱོང་མཛད་དེ་བྱེའུ་སྒང་ལུགས་ཀྱི་རྒྱུན་འཛིན་པ་གང་ཞིག་ཁོང་ལ་སློབ་མ་རང་ལས་མཁས་པ་སྨན་མཁྱེན་གཉིས་བྱུང་བའི་ལོ་རྒྱུས་དང་། སྨན་བླ་དོན་གྲུབ་འཁྲུངས་པ་དང་སློབ་གཉེར་ལ་དཀའ་བ་སྤྱད་དེ་སྨན་ལུགས་གསར་གཏོད་མཛད་པ་དང་《ཆ་ཚད་ཡིད་ནོར་》སྤེལ་བའི་ལོ་རྒྱུས་ཅུང་རྒྱས་ཙམ་བཀོད་འདུག་ལ།  ཁོང་གི་མེས་པོ་རྣམ་གསོ་རིས་ལ་མངའ་བརྙེས་སྟབས་སྨན་བླ་དོན་གྲུབ་ཀྱང་གསོ་རིས་མཁྱེན་པའི་རྣམ་དཔྱོད་དང་ལྡན་ལ།  འཁྲུངས་ལོ་1400ལོར་ཡིན་པ་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཁུངས་སུ་མཛད་དེ་གསུངས།  སྲས་སྨན་ཐང་འཇམ་དབྱངས་དང་དབོན་སྨན་ཐང་ཞི་བ་འོད་ཡིན་པ་གང་ཞིག་ཕྱིས་སུ་སྨན་ལུགས་ཀྱི་རྒྱུན་ལ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་སུ་འཕེལ་བར་བཤད།  1996ལོར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་ནས་བསྐྲུན་པའི་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་ལགས་ཀྱི་《བོད་ཀྱི་རི་མོའི་ཀློག་དེབ་ལག་ལེན་ཞུན་ཐེགས་》(རྒྱ་བོད་ཤན་སྦྱར་མ་ )དགེ་རྒན་ཆེན་མོ་བ་ངག་དབང་འཇིགས་མེད་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བའི་ནང་། སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་།  སྨན་ལུགས་གསར་གཏོད་ཀྱི་ལོ་རྒྱུས།  སྨན་ལུགས་རི་མོའི་ཁྱད་ཆོས།  དེ་བཞིན་མཁྱེན་བརྩེ་བ་དང་ཁོང་གི་སློབ་དཔོན་རྡོ་པ་བཀྲ་ཤེས་རྒྱལ་གྱི་སྐོར་ཅུང་ཟད་རྒྱས་པ་བཀོད་འདུག་ལ། ལྷག་དོན་དུ་དཔེ་དེབ་འདིའི་ནང་ཁོང་གིས་སྨན་བླ་དོན་གྲུབ་ཀྱི་བྲིས་འབུར་གྱི་རིགས་པའི་གཞུང་ལུགས་ཀྱི་བསྟན་བཅོས་གཞན་ཞིག་སྟེ་《བསྟན་བཅོས་ལེགས་བཤད་ནོར་བུའི་ཕྲེང་བ་》ཞེས་ན་ལས་ལུང་དྲངས་གནང་བ་མང་ཞིང་། 6སྨན་བླ་དོན་གྲུབ་པས་འདི་ལྟ་བུའི་བསྟན་བཅོས་མཛད་པའི་ལོ་རྒྱུས་སོགས་ནི་ད་བར་མཇལ་དུ་ཡོད་པའི་སྔོན་བྱོན་མཁད་པའི་དེབ་ཐེར་དང་འབྲེལ་ཡོད་རྣམ་ཐར་སོགས་དཔྱད་གཞི་ཡིག་ཆ་ཁག་ནང་ཡེ་ནས་འཁོད་མེད་ལ། སྨྱུག་འཛིན་པའི་མཐོང་ཐོས་ཡུལ་དུ་གྱུར་བའི་ཉེ་རབས་བགྲང་བྱ་བཅུ་གྲངས་ནང་རྒྱལ་ནང་དུ་དེའི་སྐོར་འཁོད་པའི་དཔྱད་གཞི་གཅིག་པུ་དེ་ལགས། 2003ལོར་དགེ་རྒན་ཆེན་མོ་བ་བསྟན་པ་རབ་བརྟན་ལགས་དང་དགེ་རྒན་ཆེན་མོ་བ་ངག་དབང་འཇིགས་མེད་ལགས་རྣམ་གཉིས་ཀྱིས་ལྷན་དུ་སྤེལ་བའི་《བོད་ཀྱི་རི་མོའི་ལོ་རྒྱུས་མདོར་བསྡུས་》(རྒྱ་ཡིག་པར་མ་)ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་སྨན་ལུགས་གསར་གཏོད་ཀྱི་མཛད་པ། དེ་བ་བཞིན་སྨན་ལུགས་རི་མོའི་འཕེལ་རྒྱས་དང་ཁྱད་ཆོས་། མཁྱེན་བརྩེ་བ་དང་སློབ་དཔོན་རྡོ་པ་བཀྲ་ཤིས་རྒྱལ་པོའི་སྐོར་སོགས་བཀོད་འདུག་ལ། 《ཆ་ཚད་ཡིག་ནོར་》སྤེལ་བའི་སྐོར་མདོར་བསྡུས་དང་ལྷག་པར་དུ་དེའི་དཀར་ཆག་ཀྱང་གསར་དུ་བཀོད་འདུག་རུང་། དེ་ཙམ་མི་དག་པའི་སྐྱོན་ལྡན་ནོ།།

      གསུམ།   1990ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བྲིས་འབུར་གཉིས་ལ་མངའ་བརྙེས་པའི་མཁད་པ་ཡི་ཤེས་ཤེས་རབ་ལགས་ཀྱི་《རིག་པ་བཟོའི་འབྱུང་བ་ཐིག་རིས་དཔེ་དང་བཅས་པ་ལི་ཁྲིའི་ཐིགས་པ་ཞེས་པ་ནི་རྒྱལ་ནང་དུ་》རིག་གནས་གསར་བརྗེ་ཡི་རྗེས་སུ་པར་སྐྲུན་བྱས་པའི་བོད་ཀྱི་སྲོལ་རྒྱུན་རི་མོའི་རིགས་པའི་གཞུང་ལུགས་དང་ལོ་རྒྱུས།  དེ་བཞིན་ལག་ལེན་དང་དཔེ་རིས་སྐོར་གྱི་བསྟན་བཅོས་ཐོག་མ་དེ་ཡིན། དེའི་ནང་སྨན་བླ་དོན་གྲུབ་ཀྱི་སློབ་དཔོན་རྡོ་པ་བཀྲ་ཤིས་རྒྱལ་པོ་ནི་ལྷོ་ཁ་རྡོ་ཁུལ་ནས་ཡིན་པ་གསུངས་ལ།  སྨན་ཐང་བའི་ལོ་རྒྱུས་ཐད་གཡའ་སེལ་མཁན་པོའི་རྗེས་སུ་འབྲངས་པ་དང་། ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱིས་དུས་རབས་བཅུ་དྲུག་གི་དུས་འགོར་ཕྱག་བཏབ་པའི་ཡངས་ཅན་དགོན་དུ་སྨན་ཐང་ཡབ་སྲས་དང་མཁྱེན་བརྩེ་བ་དང་ལྷན་དུ་ལྡེབས་རིས་བཞེངས་པའི་ལི་རྒྱུས་བཀོད་ལ། 《ཆ་ཚད་ཡིད་ནོར་》སྤེལ་བའི་ལོ་རྒྱུས་བསྡུས་པ་དང་འདི་ལས་བསྟན་པའི་སྨན་ཐང་བའི་ལུགས་ཀྱི་ཆ་ཚད་དང་ཕྱིས་སུ་རྒྱུགས་ཆེ་བའི་གཡའ་སེལ་མཁན་པོའི་ལུགས་སོགས་དཔེ་རིས་དང་བཅས་ཞིབ་བསྡུར་གནང་འདུག་ལ། བྲིས་འབུར་གང་ལའང་སྨན་ཐང་ལུགས་འཛིན་ན་སྐུ་རྟེན་རྣམས་གཟི་བརྗིད་དང་དཔའ་ཉམས་ཆེ་བ་སོགས་དགེ་མཚན་དུ་མ་ལྡན་ལུགས་དགེ་བའི་བཤེས་གཉེན་ཉིད་ཀྱི་ཞལ་ལས་དངོས་སུ་ཐོས། དེ་བས་ན་རྡོ་པ་བཀྲིས་རྒྱལ་པོ་ནི་བོད་རབ་བྱུང་བདུན་པའི་(1387—1447)ནང་ཙམ་དང་སྨན་བླ་དོན་གྲུབ་བམ་སྨན་ཐང་བ་ནི་དགེ་འདུན་གྲུབ་པའི་དུས་1449ནང་ཡིན་པ་དང་གོང་དཀར་མཁྱེན་བརྩེ་ཆེན་པོ་ནི་རབ་བྱུང་བརྒྱད་པའི་(1447—1507)ནང་འཁྲུངས་པ་སོགས་དུས་ཚིགས་རྣམས་ཀྱང་གསལ་བར་བསྟན་ནོ། །

    བཞི།  1993མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་བཀའ་ཆེན་བློ་བཟང་ཕུན་ཚོགས་ཀྱི་[ལྷ་སྐུའི་ཐིག་རྩ་ཀུན་གསལ་མེ་ལོང]ནང་ཆ་ཚད་བསྟན་བཅོས་ཁག་གཉིས་བཀོད་ཡོད་ལ།     གཅིག་ནི།     སྨན་བླ་དོན་གྲུབ་ཀྱི་སྤེལ་བའི་[ཆ་ཚད་ཡིད་ནོར་]དང་གཅིག་ཤོས་ནི་འཕྲེང་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོའི་ [ལྷ་སྐུའི་ཆ་ཚད་མདོ་རྒྱུད་གསལ་བའི་མེ་ལོང་]ཡིན་འདུག      སྨྱུག་འཛིན་པས་ཞིབ་སྡུར་བྱས་པ་བརྒྱུད་དེའི་ནང་གི་བཀོད་པའི་སྨན་བླ་དོན་གྲུབ་ཀྱི་ཆ་ཚད་བསྟན་བཅོས་ཀྱི་མ་དཔེ་1944ལོའི་ཞོལ་དཔར་མ་རང་རེད་འདུག་ལ།      དེ་མིན་སྨན་བླ་དོན་གྲུབ་ཀྱིས་བཀྲས་ལྷུན་གཙུག་ལག་ཁང་ཐོག་མར་བཞེངས་དུས།    འདུ་ཁང་ལྡེབས་ཆེན་གཉིས་ལ་རྒྱལ་བ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུས་སྐོར་བ་དང་།     མཉམ་མེད་ཐུབ་པ་ཆེན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ།  སྟོན་པ་སངས་རྒྱས་ཀྱི་མཛད་བཅུའི་ལྡེབས་བྲིས་སོགས་བཞེངས་པའི་སྐོར་བཀོད་ལ།     སྨན་ཐང་ཡབ་སྲས་ཀྱི་སྣང་བརྙན་སྐྱ་རིས་བྱོན་གཙང་ཅན་གཉིས་ཀྱང་བཀོད་འདུག་གོ།

   ལྔ།    1994ལོར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དཀོན་མཆོག་བསྟན་འཛིན་གྱི [  བཟོ་གནས་སྐྲ་རྩེའི་ཆུ་ཐིགས ]ནང་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་ཆ་ཚད་སྤེལ་བའི་སྐོར།      སྨན་ལུགས་རི་མོའི་ཁྱད་ཆོས།      སྨན་ལུགས་ཀྱི་འཕེལ་རྒྱས།     དེ་བཞིན་རྗེས་འབྲངས་པའི་ལོ་རྒྱུས་སོགས་ཅུང་རྒྱས་པར་བཀོད་ལ།     ཀརྨ་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས་1503ལོར་ཕྱག་བཏབ་པའི་ཡངས་ཅན་དགོན་དུ་སྨན་བླ་དོན་གྲུབ་ཡབ་སྲས་གཉིས་དང་མཁྱེན་བརྩེ་བ་ཆེན་མོས་ཐང་ཀ་དང་ལྡེབས་རིས་བཞེངས་པའི་ལོ་རྒྱུས་ཀྱང་བཀོད་ཡོད་པ་བཅས་སོ།།

འོན་ཀྱང་སྨན་ལུགས་ཀྱི་བྲིས་རྒྱུན་སྲོལ་གཏོད་མཁན་ནི་སྨན་མཁྱེན་གཉིས་ཀ་ཡིན་པ་དང།    ཁོང་གཉིས་འཚོ་གཞེས་ཀྱི་དུས་ཚོད་ནི་དུས་རབ་བཅུ་བཞིར་བཤད་པ། གཞན་ཡང  “ཆ་ཚད་ཡིད་བཞིན་ནོར་བུ་ཞེས་པའི་བོད་ཀྱི་གཟུགས་བཟོའི་གཞུང་ལུགས་ཀྱི་ཐོག་མ་དེ་བརྩམས་པ་ཡིན”  ཞེས་པ་སོགས་ནི་འབྲེལ་ཡོད་ལོ་རྒྱུས་ལྟར་ན་ཐལ་ཆེ་བར་སེམས་སོ། །

ལེའུ་གསུམ་པ།    ཕྱིའི་རྒྱལ་ཁབ་ཏུ་སྨན་བླ་དོན་གྲུབ་ལ་ཞིབ་འཇུག་བྱས་པའི་སྐོར།

གཅིག    1967ལོར་དབྱི་ཏྲ་ལིའི་མཁས་པ་G  དུ་ཐུར་ཆིས་ཡིས་{གངས་ལྗེོངས  }ཞེས་བྲིས་པ་དེའི་ནང་དུ”(བོད་ཡིག) བསྟན་བཅོས་མང་དག་ཅིག་ཏུ་སྨན་ཐང་བ་དང་ཁོང་གི་སྲས་ཀྱི་སྐོར་འཁོད་འདུག”   ཅེས་གསུངས་པ་དེ་ཕལ་ཆེར་ཕྱི་རྒྱལ་བས་སྨན་བླ་དོན་གྲུབ་ཀྱི་སྐོར་ཡིག་ལམ་དུ་མཀོད་པ་སྔ་ཤོས་དེ་ཡིན་ཚོད་འདུག

གཉིས       1970ལོར་E. Gསི་སྨིས་ཀྱིས་༼ཤེས་བྱ་ཀུན་ཁྱབ༽དབྱིན་འགྱུར་མའི་གླེང་གཞི་བྲིས་པར” སྨན་ལུགས་ནི་སྨན་བླ་དོན་གྲུབ་ཀྱིས་དུས་རབ་བཅོ་ལྔ་པའི་དུས་དཀྱིལ་གྱི་སྔོན་ཙམ་དུ་སྲོལ་གསར་དུ་གཏོད་ཅིང་།       ལུགས་དེར་ཡོན་རྒྱལ་རབས་དུས་ཀྱི་(ནང་སའི) དགོན་པའི་གོས་འཕན་གྱི་རི་མོའི་ལུགས་དང་ལྷག་ཏུ་ཉམས་མཚར་ཆེ་བའི་དར་འཐག་རི་མོའི་བྲིས་རྒྱུན་གྱིས་ཤུགས་རྐྱེད་གཟབ་མོ་ཐེབས་ཡོད། ཐོག་མ་གཙང་ཁུལ་དུ་དར” ཞེས་འཁོད་ཡོད།      ཏེ་ལྦུད་ཅེ་ཁེ་ཤུན་ལྟར་ན།      E G སི་སྨིས་ཡིས་སྨན་ལུགས་སྲོལ་གཏོད་ཀྱི་དུས་ཚིགས་སོགས་ནི་གདོང་ཐོག་རིན་པོ་ཆེའི་བཞེད་པ་ཁུངས་སུ་བྱས་ནས་བྲིས་པར་བཤད།

གསུམ།     1972ལོར་མཁར་རྨེའུ  . ཧི་སིག་གིས་   {རྒྱ་བོད་གནའ་བོའི་སྒྱུ་རྩལ་ }གྱི་འདྲེན་གཏམ་ནང་དུ་སྨན་བླ་དོན་གྲུབ་ལ་ནང་སའི་སྒྱུ་རྩལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་དང་།      ཐེབས་ཚུལ་ནི་”ཕལ་ཆེར་ཡོན་གོང་མས་བོད་ཀྱི་བླ་ཆེན་སོགས་ལ་བསྩལ་བའི་ཆོས་རྫས་ཁྲོད་ཀྱི་འཐག་རིས་དང་འཕར་ཕྱིངས་ཀྱི་རི་མོ་སོགས་ལས་བློ་བསྐྱེད་ཐོབ་སྙམས”  ཞེས་བཤད།       སྨན་ལུགས་སྲོལ་གཏོད་ཀྱི་དུས་མཚམས་ནི་གདོང་ཐོག་རིན་པོ་ཆེའི་བཞེད་པར་བརྟེན་ནས་1409ལོ་ཡིན་པ་བཤད།

བཞི།       1974ལོར་དེ་མོ་ངག་དབང་དགེ་ལེགས་ཀྱི་བཀའ་རྩོམ་ནང་”སྨན་བླ་དོན་གྲུབ་ཕྱིས་སུ་གཙང་ལ་ཕེབས་པར་བརྟེན་དེར་(སྨན་ལུགས) ལྷོ་བྲག་ཁུལ་ལས་དར་ཁྱབ་ཆེ་བ་བྱུང”ཞེས་བཤད།           ལྡན་ལུགས་སྐོར་ལ་”  ལུགས་དེ་ནི་ཁམས་ཀྱི་ལྡན་མ་ཁུལ་དང་འབྲེལ་བ་ཡོད་པའི་སྨན་ལུགས་སྔ་གྲས་ཤིག་ཡིནཔ་གསལ  “ཞེས་བྲིས་འདུག

ལྔ།     1977ལོར་བྲག་གཡབ་བློ་ལྡན་ཤེས་རབ་ཀྱིས་༼བོད་ཀྱི་ཆོས་ལུགས་སྒྱུ་རྩལ༽ནང་དུ་ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་དང་།    ཀློདང་རྡོལ་བླ་མ།     ཀོང་སྤྲུལ་ཡོནྟ་རྒྱ་མཚོ།   གསུམ་པ་མཁན་ཆེན་སོགས་ཀྱི་བཞེད་པ་གཞིར་བཟུང་ནས་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་སྨན་ལུགས་ཀྱི་བྱུང་བ་ངོ་སྤྲོད་མདོར་བསྡུས་བྱས་ཤིང།  སྨན་བླ་དོན་གྲུབ་པའི༼ཆ་ཚད་ཡིད་ནོར༽གྱི་དཀར་ཆག་ཀྱང་བཀོད་ཡོད།

དྲུག      1985ལོར་G. Cཧེང་ཏིང་ཏུན་གྱི་རྩོམ་ཡིག་ནང་སྨན་བླ་དོན་གྲུབ་ཀྱི་འཁྲུངས་འདས་ལོ་ཚིགས་ནི་1440ལོ་ནས་1510ལོ་བར་ཡིན་པར་བཤད།

བདུན།   1990ལོར་རས་ཆུང་འཇམ་དཔལ་ཀུན་བཟང་གི་རྩོམ་ཡིག་ནངསྨན་བླ་དོན་གྲུབ་ཀྱིས་མཇལ་བའི་སི་ཐང་ནི་ནང་སའི་རི་མོའི་བརྩམ་བྱ་ཡིན་སོགས་བྲིས།

བརྒྱད་   1996ལོར་ཏེ་ལྦུད་-ཇེ་ཁེ་ཤུན་གྱི་《བོད་ཀྱི་རི་མོའི་ལོ་རྒྱུས་》ནང་སྨན་བླ་དོན་གྲུབ་ཀྱི་འཁྲུངས་ལོ་ནི་དུས་རབས་བཅོ་ལྔའི་ལོ་རབས་ཉི་ཤུ་སུབ་ཅུ་ཡས་མས་སུ་ཡིན་པར་བཤད་ཅིང་།  སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་དང་།   རི་མོའི་བརྩམ་བྱ།  སྨན་ལུགས་གྲུབ་མཐའ་བྱུང་ཚུལ་དང་དེའི་ཁྱད་ཆོས།  དེ་བཞིན་འབྲེལ་ཡོད་དོན་རྐྱེན་དང་བུ་སློབ་སོགས་ཀྱི་སྐོར་ལ་དཔྱད་པ་ཞིབ་མོ་བཏང་ཞིང་།  གང་ལ་ཁུངས་སུ་བྱས་པའི་དཔྱད་གཞིའི་ཡིག་རིགས་ཀྱི་ལོ་དུས་དང་མཛད་པོ།  པར་ཁུངས་སོགས་ཤིན་ཏུ་རྒྱས་པར་བཀོད་འདུག་སྨན་བླ་དོན་གྲུབ་ཀྱི་རིག་གཞུང་བརྩམས་ཆོས་《ཆ་ཚད་ཡིད་ནོར་》གྱི་ལིའུ་བདུན་པའི་བསྡུས་དོན་ས་བཅད་དང་བཅས་པ་བཀོད་པ་དང་  མཇུག་བྱང་གཞིར་བཟུང་གཞུང་དེ་གང་དུ་བརྩམས་པའི་གནས་ཁག་གཉིས་དང་རྩོམ་པའི་སྐུལ་སློང་བཅས་པ་ངོ་སྤྲོད་བྱས་པ་ནི་ཆ་ཚད་ཀྱི་ཡིག་ཆ་དེ་མཇལ་མ་མྱོང་བའི་སྐྱེ་བོ་དག་ལ་ཕན་རླབས་ཆེ་བར་སེམས།  གཞན་ཡང་《བསྟན་བཅོས་ལེགས་བཤད་ནོར་བུའི་འཕྲེང་བ་》ཞེས་པ་སྨན་བླ་དོན་གྲུབ་ཀྱི་མཛད་པར་གྲགས་པའི་བཟོ་རིགས་བསྟབ་བཅོས་རིན་ཐང་ཅན་ཞིག་འབྲུག་ཡུལ་ནས་རྙེད་སོན་བྱུང་དུག་པ་དེའི་ནང་དོན་མཆོད་བརྗོད་དང་བཅས་ངོ་སྤྲོད་རྩལ་དོན་བྱས་འདུག་པ་ནི་སྨན་བླ་དོན་གྲུབ་ཞིབ་འཇུག་ལ་མཚོན་ན་ཐོད་བརྒལ་ཆེན་པོ་ཞིག་ཡིན་པར་འདོད།  འོན་ཀྱང་ཁོང་གིས་“བོད་ཀྱི་མཁས་པ་དག་གིས་བསྟན་བཅོས་འདིར་ཐུགས་འདྲིས་མེད་པར་སེམས་”ཞེས་གསུངས་པ་ནི་མ་བརྟགས་པའི་གཏམ་དུ་ཟད་ཕལ་ཆེར་སློབ་དཔོན་ཆེན་མོ་བསྟན་པ་རབ་བརྟན་གྱིས་མཛད་པའི་《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས་》ཞེས་པར་བསྟན་བཅོས་དེ་ཉིད་ལུང་འདྲེན་གནང་བ་དང་དཔྱད་གཞིའི་དཔེ་ཐོའི་གྲས་སུ་བཞག་ཡོད་པ་སོགས་ལ་ཐུགས་སྣང་མ་བྱུང་བ་འདྲ་《བོད་ཀྱི་རི་མོའི་ལོ་རྒྱུས་》ནང་སྨན་བླ་དོན་གྲུབ་དང་སྨན་ལུགས་གྲུབ་མཐའི་སྐོར་ཞིབ་འཇུག་གནང་བ་དེ་དག་ཁུངས་དག་ཅིང་ཞིབ་ཆ་ཆེ་བ་ལེགས་བཤད་མང་བ་སོགས་ཀྱི་ཡོན་ཏན་ལྡན་ལ། རྙེད་དཀའི་དཔྱད་གཞི་མང་དག་མཁོ་དོན་ངོ་སྤྲོད་བྱས་འདུག་པ་དེ་དག་ནི་སྨ་བླ་དོན་གྲུབ་ཞིབ་འཇུག་ཐད་བཞག་པའི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་ཞུ་འོས་སྙམ།

