༈ རྗེས་འཇུག་ག་དང་ཡང་འཇུག་ས་གཉིས་བསྡུས་ནས་འབྲི་ཚུལ་ལ་ཅུང་ཟད་དཔྱད་པ།
དཔལ་ནཱ་ལེནྡྲའི་ལེགས་བཤད་བཟོད་པ།
ཕ༵་སྐད་མ་ཡིག་བུ་ཡིས་མི་སྤྱོད་ན། །ཕ༵་མའི་སྐད་བརྡ་བུ་ཡིས་འཕྲོད་པ་དཀའ། །
ཕ༵་བུ་གོ་བརྡ་བྲལ་བའི་བར་ཉིད་ན། །ཕ༵་དང་མེས་པོའི་རིག་གཞུང་བརླག་ཉེན་གདའ། །
ཞེས་རང་རིགས་གཞོན་སྐྱེས་བློ་གསར་རྣམས་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ་དྭངས་གཙང་ཞིག་སྦྱོང་སྤྱོད་བྱ་དགོས་པའི་ཞེན་སྐུལ་ཞུ་བའི་ཚིགས་བཅད་འདིས་གླེང་བསླངས་ཏེ། རྗེས་འཇུག་ག་དང་ཡང་འཇུག་ས་གཉིས་བསྡུས་ནས་འབྲི་བའི་ཚུལ་ལ་ཅུང་ཟད་དཔྱད་པ་འདི་རྣམ་པ་བཞིའི་སྒོ་ནས་གསལ་བར་བྱེད་པ་ལ།
༡ སྤྱིར་བོད་ཡིག་ལ་སྐུང་ཡིག་འབྲི་སྲོལ་ཡོད་པ་བཤད་པ། ༢ ཡིག་གཟུགས་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་ཡོད་མེད་གླེང་བ། ༣ ག་སའི་བསྡུ་ཡིག་འབྲི་ཚུལ་ལ་ཆེད་དུ་དཔྱད་པ། ༤ སྐུང་ཡིག་གི་ཞོར་སྐྱོན་གླེང་བ་བཅས་སོ། །
རྩོམ་པ་པོའི་སྐུ་པར།
གཅིག །སྤྱིར་བོད་ཡིག་ལ་སྐུང་ཡིག་འབྲི་སྲོལ་ཡོད་པ་བཤད་པ། བོད་ཀྱི་དབྱངས་གསལ་སོ་བཞི་ལས་གྲུབ་པའི་ཡི་གེ་འདིར་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས། འདི་ལ་ཡིག་དཀར་དང་ཡིག་ནག་ཅེས་ཀྱང་ཟེར། དབུ་མེད་ལ་ཚུགས་རིང་དང་། ཚུགས་ཐུང་། ཚུགས་ཆུང་། ཚུགས་མ་འཁྱུག །འཁྱུག་ཆེན། འབྲུ་ཚ་སོགས་མང་དུ་ཡོད། དབུ་མེད་སྐབས་སུ་ཡི་གེ་འགའ་རེ་སྐུང་ནས་སམ། བསྡུས་ནས་འབྲི་སྲོལ་ཡོད་པ་འདིས་ཡི་གེ་འབྲི་སྟབས་བདེ་བ་དང་། འབྲི་མགྱོགས་པ། སྣག་ཤོག་གྲོན་ཆུང་ཐུབ་པ་སོགས་དགེ་མཚན་མང་པོ་ཞིག་ཡོད་པ་ནི་མི་རིགས་གཞན་གྱི་ཡི་གེ་ལས་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། གནའ་བོའི་བོན་གྱི་དཔེ་ཆ་དང་ཁམས་བྲིས་དཔེ་ཆར་སྐུང་ཡིག་ཧ་ཅང་མང་པོ་བྲིས་ཡོད་པ་འདི་དག་ཕལ་ཆེ་བ་ཡིག་གཟུགས་དབུ་མེད་དམ་ཡིག་ནག་ཡིན། འདི་དག་གི་འབྲི་ཀློག་ལ་གོམས་པར་གྱུར་ན་ཧ་ཅང་སྟབས་བདེ་བའི་དགེ་མཚན་ཆེན་པོ་ལྡན་ཡོད། དེར་བརྟེན་དབུ་མེད་ཀྱི་སྐུང་ཡིག་འབྲི་ཚུལ་དང་། སྤྱོད་ཚུལ་དཔེར་ན། ཉིས་སྐུང་དང་སུམ་སྐུང་སོགས་ཚེག་ཁྱིམ་གཉིས་དང་གསུམ་སོགས་ཀྱི་ཡི་གེ་མང་པོ་སྐུང་ནས་འབྲི་ཚུལ་དང་། འདི་ལ་དཔྱད་པ་དང་། ཞིབ་འཇུག་བྱས་ཏེ་འདིའི་དགེ་མཚན་སྔོག་འདོན་དང་། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུ་འདི་ཡང་ཧ་ཅང་གལ་ཆེན་ཞིག་ཡིན། སྐུང་ཡིག་ནི་རང་ལས་མཐོ་བའི་དཔོན་དང་། དམ་པ་རྣམས་ལ་འབུལ་བའི་ཡི་གེ་དག་ལ་སྤྱོད་པ་ནི་མི་གུས་པའི་ཚུལ་དུ་འགྱུར་བས་སྤྱོད་མི་རུང་བ་དང་། ཡང་བཀའ་དང་ལུང་དག་གི་ཡི་གེར་ཡང་སྐུང་ཡིག་འབྲི་སྲོལ་མེད་པར་གསུངས།
གཉིས། ཡིག་གཟུགས་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་ཡོད་མེད་གླེང་བ། བོད་ཡིག་གི་ཐུན་མོང་མ་ཡིན་པའི་བསྡུ་ཡིག་གམ་སྐུང་ཡིག་འདི་ཡིག་གཟུགས་དབུ་མེད་ལ་སྤྱོད་པ་མང་ལ། ལྷག་པར་དུ་དབུ་མེད་ཀྱི་འབྲུ་ཚ་དང་། འཁྱུག་ཆེན། ཁམས་བྲིས་སོགས་ལ་སྤྱོད་པ་ཁྱབ་ཆེ་བ་ཡིན། དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་རྩ་བ་ནས་མེད་པ་མ་ཡིན་ཀྱང་སྐུང་ཡིག་སྤྱོད་པ་ཧ་ཅང་ཉུང་ཉུང་ཡིན། ཡིག་གཟུགས་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་ཡོད་མེད་ཐད་ཁུངས་དང་ལྡན་པའི་ཚད་མའི་གཞུང་ཞིག་དང་། ཚད་མར་རུང་བའི་དམ་པའི་ལུང་ཞིག་ད་བར་མ་མཐོང་། དེར་བརྟེན་དེང་སྐབས་མཇལ་དུ་ཡོད་པའི་སྔོན་མའི་ཚད་ལྡན་ཡིག་རྙིང་དང་། ཡོངས་སུ་གྲགས་པའི་པར་ཁང་ཆེན་མོ་ཁག་གི་པར་གཞི་རྙིང་པ་དག །གསེར་དངུལ་ལས་བྲིས་པའི་ཆོས་དཔེ་དག་ཚད་མར་འཛིན་དགོས་པ་ཡིན། ཚད་ལྡན་གྱི་པར་ཁང་ཆེན་མོ་དེ་དག་གི་པར་གཞི་ནི་སྐབས་དེའི་མཁས་པ་མང་པོས་ཁུངས་དང་གཞུང་གང་རུང་ལ་བརྟེན་པ་དང་། དེ་དག་ཡིག་མཁན་དག་གིས་ལེགས་པར་བྲིས་རྗེས། ཞུས་ཆེན་མང་པོས་དཔེ་བསྡུར་དམར་ཞུས་དང་། བསྐྱར་ཞུས། ཡང་ཞུས་སོགས་ཞུས་དག་ལན་མང་བཏང་བའི་ཁུངས་ལྡན་གྱི་པར་གཞི་ཞིག་ཡིན་པས་འདི་དག་ལ་སྐུང་ཡིག་བྲིས་པ་ཧ་ཅང་ཉུང་བས་ཚད་ལྡན་གྱི་དཔེ་རྙིང་འདི་དག་དཔྱད་གཞི་བྱས་ཏེ་ལག་ལེན་དུ་བསྟར་ན་དགེ་མཚན་ཆེ། དེ་བཞིན་ཁོ་བོས་དེ་སྔོན་དགེ་རྒན་དམ་པའི་དྲུང་དུ་མ་དཔེ་ཡིག་རྙིང་ལས་དཔེ་ཆ་པོད་གྲངས་ལོངས་པ་བྲིས་བཤུས་བྱེད་སྐབས་ཡིག་གཟུགས་དབུ་ཅན་ལ་སྐུང་ཡིག་བྲིས་པ་ཕལ་ཆེར་མ་མཐོང་བས་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་མེད་པ་ཡིན་ནམ་སྙམ། འོན་ཀྱང་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་གསུངས་པ་ལྟར་རང་གིས་མ་མཐོང་བས་མཐའ་གཅིག་ཏུ་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་མེད་ཅེས་ཁ་ཚོན་གཅོད་ག་ལ་ནུས། དབུ་ཅན་ལ་སྐུང་ཡིག་འབྲི་བ་འདི་དབུ་མེད་ལ་སྐུང་ཡིག་འབྲི་སྲོལ་བྱུང་བ་དེ་ཉིད་ཞྭ་དཔེ་ལྷམ་འགེབས་ཀྱི་ཚུལ་དུ་སྤྱོད་པ་མིན་ནམ་སྙམ། དབུ་ཅན་གྱི་དཔེ་རྙིང་འགའ་རེ་དཔེར་ན་བླ་མའི་རྣམ་ཐར་དང་གཞུང་འགའི་འགྲེལ་བ་སོགས་བྲིས་མ་དང་པར་མ་རེ་ཟུང་ལ་སྐུང་ཡིག་བྲིས་པ་ཐར་ཐོར་ཡོད་ནའང་དེ་ནི་སྤྱི་ལ་ཁྱབ་པ་མིན་པར། བྱེ་བྲག་ལ་སྤྱོད་པ་ཞིག་ཡིན་པས་འདིར་དབུ་ཅན་ཡི་གེ་སྤྱི་ལ་སྐུང་ཡིག་སྤྱོད་རུང་མིན་གྱི་ཚད་མའི་གཞིར་མི་རུང་བསམ། མདོར་ན་ཡིག་གཟུགས་དབུ་ཅན་ལ་སྐུང་ཡིག་འབྲི་སྲོལ་ཡོད་མེད་འདི་རྩོད་གཞི་ཅན་ནམ། ཐེ་ཚོམ་ཅན། ཡང་ན་ཧ་ཅང་ཉུང་ཉུང་ཅན་ཞིག་ཡིན་པ་འདི་རེ་ཞིག་བཏང་སྙོམས་སུ་བཞག་ནས། རྩོད་མེད་དང་ཡོངས་ཁྱབ་ཏུ་རྒྱུགས་ཆེ་བ་དབུ་ཅན་ལ་སྐུང་ཡིག་མི་འབྲི་བའི་ལུགས་འདི་བཞིན་ཕྱག་ལེན་དུ་མཛད་ན་དགེ་མཚན་ཆེ་བ་ལས་འདི་ལ་སྐྱོན་ཞིག་མ་མཐོང་།
གསུམ། ག་སའི་བསྡུ་ཡིག་འབྲི་ཚུལ་ལ་ཆེད་དུ་དཔྱད་པ། དེང་སྐབས་ཡིག་གཟུགས་དབུ་ཅན་ལ་རྗེས་འཇུག་ག་དང་། ཡང་འཇུག་ས་གཉིས་མཉམ་དུ་ཞུགས་པ། ལེགས། གྲོགས། ཚོགས་ལྟ་བུའི་ག་ས་གཉིས་བསྡུས་ནས་འབྲི་བ་ལ། ག་མ་སའམ་ག་ས་སྣ་ཀྱོག་ཀྱང་ཟེར། དཔེར་ན། ལེཌ། གྲོཌ། ཚོཌ་ལྟ་བུ་དང་། ལེཊ། གྲོཊ། ཚོཊ་ལྟ་བུ་ག་སའི་བསྡུ་ཡིག་ཌ་ཡིག་དང་། ཊ་ཡིག་གཉིས་གང་འདོད་ལྟར་འབྲི་ཚུལ་ཞིག་བྱུང་བ་འདི་ནི་མ་དག་པར་མངོན་ཏེ། ཡིག་གཟུགས་དབུ་མེད་ཀྱི་འབྲུ་ཚ་དང་། འཁྱུག་ཡིག །ཁམས་བྲིས་སོགས་ལ་ག་ས་བསྡུས་ནས་འབྲི་སྲོལ་ཡོད་ཀྱང་དེ་ནི་ཌ་ཡིག་འབྲི་བའི་སྲོལ་ཞིག་ལས་ཊ་ཡིག་འབྲི་སྲོལ་ཞིག་ཡེ་ནས་མི་སྣང་། ཌ་ཡིག་འབྲི་བ་འདིའང་མཐོང་བརྒྱུད་ཀྱི་ཕྱག་ལེན་ཙམ་ལས། འདི་ལྟར་འབྲི་དགོས་པའི་རྒྱུ་མཚན་ཁུངས་ལྡན་གྱི་ལུང་དང་། ཚད་ལྡན་གྱི་གཞུང་གང་ཡང་མ་མཐོང་། འོན་ཀྱང་དེང་སྐབས་ཡིག་གཟུགས་དབུ་ཅན་ལས་བྲིས་པའི་དུས་དེབ་དང་། ཚགས་པར། བརྡ་ཁྱབ། བརྙན་འཕྲིན་ཡི་གེ །དྲྭ་ཐོག་ཡི་གེ་སོགས་གཞུང་ཕྱོགས་ཀྱི་ཡི་གེ་དང་། གློག་ཀླད་དང་ཁ་པར་འཕྲུལ་ཆས་ཀྱིས་བཏགས་པའི་རྒྱུན་སྤྱོད་ཡི་གེ་མང་པོའི་ནང་ག་ས་བསྡུས་ནས་བྲིས་པའི་ཡི་གེ་མང་དག་ཅིག་མཐོང་བ་མ་ཟད། དེ་ཡང་ཊ་ཡིག་བྲིས་པ་ཧ་ཅང་མང་པོ་ཞིག་མཐོང་ཆོས་སུ་གྱུར་བ་འདི་ནི་ཡོངས་སུ་འབྲི་ནོར་ཤོར་བའམ། མ་དག་རྒྱུན་འབྱམས་ཤིག་ཏུ་མངོན་པས་མཁྱེན་ལྡན་རྣམས་ནས་མུ་མཐུད་དཔྱད་པར་འཚལ། ཡང་སྒོས་ཚད་ལྡན་གཞུང་ཡིག་དབུ་ཅན་གྱི་ཡི་གེའི་མགོ་མཇུག་ཧྲིལ་པོར་སྤྱིར་བཏང་སྐུང་ཡིག་བྲིས་མེད་པ་ལ། ག་མ་ས་འདི་གཅིག་པུ་སྐུང་ཡིག་འབྲི་བ་འདི་ལ་དགེ་མཚན་ལྷག་པོ་ཞིག་ཀྱང་མ་མཐོང་། དེས་ན་ཡིག་གཟུགས་དབུ་ཅན་ལ་སྔོན་གྱི་མཁས་པའི་ཕྱག་རྒྱུན་བཞིན་ཡི་གེ་སོ་སོར་འབྲི་བ་ལས། ག་མ་ས་འདི་ལྟ་བུ་བསྡུ་ཡིག་གམ་སྐུང་ཡིག་མི་འབྲི་ན་ལེགས་ཤིང་། སྐབས་རེ་ཚེག་ཁྱིམ་གཅིག་གི་ཡི་གེ་དག་ཡིག་ཕྲེང་གཅིག་གི་ནང་ཤོང་མིན་དབང་གིས་ག་ས་བསྡུས་ནས་མི་འབྲི་ཐབས་མེད་བྱུང་ནའང་ཌ་ཡིག་འབྲི་བ་ལས་ཊ་ཡིག་འབྲི་མི་རུང་ངོ་སྙམ། དབུ་ཅན་ལ་ག་སའི་བསྡུ་ཡིག་ཊ་ཡིག་འབྲི་ན་དབུ་མེད་ལའང་ཊ་ཡིག་འབྲི་དགོས་པ་མཚུངས་ཀྱང་དབུ་མེད་ལ་ཊ་ཡིག་འབྲི་སྲོལ་རྩ་བ་ནས་མེད་ལ། འཁྱུག་ཡིག་སྐབས་ཊ་ཡིག་འབྲི་ན་ཧ་ཅང་སྟབས་མི་བདེ་བ་ཡིན་ནོ། །
ཞར་བྱུང་། སྐུང་ཡིག་གི་ཞོར་སྐྱོན་གླེང་བ། དེ་ཡང་སྐུང་ཡིག་འདི་བོད་ཡིག་གི་ཆེས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡི་གེ་ཞིག་ཡིན་ཞིང་། འདིར་གོང་ཞུས་ལྟར་དགེ་མཚན་དུ་མ་ལྡན་ཡོད་ནའང་ང་ཚོས་དགེ་མཚན་མཐོང་བ་དང་ཆབས་ཅིག་འདིའི་ཞོར་སྐྱོན་ཡང་མཐོང་དགོས་ཏེ། སྔར་