ས་བཅད་གཉིས་པ།   སྨབ་བླ་དོན་གྲུབ་ཀྱི་ལོ་རྒྱུས་སྐོར།

ལེའུ་དང་པོ་།     འཁྲུངས་ལོ་འཁྲུངས་ཡུལ་དང་སློབ་གཉེར་གནང་ཚུལ།

དེ་ཡང་སྤྱི་ལོའི་དུས་རབས་15པའི་ནང་བྱོན་པའི་པིར་ཐོགས་དབང་པོ་བོད་རིས་ཀྱི་གྲུབ་མཐའ་ཆེན་པོ་སྨན་ཐང་བའི་ཤིང་རྟའི་སྲོལ་འབྱེད་སྨན་བླ་དོན་གྲུབ་བམ་མཚན་གཞན་ལ་སྨན་བླ་དོན་གྲུབ་རྒྱ་མཚོ་དང་།   དཔོ་མོ་ཆེ་སྨན་ཐང་བ་།   སྨན་ཐང་ཆེན་མོ།  སྤྲུལ་སྐུ་སྨན་ཐང་པར་གྲགས་པའི་(དེང་གི་དུས་ན་ལྷོ་བྲག་སྨན་ཐང་དང་སྲས་མཁར་སོགས་ན་སྤྲུལ་སྐུ་སྨན་ཐང་པ་ཞེས་འབོད་པ་ཁོ་ན་ཁྱབ་ཆེ་)སྐྱེས་བུ་དེ་ནི་ལྷོ་བྲག་དོ་བ་རྫོང་གི་བྱང་ཤར་།   དེང་སང་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་སྨན་ཐང་ཤང་གྲོང་ཚོ་གསུམ་པའི་ས་ཁོངས་ཀྱི་བརྒང་བརྒྱུད་གྲོང་ཚོའི་མདའ།  སྨན་ཐང་གཙང་པོའི་ངོགས་སུ་གནས་པའི་སྨན་ཐང་ཁ་ཞེས་པར་སྐུ་འཁྲུངས་ཤིང།     དེ་དང་དུས་མཚུངས་སྨན་ཐང་གི་མཚལ་ཁའང་ཐོན་པར་གྲགས་།   ཁོང་གི་འཁྲུངས་ལོའི་ཐད་མཁས་པ་ཕལ་མོ་ཆེས་དུས་རབས་བཅོ་ལྔའི་དུས་སྟོད་དུ་བཞེད།   དེང་གི་ཆར་ཅུང་ཡོངས་གྲགས་ཡིན་པའི་བཞེད་པ་ནི་སྨ་ལྷ་དོན་གྲུབ་1400ལོར་སྐུ་འཁྲུངས་པ་དང་མཚལ་ཁའང་ཐོན་ཞེས་པ་ཡིན་ཞིང།  དེའི་ཁུངས་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཡི་ལོ་ཚིགས་རེའུ་མིག་དེ་ཡིན།  ཡང་དེའི་ཁུངས་ནི་ཏྲེ་ཧོར་གདོང་ཐོག་སྤྲུལ་སྐུའི་《གང་ཅན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔོན་བྱུང་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན་》བྱ་བ་ཡིན་པར་གསལ་།  ཞུས་མ་ཐག་པའི་སྨན་ཐང་བའི་འཁྲུངས་ལོའི་བཞེད་ལུགས་དེ་ཆ་ཚང་དྲངས་ན་དེ་ལྟ་སྟེ།  “རབ་བྱུང་བདུན་པའི་ལྕགས་འབྲུག་ལོ་(1400)ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་པའིལྷ་བྲིས་མཁས་པ་སྨན་བླ་དོན་གྲུབ་ཀྱིས་རྒྱ་བལ་གྱི་རི་མོ་གཞིར་ཞག་ཐོག་རིག་རྩལ་གྱི་ལེགས་ཆ་དུ་མས་བརྒྱན་ཏེ་རི་མོའི་བྲིས་རྒྱུན་གསར་པ་དུ་དར་བ་ལྷོ་བྲག་སྨན་བྲིས་ཞེས་པ་བྱུང་”ཞེས་སོ།  གལ་ཏེ་སྨན་ཐང་བའི་ལོ་རྒྱུས་ལ་ཅུང་ཟད་རྒྱུས་མངའ་མེད་ན་གོང་སྨོས་རབ་བྱུང་བདུན་པའི་ལྕགས་འབྲུག་ལོ་(1400)དེ་ཉིད་སྨན་བླ་དོན་གྲུབ་ཀྱི་འཁྲུངས་ལོ་ཡིན་ནམ་ཡང་ན་ལྷོ་བྲག་སྨན་བྲིས་བྱུང་བའི་དུས་གང་ཡིན་སྐོར་ལ་ཐེ་ཚོམ་སྐྱེ་དགོས་པ་ཞིག་བྲིས་འདུག   སྐུ་ཞབས་ཨན་ཤུས་(安旭)ཀྱིས་མཁྱེན་ལྡན་མ་ལོ་བིན་ཧྥེན་གྱི་འགྱུར་ཡིག་《བོད་ཀྱི་བྲིས་བུར་སྒྱུ་རྩལ་》གྱི་སྔོན་འགྲོའི་གཏམ་དུ་“སྨན་བླ་དོན་གྲུབ་ནི་དུས་རབས་བཅོ་ལྔའི་ནང་དུ་བྱོན་པ་ཡིན་”ཟེར་བྲིས་ནས་ཡང་གང་མཚམས་ཞིག་ན་“རབ་བྱུང་བདུན་པའི་ལྕགས་འབྲུག་ལོར་(1400)སྨན་ལུགས་གསར་གཏོད་མཛད་”ཅེས་བཀོད་འདུག་དེའི་རྗེས་འབྲངས་པ་སྐུ་ཞབས་ཧོང་ཁྲུན་ཧོ་(黄春和)ཡིས་《བོད་རྒྱུད་ནང་བསྟན་གྱི་ལྷ་སྐུའི་རྒྱུ་རྩལ་མྱོང་རོལ་》ཞེས་པར་སྨན་ལུགས་གསར་གཏོད་མཛད་པའི་དུས་ཚོད་ནི་1400ལོ་རང་ལ་ངོས་འཛིན་བྱས་པ་སོགས་ལྟར་ན།  གོང་གི་《བོད་རྒྱ་ཚིག་མཛོད་ཆེན་མོ་》འམ་གདོང་ཐོག་གི་བཞེད་པ་ལ་གོ་བ་མ་དག་པ་ལེན་པ་རང་དུ་སེམས།  གང་ལ་ཤེ་ན་སྨན་ལུགས་གསར་གཏོད་གནང་བའི་དུས་ཚོད་ཐད་གདོང་ཐོག་གི་བཞེད་པ་ནི་1409ལོར་ཡིན་པ་ཧེ་སིག་མཁར་རྨེའུ་(海瑟.噶尔美)ཡི་《གནའ་བའི་རྒྱ་བོད་སྒྱུ་རྩལ་》ཞེས་པར་གསལ། 20དེ་ལྟར་ན་གདོང་གི་བཞེད་པ་ཆ་ཚང་ནི། སྨན་བླ་དོན་གྲུབ་1400ལོར་འཁྲུངས་པ་དང་། 1409ལོར་སྨན་བླ་དོན་གྲུབ་ཀྱིས་སྨན་ལུགས་གསར་གཏོད་མཛད་ཅེས་ཡིན་དགོས་འདུག  གལ་ཏེ་1400ལོར་སྨན་བླ་དོན་གྲུབ་འཁྲུངས་པའི་དབང་དུ་བཏང་ན་། ལོ་དགུའི་ནང་དུ་སྨན་ཐང་པ་དང་པོ་འཁྲུངས་པ། དེ་ནས་ཁབ་བཞེས་པ། དེ་ནས་མ་འཆམ་ཏེེ་གྱེས་པ། དེ་ནས་ཡུལ་གྱར་བ་དང་བྲིས་དཔེ་རྙེད་པ། དེ་ནས་བྲིས་ལ་ཁ་ཕྱོགས་པ། བཤེས་གཉེན་བསྟེན་པ། མཐར་ལོ་དགུའི་ཐོག་སྨན་ལུགས་གྲུབ་མཐའ་གསར་ཏུ་གཏོད་པ་སོགས་ཚང་མ་གྲུབ་དགོས་པར་གྱུར་བས། མི་སྲིད་པར་སེམས་སོ།། དེ་མིན་1491ནས་1493བར་པཎ་ཆེན་ཤཀྱཱ་མཆོག་ལྡན་གྱིས་གདན་ཞུས་པ་ལྟར་ཐུབ་བསྟན་གསེར་མདོག་ཅན་དགོན་པར་ཐང་ག་དང་ལྡེབས་བྲིས་བཞེངས་པའི་ལོ་རྒྱུས་དང་། དེ་བཞིན་1506ལ་ཞྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱི་གདན་ཞུས་ལྟར་ཡངས་ཅན་དགོན་གྱི་ཐང་ག་ལྡེབས་རིས་སོགས་བཞེངས་པའི་ལོ་རྒྱུས་། དེར་མ་ཟད་ཁོང་གི་སློབ་དཔོན་གཅིག་པའི་སློབ་གྲོགས་མཁྱེན་བརྩེ་བ་ནི་རབ་བྱུང་བརྒྱད་པའི་ནང་(1447_1507)འཁྲུངས་པའི་ལོ་1400ལོར་བཞེད་པ་ནི་སྔ་སྐྱོན་ཡོད་པར་འདོད། ཡང་མཁས་པ་ཁ་ཅིག་གིས་སྨན་བླ་དོན་གྲུབ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་དང་དུས་འཚུངས་ཡིན་པར་གསུངས་པ་ནི་སྤྱིའི་ཆ་ནས་མི་འགྲིག་པ་མེད་རུང་། ཅུང་ཟད་ཞིབ་ཆ་བྱེད་དགོས་པ་ཞིག་ལ་དགེ་འདུན་གྲུབ་པ་དུས་རབས་བཅུ་བཞིའི་དུས་འཇུག་ཏུ་འཁྲུངས་པ་དང་སྨན་བླ་དོན་གྲུབ་དུས་རབས་བཅོ་ལྔའི་དུས་སྟོད་དུ་འཁྲུངས་པས། དགེ་འདུན་གྲུབ་པ་ནི་སྨན་བླ་དོན་གྲུབ་ལས་བགྲེས་པ་ཡིན་པ་ཡིན་པ་གསལ་ལོ།། ཡང་ཕྱི་རྒྱལ་གྱི་མཁས་པ་་G.G.ཧིང་ཐིང་ཏུན་གྱིས་སྨན་བླ་དོན་གྲུབ་ཀྱི་འཁྲུངས་འདས་ “1440ནས་1510”བར་ཞེས་བཀོད་འདུག སྤྱིའི་ཆ་ནས་དཔྱད་གཞིའི་ཡིག་ཆ་ཁག་ལས་གསུངས་པའི་ལོ་རྒྱུས་དང་མཐུན་རུང་། འཁྲུངས་ལོའི་ཐད་1448ལོར་ཕྱག་བཏབ་པའི་ཐང་རྒྱལ་ལྷ་ཁང་དང་1449ལོར་ཕྱག་བཏབ་པའི་གཙང་རོང་འབྲས་ཡུལ་སྐྱེད་ཚད་དགོན། དེ་བཞིན་1447ལོར་ཕྱག་བཏབ་པའི་བཀྲིས་ལྷུན་དགོན་སོགས་ལ་ཐང་ག་ལྡེབས་རིས་བཞེངས་པའི་ལོ་རྒྱུས་དང་བསྡུར་ཚེ་ཕྱིའི་དྲགས་པ་དངོན་གསལ་དོད། དེས་ན་ཕྱི་རྒྱལ་གྱི་མཁས་པ་ཏེ་ཝུད་.ཇེ་ཁེ་ཤུན་གྱིས་《བོད་ཀྱི་རི་མོའི་ལོ་རྒྱུས》ལས་། སྨན་བླ་དོན་གྲུབ་ནི་དུས་རབས་བཅོ་ལྔའི་ལོ་རབས་ཉི་ཤུ་ནས་སུམ་བཅུའི་བར་དེར་སྐུ་འཁྲུངས་པར་བཞེད་ལ། བཞེད་པ་འདི་ནི་དཔྱད་གཞིའི་ཡིག་ཆ་ཁག་ལས་གསུངས་པའི་སྨན་ཐང་བའི་ལོ་རྒྱུས་དང་འབྱོར་ལ། གོང་དུ་ཞུས་པའི་བཞེད་པ་དེ་དག་གི་སྐྱོན་དང་བྲལ་བས་འཐད་ལྡན་དུ་སྣང་། དེའི་ཕྱིར་སྨན་ཐང་བ་དུས་རབས་བཅོ་ལྔའི་ལོ་རབས་ཉི་ཤུ་ནས་སུམ་ཅུ་བར་དེར་ལྷོ་བྲག་སྨན་ཐང་ཁ་རུ་སྐུ་འཁྲུངས་ཤིང་། ཡབ་མེས་རྣམས་ཀྱི་སྐུ་དྲིན་ལས་འབྲི་ཀློག་སོགས་ལ་མཁྱེན་པ་རྒྱས་ཤིང་། ལྷག་དོན་དུ་གསོ་རིག་ཀྱང་ཅུང་ཟད་མཁྱེན་པའི་རྣམ་དཔྱོད་ལྡན་ལ། གསོ་རིག་སྐོར་གྱི་བསྟན་བཅོས་ཀྱང་བརྩམས་གནང་ཡོད་པར་གྲགས་རུང་དཔྱད་གཞིར་སྣང་། ནར་སོན་པ་དང་རང་གི་ཆུང་མ་དང་མ་མཐུན་པས་ཡུལ་གྱར་ནས་ལྷོ་བྲག་སྨན་ཐང་གི་ནུབ་བྱང་གི་གནའ་དེང་འགྲིམ་འགྲུལ་གྱི་ལྟེ་གནས་ཡར་འབྲོག་སྟག་ལུང་ཕྱོགས་ལ་སླེབས། ཡར་འབྲོག་སྟག་ལུང་ནས་པིར་སྣོད་དང་བྲིས་དཔེ་ཞིག་རྙེད་པས་བྲིས་ལ་བློ་ཁ་ཕྱོགས། དོན་དེའི་དབང་གིས་གཙང་མྱང་ཡུལ་བརྒྱུད་ས་སྐྱ་སོགས་ལ་བྲིས་ཤེས་ཨེ་ཡོད་ལ་ཕྱིན་མཐར་རྡོ་པ་བཀྲས་རྒྱལ་(རྡོ་པ་བཀྲ་ཤིས་རྒྱལ་པོ)དང་མཇལ། དགེ་བའི་གཤེས་གཉེན་དམ་པ་འདིའི་དྲུང་དུ་རི་མོ་གསན་གཞེས་ཀྱི་ཚུལ་མཛད། ལོ་ཤས་དཀའ་སྤྱོད་སྡུག་རུས་ཀྱིས་འབད་པ་དང་དགེ་བའི་གཤེས་གཉེན་དམ་པས་བུམ་པ་དང་གང་བྱོའི་ཚུལ་གྱིས་སློབ་སྟོན་གནང་བའི་སྐུ་དྲིན་ལས་བློ་གྲོས་ཀྱི་པད་མ་ཅིག་ཅར་དུ་བཞད་དེ་རི་མོའི་གནས་ལ་གསན་སྦྱངས་དཔྱིས་ཕྱིན་པའི་མཁས་པར་གྱུར་ལ། སློབ་མ་རང་ལས་མཁས་པ་སྨན་ཐང་པ་ཞེས་གྲགས་པའི་བ་དན་སྲིད་རྩེའི་བར་དུ་གཡོ།

 ལེའུ་གཉིས་པ། སྨན་ལུགས་གསར་གཏོད་དང་ཆ་ཚད་ཀྱི་ཡིག་ཆ་སྤེལ་བ་རྟེན་བཞེངས་མཛད་པ་སོགས་ཀྱི་སྐོར།

      དེ་རྗེས་རང་གི་སྐྱེས་པ་སྔ་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་སི་ཐང་རྒྱ་མཛད་ཆེན་པོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་བསྟན་པའི་རྒྱ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོ་འདི་ཐུགས་ལ་ཁྲ་ལམ་གྱིས་ཤར་ཏེ་སྨན་ལུགས་གསར་གཏོད་མཛད་ཅེས《གཡའ་སེལ》སོགས་ལོ་རྒྱུས་དེབ་ཐར་ཁག་ལས་གསལ།སྐྱེ་བ་སྔ་ཕྱི་འཁྲུལ་མེད་དུ་ཁས་ལེན་པ་སོགས་ནི་ཆོས་ལུགས་ཀྱི་ལྟ་བ་ཁོ་ནར་ངེས་པས། དངོས་གཙོ་དང་ཚན་རིག་གི་ལྟ་བས་གཞལ་ནས་ཁས་ལེན་དུ་མེད་མོད། འགའ་རེས་དེར་བསམས་ནས་སྨན་བླ་དོན་གྲུབ་གྱི་ཕ་མེས་ནི་ནང་ས་ནས་ཡིན་པར་སྨྲ་བ་ནི་ལོ་རྒྱུས་དེབ་ཐེར་ཁག་དང་སྨན་ཐང་ཡུལ་མིའི་ཤོད་རྒྱུན་རྣམས་དང་མི་མཐུན་པས་ཁས་ལེན་བྱ་ཐབས་བྲལ་སྙམ།

     དོན་དངོས་ཐོག་ལྷོ་བྲག་སྨན་ཐང་པ་སྨན་བླ་དོན་གྲུབ་ནི་རྒྱ་གར་བལ་པོའི་རི་མོ་དང་དེ་རྣམས་ཀྱིས་ཤུགས་རྐྱེན་ཅུང་ཟད་ཆེ་བའི་བྱེའུ་སྒང་ལུགས་སོགས་སྐབས་དེའི་སྲོལ་རྒྱུན་རི་མོ་ལ་མངའ་བརྙེས་པ་པ་མ་ཟད།