རྒྱུན་སྤྱོད་ཡི་གེ་ལག་བྲིས་འཁྱུག་ཡིག་ཡིན་པ་ནས། ད་ལྟ་ཁ་པར་འཕྲུལ་ཆས་དང་གློག་ཀླད་སྤྱོད་པ་མང་བས་རྒྱུན་སྤྱོད་ཡི་གེ་དབུ་ཅན་སྤྱོད་རྒྱུར་འགྱུར་ལྡོག་ཕྱིན་ཡོད། དེ་ལ་སྐུང་ཡིག་གི་སྟབས་བདེའི་རང་བཞིན་ཁོ་ནར་བསམ་ནས་དབུ་ཅན་ལའང་འཁྱུག་ཡིག་བཞིན་སྐུང་ཡིག་སྤྱོད་དྲགས་ན། སྐུང་ཡིག་ཀློག་འདོན་དཀའ་བས་དེང་སྐབས་བོད་ཡིག་སྤྱོད་མཁན་ཧ་ཅང་ཉུང་བའི་ཁར་སླར་ཉུང་དུ་འགྲོ་ཉེན་ཆེ་བ་ནི་མུ་གེའི་ཐོག་གི་ཟླ་ལྷག་ཅེས་པའི་དཔེ་ལྟར་མི་འགྱུར་བའི་ངེས་པ་མེད་ལ། སྐུང་ཡིག་ཅན་གྱི་ཡི་གེ་འདི་དག་བོད་ཡིག་ཆུ་ཚད་ངེས་ཅན་ལྡན་པའི་ཤེས་ཡོན་སྡེ་ཁག་ནང་ཕན་ཚུན་སྤྱོད་པའི་རྐུན་པོའི་ལོག་སྐད་ལྟ་བུ་ཞིག་ཏུ་གྱུར་ནས་བོད་མི་སྤྱིས་ཀློག་འདོན་མི་ཤེས་པ་དང་། ཀློག་འདོན་ཙམ་ཤེས་ཀྱང་སོ་སོར་འཕྲལ་ནས་འབྲི་མི་ཐུབ་པས་བོད་ཡིག་འདི་བོད་པ་དམངས་ཀྱིས་སྤྱོད་རྒྱུའི་འགལ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་སྲིད། དེ་ནི་རང་གིས་རང་ལ་ཉོས་པའི་ཆགས་སྒོ་ཞིག་རང་ལས་གཞན་སུ་ལའང་ལན་ཁག་དཀྲི་ཐབས་མེད། གལ་ཏེ་བོད་པ་སྤྱིས་བོད་ཡིག་འདི་བེད་སྤྱོད་མི་ཐུབ་པར་གཞན་ཡིག་ཁོ་ན་སྤྱོད་མཁན་ཞིག་ཏུ་གྱུར་ན། བོད་ཡིག་འདིའི་རྒྱུན་ཤེས་ལྡན་པའི་སྡེ་ཁག་ཁོ་ནས་འཛིན་མི་ནུས་པ་ཁོ་ཐག་ཡིན་པས་རང་མི་རིགས་ཀྱི་ཡི་གེ་འདིའི་ལས་དབང་ལ་བསམ་ནའང་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྱུར་ཉེན་ཆེ། རྒྱུ་མཚན་དེ་ལྟར་ན་སྐུང་ཡིག་གི་སྟབས་བདེའི་རང་བཞིན་ཕྲན་བུ་དེ་བོད་ཡིག་ཉམས་ཉེས་སུ་འགྲོ་བའི་རྐྱེན་ཆེན་པོ་ཞིག་ཏུ་འགྱུར་སྲིད་པས། འདི་གཉིས་ཀྱི་གནམ་ས་ལྟ་བུའི་དགེ་སྐྱོན་གྱི་ཁྱད་པར་ལ་ཡང་དག་པར་དཔྱད་ནས་ལག་ལེན་ཚུལ་བཞིན་བསྟར་རྒྱུ་ཧ་ཅང་གལ་ཆེ་བ་ཡིན་ནོ། །
སྨྲས་པ།
ཕ༵་མེས་དྲིན་ཆེན་ཐུ་མིས་ལེགས་གཏོད་པའི། །མ༵་ཡིག་དྭངས་མ་གསེར་གྱི་ཉིང་ཁུ་འདི། །
ཕ༵་ཤུལ་བུ་ཡིས་འཛིན་འདོད་བློ་གསར་ཚོས། །མ༵་དག་རྒྱུན་འབྱམས་ལྷད་ཀྱིས་མ་རྙོགས་འཚལ། །
ཡོང་ཁུངས། ཐོ་ཤར་བུའི་རིག་རྩལ་འཕྲིན་སྟེགས།