ལྷག་པར་དུ་དུས་དེའི་རྒྱ་ནག་གི་རི་མོ་རི་མོ་ལའང་གསན་སྦྱངས་མཐར་ཕྱིན་པར་མཛད་པ་དང་། དེ་དག་གི་ལེགས་ཆ་རྣམས་བཏུས་ཏེ་སྨན་ཐང་ཆེན་པོའི་ལུགས་ཞེས་པ་གསར་གཏོད་མཛད་པའི་ལོ་རྒྱུས་དག་ཐུབ་བསྟན་པའི་མཁས་པ་ཚོས་སྲོལ་རྒྱུན་ལོ་རྒྱུས་བྲིས་ཐབས་ལ་བསྟེན་ནས་བཀོད་ཡོད་པ་དེ་ལགས། དེ་ཡང་སྨན་ལུགས་ཤིང་རྟའི་སྲོལ་འབྱེད་ཁོང་རང་གི་གསུངས་ལས“རྒྱ་གར་ནག་བོད་བལ་བོ་ལ་སོགས་རི་མོའི་ལུགས་གང་དང་གང་འདྲི(འབྲི)བར་འདོད་པ་ལ་དེ་དང་དེའི་གནས་ལུགས་མ་ལུས་ཁུང་དུ་ཆུད་ཅིང”ཞེས་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་དང་འབེ་ལོ་ཚེ་དབང་ཀུན་ཁྱབ་རྣམ་གཉིས་ཀྱིས་ཀྱང་“ཕག་མོ་རྩེ་གནས་རྙིང་གི་སི་ཐང་སྨན་ཐང་པས་བཤུས་པའི་སྟོན་པའི་མཛད་ཐང་རི་མོ་བཀོད་པ་ཁྱད་མཚར་”ཞེས་པ་དང་། པཎ་ཆེན་ཡེ་ཤེས་རྩེ་མོས་“དེ་ནས་ཤིང་ཕོ་སྤྲེའུ་ལོ་ལ་(1464)གཙུག་ལག་ཁང་གི་རྒྱ་མཛད་ཆེན་མོའི་རི་མོ་མཛད་དགོས་པ་རྣམས་ཀྱང་དཔོན་མོ་ཆེ་སྨན་ཐང་པས་ལེགས་པར་མཛད་པ་ཡིན་ནོ”ཞེས་པ་སོགས་ལས་ཤེས་ཐུབ། སི་ཐང་རྒྱ་མཛད་ཆེན་མོ་ཞེས་པའི་ཐང་ཀ་འདིའང་རྒྱ་བྲིས་ཐང་ཀ་ཡིན་པ་གང་ཞིག སྨན་ལུགས་རི་མོར་རྒྱ་བྲིས་ཀྱིས་ཤུགས་རྐྱེན་ཆེ་བ་སོགས་ནི་གནའ་དེང་མཁས་པ་རྣམས་ཀྱི་བཞེད་པ་གཅིག་མཐུན་རང་ལགས། “སི་ཐང”ཞེས་པའི་ཐ་སྙད་དེའི་སྐོར་«བཟོ་གནས་སྐྲ་རྩེའི་ཆུ་ཐིགས»ལས་“ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་མོ་གསུམ་བཞེངས་ཚུལ་བཤད་པ་ལ། དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་ཀྱང་འབྲི་སྣང་མོད། སྒྲ་འགྱུར་ལ་སི་ཐང་དང་། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དུ་དཔྱད་དོ།།”ཞེས་དང་། «རྒྱ་བོད་བོད་རྒྱའི་མཛེས་རྩལ་ཚིག་མཛོད»ནང་“སི་ཐང་ཞེས་པ་ནི་རྒྱ་སྲོལ་རི་མོ་འབྲི་སའི་གྲུའུ་ཙི་སྲབ་པོ་ཞིག་ཡོད་ཅིང་། བོད་དུའང་དེང་སང་དེས་རས་གཞི་བཟོས་ནས་བྲིས་པའི་ཐང་ཀ་ལ་སི་ཐང་ཞེས་ཟེར་”ཞེས་དང་། «གཡའ་སེལ»ལས་“འབུར་སྐུའི་ཐོག་མ་ཡང་། ། བཅོམ་ལྡན་ལྷ་ཡུལ་གཤེགས་ཤུལ་ལྷ་ཡུལ་གྱི། ། རྒྱལ་བོ་འཁོར་བཅས་ཕྱག་དང་མཆོད་ཡུལ་དུ། ། ཙན་དན་ལས་བྱས་མཚར་སྡུག་དངོས་འདྲ་བ། ། ན་བཟའ་སུལ་ཅན་མཐོང(མཐང)གོས་ཟུང་གིས་མཛེས། ། གཙུག་ཏོར་མདུན་དུ་མེ་ཤེལ་འོད་འབར་བས། ། ཉི་མ་བརྒྱ་ཡི་སྣང་བ་འགོག་ནུས་ཤིང་། ། དྲྭ་བས་འབྲེལ་བ་ཕྱག་ཞབས་འཁོར་ལོས་མཆན(མཚན)། ། འགྲོ་བའི་དོན་ལ་བཞེངས་པའི་སྟབས་སུ་བཞུགས། ། སྐལ་བཟང་འཛམ་གླིང་སྐྱེས་དགུ་ཐུབ་དབང་དྲན། ། མོའུ་འགལ་བུ་ལ་རྫུ་འཕྲུལ་འཕྲོད་པ་ཡིན། ། རྒྱལ་བ་སྤྱན་འདྲེན་བསྐུལ་ཞིང་དེས་གསོལ་བས། ། དགྱེས་ཤིང་རིན་ཆེན་ཐེམ་སྐས་ལས་བབས་ཚེ། ། གསལ་ལྡན་གནས་སུ་སྐུ་དེས་གོམ་དྲུག་བསུས། ། ཤར་ཕྱོགས་རྒྱ་ནག་ཆེན་པོའི་ཡུལ་དགེ་ཕྱིར་བཞུད་(བཞུད)ཅེས་དེ་བཞིན་གཤེགས་པའི་སོར་རྩེས་བསྐུལ། །ངང་པའི་རྒྱལ་པོ་བཞིན་དུ་མཁའ་ལ་གཤེགས། ། ཞེས་གསུངས་པ་ལྟར་ཙན་དན་ཇོ་བོར་གྲགས་པ་དེང་སང་རྒྱ་ནག་ན་བཞུགས་པ་དངོས་ལས་བཤུས་པའི་སི་ཐང་བྱུང་བ་སོགས་བྲིས་འབུར་གྱི་རྣམ་གཞག “ཅེས་བཤད་པ་སོགས་སྣང་། མདོར་ན་རི་མོ་བྲི་ཡུལ་གྱི་རས་གཞི་སི་སྐུད་ལས་གྲུབ་པའི་དར་རམ་གྲུའུ་ཙི་ཡིན་པས་རྒྱ་སྐད་སྒྲ་འགྱུར་དང་བོད་སྐད་མཉམ་འབྲེལ་ངང་སི་ཐང་ཞེས་བརྗོད་ལ། དར་གྲུའུ་ཙིའི་སྟེང་དུ་རི་མོ་བྲིས་པའི་སྲོལ་ནི་རྒྱ་ནག་ཏུ་དར་བ་ཤིན་ཏུ་སྔ་ལ།   ཕྱིས་སུ་ཤོག་བུ་གསར་གཏོད་མཛད་ཀྱང་དར་སིའི་སྟེང་དུ་ཁོ་ནར་བྲིས་པ་མང་ལ།    དེའི་རྒྱུ་མཚན་ནི་བཅད་རྒྱག་བདེ་ལ་མདངས་དང་ཁྲ་དཀྲུག་བདེ་བར་མ་ཟད།   ཡུན་རིང་ཉར་ཚགས་ཐུབ་པ་སོགས་དགེ་མཚན་དུ་མ་ལྡན་པས་ལྷ་སྐུ་སོགས་ཕལ་མོ་ཆེ་དར་གྱི་སྟེང་དུ་བྲིས་པ་ཡིན་ནོ། །

     དེ་བཞིན་ “རྒྱུད་སྡེ་གཉིས་དང་བསྟུན་ནས་ཡིག་ཆ་མཛད་ཅིང་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོས་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ་” ཅེས་ 《གཡའ་སེལ》དུ་འཁོོད། མ་མཐར་ཡང་དུས་རབས་བཅོ་ལྔའི་ནང་བརྩམས་གནང་མཛད་པའི་བྲིས་འབུར་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་དེའི་མཚན་བྱང་ཆ་ཚང་ལ་《བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ》ཞེས་དང་།  གཞུང་ཚད་ཁྱོན་ལེའུ་བདུན་ཡོད་དེ།  དེ་ཉིད་ལས་ “དོན་ཚན་རྣམ་པ་བདུན་གྱིས་རྟོགས་པར་བྱ་སྟེ། མཚན་དང་དཔེ་བྱད་རྒྱས་པར་བཤད་པ།  ཚད་ཀྱི་གཞུང་དུ་གྲགས་པ་རྣམས་དང་རང་བཟོས་བསླད་པ་རྣམས་ལེགས་པར་བརྟགས་ཏེ་མི་འཐད་པའི་ཕྱོགས་དགག་པ།  ཚད་དང་མི་ལྡན་པའི་སྐུ་གཟུགས་ཀྱི་ཉེས་སྐྱོན་བརྗོད་པ། མདོ་རྒྱུད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་ལུང་དྲངས་ཏེ་ཚད་ལྡན་གྱི་ལུགས་འགོད་པ། ཚད་དང་ལྡན་པའི་སྐུ་གཟུགས་ཀྱི་ཕན་ཡོན་བརྗོད་པ།  དེ་ལྟ་བུ་སྐུ་གཟུགས་བཞེངས་པའི་ལྷ་བཟོ་དང་སྦྱིན་བདག་གི་ཕན་ཡོན་བརྗོད་པ།  དེ་དག་ལས་ལག་ཏུ་བླངས་བའི་རིམ་པ་རྣམས་རྒྱས་པར་བཤད་པའོ།།”ཞེས་སོ།།  བསྟན་བཅོས་དེ་དག་བརྩམས་གནང་དགོས་བའི་དགོས་པའང་སྨན་ལུགས་ཤིང་རྟའི་སྲོལ་འབྱེད་ཆེན་མོ་སྨན་བླ་དོན་གྲུབ་ཀྱིས་ཉིད་ཀྱི་དབུས་ཀྱི་སློབ་མ་མཐའ་དག་གིས་བསྐུལ་བའི་ཚེ་གཙང་མྱང་སྟོད་ཀྱི་ས་ཆར་ཆེད་དུ་བྱས་པ་ལས་གཙང་རོང་འབྲས་ཡུལ་རྫོང་དཀར་དུ་ལེགས་པར་བྲིས་པའོ་ཞེས་གསུངས་སོ། །  གཞན་ཡང་ཉེ་ཆར་འབྲུག་ཡུལ་ནས་སྨན་བླ་དོན་གྲུབ་ཀྱིས་མཛད་པར་གྲགས་པའི་བྲིས་འབུར་རིགས་གཞུང་གི་བསྟན་བཅོས་བྲིས་མ་ལེའུ་བཅུ་གསུམ་ཅན་མཚན་བྱང་དུ་《བསྟན་བཅོས་ལེགས་བཤད་ནོར་བུའི་འཕྲེང་བ》ཞེས་པ་རྙེད་པ་སྐུ་ཞབས་ཇེ་ཁེ་ཤུན་གྱིས་༼བོད་ཀྱི་རི་མོའི་ལོ་རྒྱུས་༽ སུ་གསུངས་།   ད་བར་གཞུང་ཆ་ཚང་མཇལ་སྐལ་བྲལ་སྟབས་བདེན་རྫུན་གང་ཡིན་སོགས་ཞུ་སྤོབས་བྲལ་།   དེ་ནས་ཡང་༼གཡའ་སེལ་༽ ལས་”པན་ཆེན་དགེ་འདུན་གྲུབ་པ་ལ་མནལ་མལ་དུ་རྗེ་བཙུན་སྒྲོལ་མས་སང་འཇམ་དབྱངས་ཀྱི་སྤུལ་པ་ཞིག་འོང་བ་ཡོད་ཅེས་ལུང་བསྟན་པ་སྨན་བླ་དོན་གྲུབ་པ་དང་མཇལ་བས་འཇམ་དབྱངས་ཀྱི་སྤྲུལ་པར་ངོས་ཟིན་པ་”ཞེས་དང།   དེ་རྗེས་ཀྱིས་༼གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མང་རྟེན་དང་བརྟེན་པ་བཅས་པ་ཇི་ལྟར་བསྐྲུན་པ་ལས་བརྩམས་པའི་གླེགས་བམ་བདུད་རྩིའི་རླབས་ཕྲེང་༽ ལས་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་བཤད་སྐབས་“འདེ་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ཡིན་པ་གདོན་མི་ཟ་བར་གྲགས་ཤིང།   ཞེས་དང་།   ད་དུང་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་༼ཀུན་གསལ་ཚོན་གྱི་ལས་རིམ་༽ ཞེས་པ་དང་། བླ་མ་གུ་རུ་བཀྲ་ཤིས་ཀྱིས་མཛད་པའི་༼གུ་བཀྲའི་ཆོས་འབྱུང་༽།   དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་༼ཤེས་བྱ་ཀུན་ཁྱབ་༽ སོགས་དེབ་ཐེར་ལོ་རྒྱུས་ཁག་ནང་དེ་མཐུན་པར་བཀོད་འདུག“ལྷ་སྐྲུང་”གི་ཕྱི་གོས་བཤུས་པའི་དམར་རྗེན་གྱི་དོན་དངོས་ནི་།   དུས་རབས་བཅོ་ལྔའི་དུས་དཀྱིལ་ཙམ་དུ་པིར་ཐོགས་མཁས་དབང་སྨན་བླ་དོན་གྲུབ་དང་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་(1391-1474)རྣམ་གཉིས་མཇལ་འཕྲད་དང་ངོ་ཤེས་འབྲེལ་འདྲིས་བྱུང་བ་དང་།   རྗེས་གཟིགས་པ་ཆེན་པོ་གནང་བའི་ལོ་རྒྱུས་དངོས་དེ་བཤད་ཡོད་།   དུས་ནི་དགེ་འདུན་གྲུབ་པས་བཀྲས་ལྷུན་དགོན་ཐོག་མར་ཕྱག་བཏབ་པའི་རབ་བྱུང་བརྒྱད་པའི་མེ་ཡོས་ལོ་སྟེ་1447ལོ་ཡས་མས་ལ་ཡིན་དགོས།   རྒྱུན་མཚན་འདིའི་དབང་གིས་མཁས་པ་ཚོས་སྨན་བླ་དོན་གྲུབ་པ་འཚོ་གཞེས་ཀྱི་དུས་ནི་“དགེ་འདུན་གྲུབ་པ་དང་དུས་མཉམ་”ཡིན་པར་གསུངས་ཏེ་དུས་ཚིགས་རགས་པ་ཞིག་གཏན་དུ་ཁེལ་བ་དང་།  སྨན་བླ་དོན་གྲུབ་དུས་རབས་བཅོ་ལྔའི་དུས་འགོ་ཙམ་དུ་འཁྲུངས་པའི་གལ་ཆེའི་སྒྲུབ་བྱེད་ཅིག་ཀྱང་ཡིན།   ཕྱོགས་གཞན་ཞིག་ནས་བཤད་ན་སྨན་ཐང་ཁུལ་གྱི་ཡུལ་མི་དང་དད་ལྡན་ཚོས་ད་བར་སྤྲུལ་སྐུ་སྨན་ཐང་པ་ཞེས་པའི་འབོད་སྲོལ་ཡང་དེ་ནས་བྱུང་།   སྤྱིར་ན་ད་བར་བདག་གི་མཐོང་ཐོས་ཀྱིས་ཡུལ་དུ་གྱུར་བའི་སྨན་བླ་དོན་གྲུབ་སྐོར་གྱི་ལོ་རྒྱུས་འཁོད་པའི་ཡིག་ཚང་སྔ་ཤོས་ནི་པཎ་ཆེན་ཡེ་ཤེས་རྩེ་མོས་1494ལོར་བཀྲས་ལྷུན་དགོན་དུ་བྲིས་པའི་༼རྗེ་ཐབས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་ཐར་ངོ་མཙར་རྨད་བྱུང་ནོར་བུའི་ཕྲེང་བ་༽ ཞེས་པ་དེ་ཡིན་།   དཔྱད་གཞིའི་ཡིག་ཆ་དེ་ཉིད་ནི་ཁུངས་ཤིན་ཏུ་བཙན་པར་སེམས།  གང་ལགས་ཤེ་ན།   པཎ་ཆེན་ཡེ་ཤེས་རྩེ་མོ་ནི་1433ལོར་སྐུ་འཁྲུངས་པ་དང་།    རབ་ཏུ་བྱུང་རྗེས་གཙང་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་སྔ་ཕྱི་བར་གསུམ་དུ་རྗེ་དགེ་འདུན་གྲུབ་པ་དང་དྲི་མེད་བཤེས་གཉེན་གྱི་ཞབས་ལ་གཏུགས་ནས་ཟབ་ཆོས་མང་དུ་གསན་པ་དང་། 1486ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་པ་བཞི་པའང་མཛད།   སྨན་བླ་དོན་གྲུབ་དང་ལོ་རྒན་གཞོན་ཙམ་མ་གཏོགས་དུས་མཉམ་ཡིན་པ་མ་ཟད།   སྨན་བླ་དོན་གྲུབ་སྐོར་རྒྱུས་མངའ་ངེས་ཅན་ཡོད་ཚོད་འདུག   རྒྱུ་མཚན་དེའི་ཕྱིར་དཔོན་མོ་ཆེ་སྨན་ཐང་བས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་རྟེན་བཞེངས་ཀྱི་ལོ་རྒྱུས་བཀོད་པ་ལ་ཐེ་ཚོམ་བྱེད་པ་སོགས་ནི་ངལ་བ་དོན་མེད་དུ་ཟད་དོ་སྙམ་མོ་།   །མ་གཞི་རྣམ་ཐར་དེ་འི་ནང་དགེ་འདུན་གྲུབ་པ་དང་པིར་ཐོགས་རྒྱལ་པོ་སྨན་བླ་དོན་གྲུབ་གཉིས་ཇི་ལྟར་ངོ་ཤེས་འབྲེལ་འདྲིས་སུ་གྱུར་བའི་སྐོར་བཀོད་མེད།    འོན་ཀྱང་ལོ་བསྟུན་མར་བཀྲ་ཤིས་ལྷུན་པོར་རྟེན་བཞེངས་དུ་གདན་འདྲེན་ཞུ་བའི་དོན་གངོས་ལས་ཁོང་རྣམ་པ་གཉིས་ཀྱི་བར་ཆེས་དམ་ཟབ་ཀྱི་འབྲེལ་བ་ཞིག་ཡོད་པ་ནི་སྨོས་མེད་ལགས།  དེ་ཡང་དགེ་ལུགས་ཀྱི་གདན་ས་ཆེན་པོ་བཞིའི་ཡ་གྱལ་ཆོད་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ནི་མཉམ་མེད་ཙོང་ཁ་པ་ཆེན་པོས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་ལོ་སོ་དགུ།   ཏཱ་མིང་རྒྱལ་རབས་དྲུག་པ་ཊང་ཐུང་ཁྲི་ལོ་བཅུ་གཉིས་པ།   ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དཔལ་བཟང་པོ་བགྲང་བྱ་ང་བདུན་དུ་ཕེབས་པ།    རབ་བྱུང་ཞེས་པ་མེ་ཡོས་ལོའི་(1447)སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོར་དངོས་སུ་ཕྱག་བཏབ་བོ།   ། དེས་ན་སྨན་བླ་དོན་གྲུབ་ཀྱིས་དུས་རབས་བཅོ་ལྔ་པའི་དུས་སྨད་དུ་བཀྲས་ལྷུན་དགོན་གྱིས་གཙོས་དགོན་སྡེ་ཁག་ལ་སྔ་རྗེས་སུ་རྟེན་བཞེངས་པའི་ལོ་རྒྱུས་ནི་1448ལོར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཁམས་སྡེ་དགེ་རུ་ཐང་རྒྱལ་ལྷ་ཁང་ཕྱག་བཏབ་པ་དང་།   ནང་གི་ལྡེབས་རིས་རྣམས་སྨན་བླ་དོན་གྲུབ་ཀྱི་ཕྱག་རིས་དངོས་ཡིན་ཞེས་མཁས་དབང་ཐང་བླ་ཚེ་དབང་གིས་གསུངས་པར་གྲགས།   ཡང་1449ལོར་ས་སྐྱ་བ་རབ་འབྱམས་སངས་རྒྱས་འཕེལ་གྱིས་གཙང་རོལ་འབྲས་ཡུལ་རྫོང་དཀར་དུ་འབྲས་ཡུལ་སྐྱེད་ཚལ་དགོན་ཕྱག་བཏབ་པ་དང་སྨན་བླ་དོན་གྲུབ་གདན་དྲངས་ནས་ལྡེབས་རིས་བཀོད་པའི་ཤོད་རྒྱུན་འདུག་ལ་ཆ་ཚད་བསྟན་བཅོས༼ཡིད་བཞིན་ནོར་བུ་༽ཡུལ་དེ་རང་དུ་སླེལ་བ་གཞུང་དེའི་པར་བྱང་དུ་གསལ་བ་ལྟར་ལགས།   1458ལོར་པིར་ཐོགས་རྒྱལ་པོ་དཔོན་མོ་ཆེ་སྨན་ཐང་བ་དཔོན་སློབ་ཀྱིས་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གི་ལྡེབས་ཆེན་གཉིས་ལ་རྒྱལ་བ་རྡོ་རྗེ་འཆང་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ་དང་།   ཐུབ་པ་ཆེན་པོ་ལ་འཕགས་པ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ཞིང་ཁམས་གཉིས་ཀྱིས་རི་མོ་རྫོགས་པ་དང་།    མཛད་བཅུའི་ཞིང་བཀོད་ཆེན་མོའི་སྐྱ་རིས་རྣམས་མཛད་ཅིང་།   ཁྱད་པར་རྒྱལ་བ་རྡོ་རྗེ་འཆང་ཆོས་འཆད་དུ་མཛད་པ་ཡང་རྟེན་འབྲེལ་ཁྱད་པར་ཅན་གྱི་ཕྱིར་མཛད་པ་དང་།  དེ་ནས་1464ལོར་བཀྲས་ལྷུན་དགོན་གྱི་གཙུག་ལག་ཁང་གི་རྒྱ་མཛད་ཆེན་མོའི་རི་མོ་མཛད་དགོས་རྣམས་ཀྱང་དཔོན་མོ་ཆེ་སྨན་ཐང་པས་ལེགས་པར་མཛད་པ་ཡོན་ནོ།།

ཡང་1468ལོར་དགེ་འདུན་གྲུབ་པས་བཀྲས་ལྷུན་དགོན་དུ་ལྷག་པའི་ལྷས་རྒྱུད་བྱིན་གྱིས་བརླབས་པ་པིར་ཐོགས་རྣམས་ཀྱི་རྒྱལ་པོ་སྨན་བླ་དོན་གྲུབ་པ་དཔོན་སློབ་སྤྱན་དྲངས་ཏེ་ཐུབ་པའི་གོས་སྐུ་ཆེན་མོའི་བཟོའི་རྩོམ་པ་མཛད།  དེ་ཙམ་གྱིས་གོས་རྣམས་ཀྱང་སྔར་བྱུང་བ་དང་དེ་ནས་རྒྱུན་མ་པར་འབུལ་མི་བྱུང་བ་ལ་བརྟེན་ནས་རིང་པོར་མ་ཐོགས་པར་ཟླ་བ་གསུམ་ལ་དཀྱུས་སུ་འདོམ་བཅོ་བརྒྱད་དང་ཞེང་དུ་འདོམ་པ་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་སྣང་བརྙན་མཚར་ཞིང་བྱིན་རླབས་དང་ལྡན་པ་ཡོངས་སུ་རྫོགས་པར་གྲུབ་ཏེ། གོས་སྐུ་འདིའི་ཐུགས་ཀ་ན་རྗེ་དགེ་འདུན་གྲུབ་པ་རང་ཉིད་ཀྱིས་མཛད་པའི་བསྟན་པ་རྒྱས་པའི་སྨོན་ལམ་གྱི་ཚིག་མང་པོ་བྲིས་ནས་བཞུགས་ལ།  དེའི་རབ་ཏུ་གནས་པ་ཡང་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་གྲུབ་ཅིང་།  ཁྱད་པར་འདིའི་སྐྱ་རིས་དགོན་པའི་མདུན་གྱི་ནེའུ་ཐང་དུ་བཏབ་པའི་ཚེ་སྐུ་ཇི་ཙམ་འོང་བལྟ་བའི་ཕྱིར་མདུན་གྱི་དར་རྒྱས་པའི་སྤེ་དཀར་ཆེན་པོ་འདིའི་ལོགས་ལ་འགྲེམས་པར་མཛད་ཅིང་།     དཔོན་མོ་ཆེས་ཕྱག་གི་ལྷུང་བཟེད་ཡན་ཆད་རྫོགས་པ་འོང་ཞེས་དང་།    གཞན་དག་གིས་སྐུ་ཚད་ཐམས་ཅད་རྫོགས་པ་འོང་ཞུས་ཏེ་བཀྲམ་པས་ཞལ་གྱི་དཀྱིལ་འཁོར་རྫོགས་པ་ཙམ་ཞིག་བྱུང་བ་ལ་དཔོན་སློབ་ཐམས་ཅད་བཞད་གད་ཐེག་པ་ཅིག་བྱུང་ཞིང་། དེའི་ཚེ་རྗེ་དགེ་འདུན་གྲུབ་ཀྱི་ཞལ་ནས།     རྟེན་འབྲེལ་ལེགས། དེ་རིང་ནམ་མཁའ་ཤིན་ཏུ་དྭངས་ལ་སྤྲིན་རིན་པོ་ཆེ་ཆ་དགུ་པའི་རྣམ་པ་མང་པོ་དང་།       ཉི་མ་ལ་འཇའི་གུར་ཕུབ་པ་སོགས་ཀྱང་འདུག་གསུངས་ཤིང་།     ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་བྱུང་ངོ་།།    དེ་ལྟར་ན་གོས་སྐུ་འདིའི་རྒྱུ་ལ་གོས་ཡུག་འགུ་བཅུ་གོ་ལྔ།   གོང་ལ་རྟེན་ཁེབས་ཉི་ཤུ་རྩ་ལྔ།   བླ་བྲེ་གཉིས།     གཡས་གཡོན་གྱི་མཐའ་ལ་དར་ཡུག་ལྔ།  དར་ཆགས་ལ་དར་ཡུག་གཅིག་དང་དར་ཁ་ལྔ།    སྐུད་པ་ལ་གོས་དར་འདྲེས་པ་ཁ་བཞི་བཅུ་ཞེ་དགུ་དང་སེ་ཐེའུ་འདོམ་པ་དོ།     སྨད་ཀྱི་མཐའ་ལ་དར་ཡུག་སྔོན་པོ་གཅིག་རྣམས་སོང་ངོ་།།

དེ་ལྟར་གྲུབ་པའི་ལྷག་གོས་ཡུག་བཅུ་ལྷག་ཙམ་ལ་རྗེ་བཙུན་མའི་གོས་སྐུ་གཅིག་བཞེངས་གསུངས། དེའི་ཕྱི་ལོ་སྟེ་1469ལོར་རྗེ་བཙུན་མའི་གོས་སྐུ་ཞིག་བཞེངས་པའི་འབུལ་སྡུད་ཀྱང་མཛད་པས་གོས་ཡུག་སོགས་ཆ་རྐྱེན་གྱི་དངོས་པོ་སྟོབས་ཆེ་བ་བྱུང་།

གོས་སྐུའི་བཟོ་རྣམས་བརྩམས།   དེ་ནས་རྗེ་བཙུན་མའི་གོས་སྐུ་ཆུར་འདོམ་བརྒྱད་དང་།        ཞེང་དུ་འདོམ་དྲུག་གི་ཚད་དང་ལྡན་པ།       རྒྱུ་བཟང་ཞིང་བྱིན་རླབས་ཀྱི་གཟི་འོས་འཕྲོ་བ་དང་བཅས་པ་ཡོངས་སུ་རྫོགས་པ་མྱུར་དུ་གྲུབ་སྟེ།

རབ་ཏུ་གནས་པ་ཡང་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་ལེགས་པར་གྲུབ་དང་།    ལོ་དེ་རང་ལ་རྒྱལ་ཆེན་ལྷ་ཁང་གི་ཕྱོགས་ཀྱི་ཆ་རྣམས་ལ་ཕྱོགས་སྐྱོང་བཅོ་ལྔ་དང་།   གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཀྱི་སྐུའི་རི་མོ་དཔོན་མོ་ཆེ་སྨན་ཐང་པས་ལེགས་པར་མཛད་དོ།  །

དེ་ནས་ཡང་1484ལོར་ཞྭ་དམར་སྐུ་ཕྲེང་བཞི་པ་1453 —1524ལྷོ་འབྲུག་ནས་སྲས་མཁར་དུ་ཕེབས་སྐབས་སྲས་མཁར་དགུ་ཐོག་ལ་ཞབས་ཏོག་ངན་པར་གཟིགས་ཏེ་གཟིམ་ཆུང་དུ་སྐྱེས་མཆོག་འཁོར་བཅས་དང་།   སྔགས་སྐུ་རྣམས་སྨན་ཐང་ཁུ་དབོན་གདན་དྲངས་ནས་འབྲིར་བཅུག་ཚུལ་ཞྭ་དམར་བའི་རྣམ་ཐར་དང་དགོན་པའི་དཀར་ཆག་བཅས་ལས་གསལ། ད་བར་ལྷོ་བྲག་སྨན་ཐང་དང་སྲས་མཁར་ཁུལ་གྱི་དམངས་ཁྲོད་དུའང་བཤད་རྒྱུན་དེ་དར་ཁྱབ་ཆེའོ།།   1491ལོར་སྤྲུལ་སྐུ་སྨན་ཐང་པ་ཡབ་སྲས་མཆེད་བཅས་པཎ་ཆེན་ཤཱཀྱ་མཆོག་ལྡན་1428–1507 གྱིས་གདན་དྲངས་ཏེ་གདན་ལ་གསེར་མདོག་ཅན་ལ་ཐུབ་པ་ཆེན་པོར་གནས་གདན་བཅུ་དྲུག་གིས་བསྐོར་བའི་ཞལ་ཐང་མཛད་པ་དང་།   སྐྱ་རིས་བཏབ་པའི་ཉིན་མོ་མེ་ཏོག་གི་ཆར་པ་བབས་པའི་ལོ་རྒྱུས་འདུག་ལ།   1492ལོར་མུ་མཐུད་གསེར་མདོག་ཅན་གྱི་གཙུག་ལག་ཁང་འདུ་ཁང་སོགས་ཀྱི་ལྡེབས་རིས་ལ་ལྟུང་བཤགས་ཀྱི་ལྷ་སོ་ལྔ་དང་།  སྨན་བླ་བདེ་གཤེགས་བཅས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་འབའ་ཞིག་བྲིས་ཞེས་པཎ་ཆེན་ཤཱཀྱ་མཆོག་ནས་བཀའ་གནང་བ་ལས།   ཕྱིས་ཇི་ལྟར་འབྱུང་ཡང་མ་ངེས་སོ་ཞེས་གསུངས་ནས་བླ་སྐུ་གང་ཡང་འབྲི་རྒྱུ་ཁས་མ་ལེན་པའི་སྐོར་དང་།   1493ལོར་རྟེན་བཞེངས་ཡོངས་སུ་གྲུབ་པའི་སྐོར་སོགས་ཀྱི་ལོ་རྒྱུས་ས་སྐྱའི་བླ་མ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་རྣམ་ཐར་དུ་གསལ་ལོ།། དེ་རྗེས་ཤྭ་དམར་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱིས་1505ལོའོ་ལོ་འཇུག་ཏུ་གཙུག་ལག་ཁང་སྤེན་པད་ཀྱི་བར་ཡོངས་སུ་གྲུབ་སྟེ་རི་མོ་ཤིང་རྩི་སོགས་ཀྱི་དབུ་བཙུགས།  1506ལོར་རིམ་བཞིན་ལྷ་ཁང་ཚང་མར་རྟེན་ཁྱད་འཕགས་བཞེངས་མཛད་ཅིང་དགོན་སྟེང་འོག་ཀུན་དུ་སྨན་ཐང་པ་སྨན་ལྷ་དོན་གྲུབ་ཡབ་སྲས་གཙོས་ལྷ་རིས་མཁས་པ་གདན་དྲངས་སྟེ་རི་མོའི་བཀོད་པ་ངོ་མཚར་བྲིས་གཅུག་པ་དང་།   སློབ་དཔོན་གཅིག་མཚུངས་ཀྱི་སློབ་གྲོགས་མཁྱེན་ལུགས་ཤིང་རྟའི་སྲོལ་འབྱེད་གོང་དཀར་སྒང་སྟོད་ཐོད་དཀར་བའི་མཁྱེན་བརྩེ་ཆེན་པོའང་ཡངས་པ་ཅན་དགོན་དུ་གདན་དྲངས་ཞུས་བརྒྱུད་སྨན་ཐང་ཡབ་སྲས་དང་ལྷན་དུ་གཙུག་ལག་ཁང་སྟེང་འོག་ལ་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་ཁྱད་པར་ཅན་རྣམས་བྱིས་པའི་ལོ་རྒྱུས་ཀྱང་མཆིས།   དེར་མ་ཟད་ཡངས་པ་ཅན་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ལྷན་ཅིག་ཏུ་ལེགས་པར་གྲུབ་རྗེས་དགོན་པའི་ཤོད་ཀྱི་ནེའུ་ཐང་ཡངས་པོར་གོས་སྐུའི་ཚད་དང་ལྡན་པའི་རས་གཞི་བཀྲམས་པའི་སྟེང་དུ་སྨན་ལྷ་དོན་གྲུབ་ཀྱི་སྲས་སྨན་ཐང་འཇམ་དབྱངས་པས་ཟ་འོག་གི་ལྷམ་གོན་པ་དང་སོལ་པིར་ཡུ་རིང་ཅན་བཟུང་ནས་ཐུབ་ཆེན་གྱི་སྐུ་བྲིས་ཏེ་ཚོན་ཡིག་བཏབ།   དེ་ལ་གཞིར་བཟུང་སྟེ་གོས་ཅན་ཁ་མདོག་སོ་སོ་བྲེག་ནས་བསྒྲིགས་པས་སྤོ་ལེན་སོགས་གང་ཡང་མ་དགོས་པར་ཐེངས་གཅིག་ལ་ལེགས་པར་གྲུབ་པའི་ལོ་རྒྱུས་ངོ་མཚར་ལྡན་ནོ།  །

དུས་མཚུངས་ཞྭ་དམར་ཆོས་གྲགས་ཡེ་ཤེས་ཀྱིས་ལྷ་སར་ཐུབ་བསྟན་ཆོས་འཁོར་ཏེ་ཀརྨ་དགོན་གསར་ཕྱག་བཏབ་པས།     སྨན་ཐང་ཡབ་སྲས་ཀྱིས་ལྡེབས་རིས་བཞེངས་རིམ་ནང་ཞུགས་ཡོད་ཤས་ཆེ།   དེ་མིན་ལྷོ་བྲག་སྨན་ཐང་ཁུལ་དུ་སྨན་བླ་དོན་གྲུབ་ཀྱིས་བསམ་ཡས་གཙུག་ཁང་གི་བར་ཁྱམས་ཤར་ལྷོའི་མཚམས་ཀྱི་བསམ་ཡས་བྱ་དེ་དཀར་པོའི་ལྡེབས་རིས་བཞེངས་པའི་ངག་རྒྱུན་ངོ་མཚར་ཅན་ཡོད་ལ།    སྨན་ཐང་ཁུལ་དུ་དགོན་ཆུང་འགར་ཐང་ཀ་ལྡེབས་རིས་སོགས་བཞེངས་པའི་ལོ་རྒྱུས་མཆིས་རུང་།  ལོ་བཅུའི་ཟང་ཟིང་སོགས་ལོ་རྒྱུས་འཕེལ་འགྲིབ་དབང་གིས་འབྱུང་བཞིའི་ཞལ་ཟས་སུ་གྱུར་བ་མང་།

 

 ལེའུ། གསུམ་པ། འདས་དུས་འདས་ཡུལ་དང་གདུང་རྟེན་སོགས་ཀྱི་སྐོར། 

སྨན་བླ་དོན་གྲུབ་ཀྱིས་ཡངས་པ་ཅན་དགོན་གྱི་ལྡེབས་རིས་བཞེངས་པའི་ཁུངས་བཙན་ལོ་རྒྱུས་དེ་ནི།   ཁོང་གི་རྟེན་བཞེངས་ལོ་རྒྱུས་ཁོ་བོས་མཇལ་བ་དང་ཐོས་པའི་ནང་ཕྱི་ཤོས་ཀྱི་གྲས་ཡིན་པ་གང་ཞིག   སྲས་སྨན་ཐང་པ་འཇམ་དབྱངས་ཀྱི་བྲིས་ཀྱི་ལག་རྩལ་ཤིན་ཏུ་བྱང་ཆུབ་པར་གཞིགས་ན་ཁོང་ཡང་ནར་སོན་པ་མཚོན་ལ།   ཡབ་སྨན་བླ་དོན་གྲུབ་ནི་ལོ་ཟླའི་ཁུར་གྱིས་ལྕི་བ་གོར་མ་ཆག   དེས་ན་དུས་རབས་བཅུ་དྲུག་གི་དུས་འགོ་ཙམ་དུ་དག་པ་མཁའ་སྤྱོད་ཀྱི་ཞེང་དུ་གཤེགས་པར་སེམས་སོ།  །     ཁོང་སྐུ་མྱ་ངན་ལས་འདས་ཡུལ་ཐད་སྨན་ཐང་ཡུལ་མིའི་ངག་རྒྱུན་ལྟར་ན།   བྲིས་ལ་སློབ་གཉེར་དང་རྟེན་བཞེངས་ཀྱིས་མཛད་པ་ཕལ་མོ་ཆེ་གཙང་དང་དབུས་ཀྱི་ཡུལ་གཞན་དུ་མཛད་པ་མང་རུང་།    མཐར་མྱ་ངན་ལས་འདས་སའི་ཡུལ་ནི་ཕ་ཡུལ་སྨན་ཐང་རང་དུ་ཡིན་ལ།   སྔོན་སྨན་ཐང་སྒང་བརྒྱུད་གྲོང་ཚོའི་རྩ་བྲང་གོང་ཞེས་པའི་མི་ཚང་ཆེན་མོའི་བར་ཐོག་ཏུ་སྨན་ཐང་བ་སྨན་བླ་དོན་གྲུབ་ཀྱི་གདུང་རྟེན་བཞུགས་སུ་གསོལ་བས་གྲགས།   དེར་ཡུལ་མིས་ཕྱག་དང་སྐོར་བ་གསོག་པའི་སྲོལ་ཡང་མཆིས་ཟེར།   ལོ་བཅུའི་དུས་ཟིང་སྐབས་གདུང་རྟེན་གཏོར་བ་དང་སྐུ་དམར་གདུང་ས་ལ་འདྲུད་པའི་ལོ་རྒྱུས་བྱུང་ལ།   སྐབས་དེ་དུས་རྩ་བྲང་འོག་གི་རྒན་མོ་པད་མ་ཆོས་སྒྲོན་མ་སྨད་གཉིས་ཀྱིས་སྐུ་གདུང་ས་སྟེང་དུ་བསྐྱུར་བ་དེ་རྣམས་མཚན་མོ་ལྐོག་ཏུ་བསྒྲུགས་ཏེ་བདག་གཉེར་སྲུང་སྐྱོབ་ལོ་མང་མཛད་པའི་ལོ་རྒྱུས་མཆིས།  ཏང་གི་ཆོས་དད་རང་མོས་ཀྱི་སྲེད་ཇུས་དོན་འཁྱོལ་བྱུང་རྗེས་ཡུལ་མི་ཚོས་རང་འགུལ་ངང་སྨན་ཐང་སྤྲུལ་སྐུ་སྨན་བླ་དོན་གྲུབ་ཀྱི་གདུང་རྟེན་དང་གདུང་རྟེན་ལྷ་ཁང་རྣམས་གསར་དུ་བཞེངས།     ལྷོ་བྲག་མཐོང་བྲག་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་དགེ་ལེགས་གདན་དྲངས་ཏེ།    ཆོས་ལུགས་ཀྱི་ཆོ་ག་ལས་རིམ་རྣམས་ལེགས་པར་བསྒྲུབས་ནས་ད་གཟོད་སྤྲུལ་སྐུ་སྨན་ཐང་པའི་གདུང་རྟེན་ལྷ་ཁང་ཞེས་པ་དད་ལྡན་ཡུལ་མི་རྣམས་ཀྱི་ཕྱག་མཆོད་འབུལ་དང་མ་ཎི་སྐོར་བ་སོགས་བསགས་ནས་ཁྱད་འཕགས་ཀྱི་སྒྱུ་རྩལ་མཁས་ཅན།  རི་མོའི་གཞུང་ལུགས་མཁས་ཅན།   སློབ་གསོ་མཁས་ཅན་སྨན་ཐང་སྤྲུལ་སྐུ་སྨན་བླ་དོན་གྲུབ་མཆོག་ལ་དྲན་གསོ་ཞུ་ཡུལ་གྱི་གནས་བྱིན་ཅན་འདི་བྱུང་ངོ་།  །

2003ལོའི་ཟླ་9པར་ཕྲན་ལྷོ་བྲག་སྨན་ཐང་དུ་སྨན་བླ་དོན་གྲུབ་ཀྱི་ལོ་རྒྱུས་སྐོར་ཡུལ་དངོས་ལ་བརྟག་དཔྱད་དུ་ཕྱིན་པས།  གདུང་རྟེན་ལྷ་ཁང་དང་གདུང་རྟེན་རྣམས་མཇལ་ཞིང་།    འབྲེལ་ཡོད་ལོ་རྒྱུས་རྣམས་ཀྱང་སྨན་ཐང་སྒང་བརྒྱུད་ཀྱི་རྩ་བྲང་འོག་མའི་རྒན་མོ་པད་མ་ཆོས་སྒྲོན་ནང་ཚང་གཙོས་པའི་བགྲེས་སོང་རྣམས་ཀྱིས་ངག་ལས་ཐོས་ལ།   གདུང་རྟེན་ལྷ་ཁང་ནང་དེང་གི་སྨན་ཐང་ཁུལ་གྱི་ལྷ་བྲིས་སྐལ་བཟང་བས་བྲིས་པའི་སྨན་ཐང་བ་སྨན་བླ་དོན་གྲུབ་ཀྱི་སྐུ་བརྙན་ཞལ་ཐང་ཁྲུ་ཚད་མ་ཞིག་ཀྱང་བཞེངས་ནས་འདུག་ལ།  ད་བར་་སྨན་ཐང་ཁ་རུ་སྨན་བླ་དོན་གྲུབ་ཀྱི་ཁྱིམ་ཤུལ་དུ་གྲགས་པའི་གྱང་གོག་སོགས་ཀྱང་མཇལ་རྒྱུ་འདུག་གོ །    སྨན་ཐང་ཆེན་མོ་དགོངས་པ་རྫོགས་རྗེས་སྨན་ལུགས་རི་མོར་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ཀྱི་རྒྱུན་བྱུང་ལ།  ཕྱིས་སུ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོས་སྨན་ཐང་ལུགས་གསར་མ་གསར་དུ་བཏོད་པའི་ལོ་རྒྱུས་རྣམས་ནི་མཁས་པ་རྣམས་ཀྱི་བསྟན་བཅོས་དེབ་ཐེརཁག་ལས་གསལ་བ་ལྟར་ལགས།   དེས་ན་སྨན་བླ་དོན་གྲུབ་པས་རིག་གནས་སྤྱི་དང་ལྷག་པར་བྲིས་ལ་དཀའ་སྤྱད་ཀྱིས་སློབ་གཉེར་དང་མཁས་པའི་ཡང་རྩེར་སོན་པ།  སྨན་ལུགས་རི་མོ་གསར་གཏོད་དང་གཞུང་ལུགས་བསྟན་བཅོས་རྩ་ཆེན་སྤེལ་བ།   བུ་སློབ་གྲངས་མེད་གསོ་སྐྱོང་དང་རྟེན་བཞེངས་ཀྱི་མཛད་པ་གྲངས་ཀྱི་མི་ལངས་བ་བརྩམས་པ་སོགས་ཀྱི་ལས་དོན་རླབས་པོ་ཆེ་ཁོ་ནས་ཚེ་གང་འདའ་བར་བྱས་པས།    གནའ་དེང་གི་མཁས་པ་ཀུན་གྱིས་ལེགས་སོའི་མེ་ཏོག་འཐོར་ལ།  བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བྲིས་འབུར་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་ཕྱག་རྗེས་རླབས་པོ་ཆེ་བསྐྲུན་ཡོད།    དེ་ཡང་སྨན་ལུགས་ཀྱིས་མཁྱེན་ལུགས་དང་སྒར་བྲིས།  དེ་བཞིན་སྨན་གསར་དང་ཀརྨ་སྒར་བྲིས་སོགས་དུས་མཉམ་དང་དུས་ཕྱིའི་རི་མོའི་བྲིས་རྒྱུན་ཁག་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་པ་ནི་བརྗོད་ཀྱི་མི་ལངས་སོ།།

( དུས་དེབ་རྗེས་མར་མུ་མཐུད་འགོད་རྒྱུ་)

ཡོང་ཁུངས། སུམ་པའི་རིག་གནས་འཕྲིན་སྟེགས།

བརྒྱུད་སྐུལ།

མཆན་སྤེལ།