ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད།

ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད།

   ༄༅། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་བཞུགས་སོ།།

 

༄༅། །རྒྱ་གར་སྐད་དུ། ཤྲཱིཛྙཱ་ན་བཛྲ་ས་མུཙྪ་ཡ་ནཱ་མ་མ་ཧཱ་ཡོ་ག་ཏནྟྲ། བོད་སྐད་དུ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད། ༈ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ༈ །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས་ཇི་ལྟ་བ་བཞིན་དུ་གསུངས་པའོ། ༈ །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དྲུག་སྟོང་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མ་རིག་པ་དང་། སེམས་ལས་བྱུང་བ་དང་། སེམས་ཞེས་བགྱི་བ་ཅི་ལགས། ༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །ཡེ་ཤེས་གསུམ་རྡོ་རྗེ་ལས་ཡང་དག་པར་བྱུང་བའི་ཡེ་ཤེས་གསུམ་རྡོ་རྗེའི་རང་བཞིན་ནོ། ༈ །བྱམས་པས་གསོལ་པ། བཅོམ་ལྡན་འདས་ཡེ་ཤེས་གསུམ་རྡོ་རྗེའི་ངོ་བོ་ཇི་ལྟར་ལགས། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆགས་པ་མེད་པའི་མཐའ་རྟོགས་པར་དཀའ་བ་ཉིད། འགག་པ་མེད་པ། སྐྱེ་བ་མེད་པ། དེའི་རྐྱེན་གྱིས་མ་རིག་པ་སྟེ། མ་རིག་པ་ཞེས་བྱ་བ་དང་། སྣང་བ་ཉེ་བར་ཐོབ་པ་དང་། སྟོང་པ་ཆེན་པོའོ། །དེ་ཡང་རྟོགས་པར་དཀའ་བའོ། །འོན་ཀྱང་སྣང་བ་དང་བཅས་པར་བརྗོད་པར་བྱའོ།།
༈ མ་རིག་པའི་རྐྱེན་གྱིས་སེམས་ལས་བྱུང་བ་སྟེ། དེ་ནི་སྣང་བ་མཆེད་པ་དང་། ཤིན་ཏུ་སྟོང་པ་ཞེས་གསུངས་སོ། ༈ །སེམས་ལས་བྱུང་བའི་རྐྱེན་གྱིས་སེམས་ཏེ། དེ་ནི་སྣང་བ་སྟོང་པ་སྟེ། སེམས་དང་སེམས་ལས་བྱུང་བའོ། ༈ །བདག་དང་མ་རིག་པ་ཞེས་བྱ་བ་དང་། བདག་མེད་པ་དང་གསུམ་པོ་དེ་དང་དེ་འོད་གསལ་བ་ལས་བྱུང་བའི་རྡོ་རྗེའི་ངོ་བོའོ། །དེ་ནས་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དེའི་ཚེ་ངོ་མཚར་ཐོབ་པར་གྱུར་ཏེ། ཅང་མི་སྨྲ་བར་གྱུར་ཏོ། ༈ །དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཅང་མི་སྨྲ་བར་འདུག་པ་གཟིགས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཅིའི་ཕྱིར་ཅང་མི་སྨྲ་བར་གྱུར་པས་འདུག ༈ །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་ཕྱག་བཙལ་ཏེ་གཏུགས་ནས། གཞན་ཡང་ཞུས་པ། ཨེ་མའོ་སྟོན་པ་རྟོགས་པར་དཀའ་བ་རྣམ་པར་ཤེས་པ་གསུམ་གྱི་དབྱེ་བ་མཆོག་ཏུ་ཟབ་པ་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། ༈ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ། གང་འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་བྱ་བ་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བདག་ཉིད་ཅན་ནོ། །དེ་ལས་རྟོག་པ་གཉིས་སུ་འགྱུར་ཏེ། བདག་དང་གཞན་དུའོ། །རྣམ་པར་ཤེས་པ་དེའི་བཞོན་པ་རླུང་ངོ་། །རླུང་ལས་མེའོ། །མེ་ལས་ཆུའོ། །ཆུ་ལས་སའོ། །དེ་རྣམས་ལས་ཕུང་པོ་ལྔ་དང་། སྐྱེད་མཆེད་དྲུག་དང་། ཡུལ་ལྔ་སྟེ། དེ་དག་ཐམས་ཅད་ནི། རྣམ་པར་ཤེས་པ་རླུང་དང་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སྣང་བ་རབ་ཏུ་འབྱུང་བ་རབ་ཏུ་གསལ་བར་སྤྱོད་པ་རྗེས་སུ་མྱོང་བར་བྱེད་དོ། །སྣང་བའི་རྒྱུས་རང་བཞིན་རྣམས་ཡང་དག་པར་འབྱུང་ངོ་། ༈ །དེ་ལ་འོད་གསལ་བ་མ་སྐྱེས་པ་གནས་པ་མེད་པ། འགག་པ་མེད་པ་སྐྱེ་བ་མེད་པ། དོན་དམ་པའི་བདེན་པ་ཆགས་པ་མེད་པའི་མཐའ་སྟེ། དེ་ལས་བྱུང་བའི་མུན་པའི་སྣང་བ་མ་རིག་པའོ། །དེའི་རང་བཞིན་ཉིད་དང་། འཁྲུལ་བ་དང་། རྣམ་པར་གཡེང་བ་དང་། དྲན་པ་མེད་པ་དང་། ལེ་ལོ་དང་། མི་སྨྲ་བ་དང་། མི་གསལ་བའོ། ༈ །མ་རིག་པ་ལས་སེམས་ལས་བྱུང་བ་སྟེ། ཉི་མའི་སྣང་བ་ལྟ་བུ་ཤིན་ཏུ་གསལ་བ་སྨིག་རྒྱུ་ལྟ་བུ་སྟེ། དེའི་རང་བཞིན་འདོད་ཆགས་དང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། དྲུག་པོ་ལ་སོགས་པ་དང་། ཀུན་རྫོབ་ཏུ་མངོན་སུམ་གྱི་སྐྱེས་པའི་གཟུགས་དང་། ལྷའི་ཚོགས་དང་། མཚན་མ་དང་། རྡོ་རྗེའི་བརྡའོ། ༈ །སེམས་ལས་བྱུང་བ་ལས་སེམས་ཏེ། ཟླ་བའི་སྣང་བ་དང་། ཤིན་ཏུ་གསལ་བའི་ཆུའི་ཟླ་བ་ལྟ་བུའོ། །དེའི་རང་བཞིན་ནི་འདོད་ཆགས་དང་བྲལ་བ་ལ་སོགས་པའོ། །ཀུན་རྫོབ་ཏུ་ནི་མངོན་སུམ་གྱི་བུད་མེད་དང་། བྷ་ག་དང་། པདྨ་དང་། ལྷ་མོའི་ཚོགས་ཀྱི་བརྡའོ། ༈ །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་ཤེས་རབ་ཀྱི་ཡེ་ཤེས་འབྱུང་བ་ལ། རང་གི་རྡོ་རྗེ་འབད་པ་ལས་མེའོ། །ལེ་ལས་ཆུ་སྟེ། ནུར་ནུར་པོའི་རྣམ་པ་དང་། དེ་ནས་མེར་མེར་པོའི་རྣམ་པ་དང་། ནར་ནར་པོ་དང་། གོར་གོར་པོ་དང་། དེ་ནས་འདོད་ཆགས་དང་བྲལ་བའི་སྣང་བ་ལས་ཁྲག་གི་གོང་བུ་མཁྲང་འགྱུར་རྣམས་སོ། །དེ་ཁུ་བ་དང་ཁྲག་གིས་བསྐྱེད་པའོ། །དེ་ནས་དབང་པོ་གཉིས་མཉམ་པར་སྦྱོར་བ་ལས་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དང་། བར་མའི་འདོད་ཆགས་རབ་ཏུ་སྐྱེས་པ་དེས་ན་ཤེས་པ་ཞེས་བྱ་སྟེ། དེས་ན་རྣམ་པར་ཤེས་པ་གསུམ་ཞེས་བརྗོད་དོ། ༈ །དེའི་ཕྱིར་ལུས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་སྐྱིལ་ཀྲུང་བཅིང་བ་ལ་སོགས་པ་དང་། གསུང་གི་ཕྱག་རྒྱའི་ཐབས་སུ་གྱུར་པ་ཨཱ་ལི་ཀཱ་ལི་ལས་ཡང་དག་པར་བྱུང་བའི་སྔགས་དང་། སེམས་ཀྱི་ཕྱག་རྒྱའི་ཐབས་སུ་གྱུར་པ་ས་བོན་དང་མཚན་མ་ལས་ལྷར་དམིགས་པའོ། །གཟུགས་ལ་སོགས་པའི་ཡུལ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བའི་ཐབས་སུ་གྱུར་པའོ། ༈ །རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི། སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་དག་མཉམ་པར་སྦྱོར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། ༈ །དེ་སྒྱུ་མའི་དཔེས་ཉེ་བར་མཚོན་ཏེ། དེ་སངས་རྒྱས་ཀྱི་ཞིང་གང་གཱི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་སྒྱུ་མ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་གི་གཟུགས་བརྙན་ལྟ་བུ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པར་གྱུར་པ་ཡིན་ནོ། ༈ །ཇི་ལྟར་འོ་མ་བསྲུབས་པ་ལས་མར་དང་། ཇི་ལྟར་ཏིལ་ལས་ཏིལ་མར་ཏེ། དེ་བཞིན་དུ་རྡོ་རྗེས་ནི་ཐབས་ཀྱི་ཡེ་ཤེས་ཉེ་བར་མཚོན་པའི་ཕྱིར་དང་། པདྨས་ནི་ཤེས་རབ་ཀྱི་ཡེ་ཤེས་ཉེ་བར་མཚོན་པའི་ཕྱིར་རོ། །ཇི་ལྟར་འོ་མ་དང་ཏིལ་དག་གིས་ཡང་དག་པའི་མངོན་པར་འདུ་བྱས་པ་མེད་པར་མར་དང་ཏིལ་མར་མི་འབྱུང་བ་དེ་བཞིན་དུ་སྔགས་དང་ཕྱག་རྒྱས་སྔོན་དུ་མངོན་པར་འདུ་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། ༈ །བདེ་བ་ཆེན་པོའི་ཏིང་ངེ་འཛིན་འབའ་ཞིག་ལ་ལྷག་པར་མོས་པ་ཙམ་གྱིས་ལས་དང་པོ་པའི་ས་ལ་གནས་པར་འགྱུར་ཏེ། ཕྱི་མི་ལྡོག་པ་ལ་ཡང་སློབ་པར་འགྱུར་རོ། ༈ །གང་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བས་རང་བཞིན་སྣང་བ་ཡང་དག་པར་ཉེ་བར་མཚོན་པར་བྱེད་པ་དེ་ནི། བདེ་བ་ཆེན་པོའི་གོ་འཕང་ལ་རབ་ཏུ་གནས་པར་འགྱུར་རོ། ༈ །འདི་ནི་སྦས་པའི་བཤད་པའོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྤྱིའི་དོན་ཇི་ལྟར་ལགས། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉན་ཐོས་ལ་སོགས་པ་འདོད་ཆགས་དང་བྲལ་བའི་ཆོས་སྤྱོད་པ། རྣམ་པར་རྟོག་པའི་བག་ཆགས་ལས་མ་གྲོལ་བ་རྣམས་རྣལ་འབྱོར་ཆེན་པོའི་རྒྱུད་དག་ཏུ་བཙུན་མོའི་བྷ་ག་ལ་བཞུགས་ཞེས་བྱ་བ་ལ་སོགས་པ། འདོད་ཆགས་ཀྱི་ཆོས་གསལ་བར་བྱེད་པ་ངོ་མཚར་ཅན་གྱི་རྡོ་རྗེའི་ཚིག་ཐོས་ན་སྨོད་པར་བྱེད་པ་དེ་དག་མི་འགལ་བའི་སྒོ་ནས་བཤད་པ་དེ་དག་ནི། སྤྱིའི་དོན་དུ་བཤད་པར་གསུངས་སོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འདོད་ཆགས་ཀྱི་ཆོས་སྤྱོད་པའི་ཆོས་ཀྱི་ཚུལ་མཐར་ཐུག་པ་བཤད་པ་ཇི་ལྟར་ལགས། ༈ དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་ལེགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་མཆོག་དང་ལྡན་པ་རྣམས་ཉོན་ཅིག །མཐའ་ནི་མུ་སྟེ་འོད་གསལ་བ་དང་ཡང་དག་པའི་ཚུལ་ཞེས་བྱ་བ་མཐར་ཐུག་པའོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཐབས་གང་གིས་མཐར་ཐུག་པ་ཐོབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མཐའ་སྟོང་པ་གསུམ་མོ། །སྟོང་པ་གསུམ་གྱི་མཐའ་འོད་གསལ་ལོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སྟོང་པ་གསུམ་འོད་གསལ་བའི་མཐར་ཇི་ལྟར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེས་ཤིང་བསྲེགས་ཏེ་ཐལ་བར་འགྱུར་བ་དེ་བཞིན་དུ་འོད་གསལ་བར་ཤེས་རབ་ཀྱི་ཡེ་ཤེས་ཡུན་རིང་པོར་རྣམ་པར་སྦྱོང་བར་བྱེད་དོ། །ཇི་ལྟར་ཏ་ལའི་ལོ་མ་ཐལ་བར་བྱེད་པ་དེ་བཞིན་དུ་ཐབས་ཀྱི་ཡེ་ཤེས་རྣམ་པར་སྦྱོང་བར་བྱེད་དོ། །ཇི་ལྟར་རས་བལ་གྱི་འདབ་མ་བསྲེགས་པ་བཞིན་དུ་སྣང་བ་ཐོབ་པའི་ཡེ་ཤེས་མཆོག་ཏུ་མྱུར་བར་རྣམ་པར་སྦྱོང་བར་བྱེད་དོ། །དེས་ན་ཤིང་དང་ཏ་ལའི་ལོ་མ་དང་རས་བལ་གྱི་འདབ་མ་ཐལ་བར་འགྱུར་བ་དེ་བཞིན་དུ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་རྣམས་མཐར་འོད་གསལ་བར་འགྱུར་རོ། ༈ །འདི་ནི་མཐར་ཐུག་པའི་དབང་དུ་བྱས་པའོ། ༈ །བྱམས་པས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཐའ་དྲུག་གི་བཤད་པ་ཇི་ལྟར་ལགས། ༈ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགོངས་པས་བཤད་པ་དང་། དགོངས་པ་མ་ཡིན་པས་བཤད་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས་སོ། ༈ །བྱམས་པས་གསོལ་པ། བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཞག་སྟེ། ཚིག་རེ་རེའི་བཤད་པ་བསྟན་དུ་གསོལ། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མཐར་ཐུག་པར་བཤད་པ་དགོངས་པས་བཤད་པ་སྟེ། འདི་ལྟ་སྟེ། འདོད་ཆགས་མ་ཡིན་པ་དང་། འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། བར་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ། །ལུས་དང་། ངག་དང་ཡིད་མེད་པ་དང་། བདག་མེད་པ་དང་། ཐམས་ཅད་སྟོང་པ་དང་། དག་པ་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི། དགོངས་པ་མ་ཡིན་པས་བཤད་པའོ། ༈ །ག་པུར་དང་ཁྲག་ཆེན་པོ་དང་། ཙན་དན་དམར་པོ་དང་། རྡོ་རྗེ་དང་པདྨ་དང་། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ཏོ། །ག་པུར་ནི་ཁུ་བ་དང་། ཁྲག་ཆེན་པོ་ནི་ཟླ་མཚན་གྱི་ཁྲག་དང་། ཙན་དན་དམར་པོ་ནི་ཁུ་བ་དང་བསྲེས་པའི་ཙན་དན་དམར་པོའོ། །རྡོ་རྗེ་ནི་མཚན་མ་སྟེ་ཐབས་སོ། །པདྨ་ནི་བྷ་ག་སྟེ་ཤེས་རབ་དང་ཕྱག་རྒྱ་བཙུན་མོ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་ངེས་པའི་དོན་ཏོ། ༈ །གཉིས་ཀ་དང་། སྤྱོད་པ་དང་བྱ་བའི་རྒྱུད་རྣམས་སུ་དོན་གསལ་བར་གསུངས་པ་ནི་སྒྲ་ཇི་བཞིན་པ་སྟེ། འདི་ལྟ་སྟེ། དཀྱིལ་འཁོར་དང་མཆོད་སྦྱིན་དང་། གཏོར་མ་དང་སྨན་དང་། ཞི་བ་ལ་སོགས་པ་ལས་ཀྱི་ཚོགས་རྣམས་དང་། དེ་བཞིན་དུ་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་གསུངས་པ་རྣམས་ནི། སྒྲ་ཇི་བཞིན་པ་སྟེ་འདི་ནི་ཡི་གེའི་དོན་གྱིས་བཤད་པའོ། །ཀོ་ཊཱ་ཁྱ། ཀོ་ཊཱ་ཝ། ཀོ་ཊཱ། ཀོ་ཊཱ་ཝ་ཤྩ། ཀོ་ཊཱ་རཱ་གཱ། ཀོ་ལ་ཁྱཱ། ཀོ་ལ་ཝ། ཀོ་ལ། ཀོ་ལ་ཝ་ཤྩ། ཀོ་ལ་སྟ་ཐ། འདིས་དབང་པོ་དང་ཡུལ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པའི་རྡོ་རྗེའི་ཚིག་རྣམས་ནི་སྒྲ་ཇི་བཞིན་མ་ཡིན་པས་བཤད་པའོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་གྱི་རྒྱུད་དང་། གཉིས་ཀའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། བྱ་བའི་རྒྱུད་དང་། རྟོག་པའི་རྒྱུད་རྣམས་ཀྱི་ཚད་ཇི་ལྟར་ལགས། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་གཉིས་ཞེས་བྱ་སྟེ། རྒྱས་པར་ཕྱེ་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ། །རྟོག་པའི་རྒྱུད་སྟོང་ཕྲག་བཞིའི། །དེ་དག་སྟོང་ཕྲག་སུམ་ཅུ་རྩ་བཞི་སྟེ། ༈ རྒྱུད་དང་རྟོག་པའི་མིང་གི་ཐ་མའི་ཡི་གེ་ཇི་སྙེད་པ་ནི། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། འདི་རྣམས་ནི་མིང་གི་ཡི་གེའི་ཐ་མ་རྣམས་སོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ཀྱི་བྱེད་པ་དང་། ཆོ་ག་དང་། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དེ་གང་ལགས། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དམ་པའི་བདེན་པ་ལས། བདག་བྱིན་གྱིས་བརླབ་པའི་རིམ་པས་ལངས་ཏེ། འདོད་ཆགས་ལས་བྱུང་བའི་བྱང་ཆུབ་ཀྱི་གནས་རབ་ཏུ་བསྟན་པའི་ཕྱིར། བཙུན་མོའི་འཁོར་གྱི་དབུས་སུ་འཁོར་ལོས་སྒྱུར་བའི་གཟུགས་ཀྱིས་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་བཙུན་མོའི་བྷ་ག་ལ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་གྱི་སྤྱོད་པ་དང་འགལ་བ། རྨད་དུ་བྱུང་བ་རྡོ་རྗེའི་ཚིག་མཐའ་དྲུག་གང་གིས་རབ་ཏུ་སྤྱོད་པ་དེ་བསྒྲུབ་པར་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་ལ་གནས་སོ། ༈ །རིག་པའི་ལྷ་མོ་རྣམས་ཀྱིས་ལྷན་ཅིག་དཀྱིལ་འཁོར་གྱི་འཁོར་ལོ་དགོད་པ་དང་། དེ་ནས་བྱུང་བའི་བྱེད་པ་ལས་དང་། སྒྲུབ་པ་པོ་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་རབ་ཏུ་དཔྱད་དེ། སྒྲུབ་པར་བྱེད་པ་ནི་གཉིས་ཀའི་རྒྱུད་ལ་གནས་སོ། ༈ །ལས་ཀྱི་བྱ་བ་སྣ་ཚོགས་རྒྱ་ཆེན་པོ་བྱ་བའི་རྒྱུད་ཀྱི་ཕྱག་རྒྱ་དམིགས་པའི་མཚན་ཉིད་རབ་ཏུ་དཔྱད་པས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ནི་སྤྱོད་པའི་རྒྱུད་ལ་གནས་སོ། ༈ །འཇིགས་པར་དམིགས་ཤིང་ཤིན་ཏུ་གཙང་བར་བྱེད་པ་དང་། ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་། བདག་ཉིད་ལྷའི་སྙེམས་པ་མེད་པ་དང་། རྨད་དུ་བྱུང་བའི་སྤྱོད་ཡུལ་མ་ཡིན་པ་དང་། སྐྱོན་གྱི་རྒྱུའི་རྟོག་པས་རབ་ཏུ་དཔྱོད་པས་སྒྲུབ་པར་བྱེད་པའི་བྱ་བའི་རྒྱུད་ལ་གནས་སོ། ༈ །སྔགས་དང་། སྨན་དང་། སྦྱིན་སྲེག་དང་། ཕྱེ་མ་དང་། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་དཔྱོད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་གནས་སོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཇི་ལྟར་ལགས། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་། མཐའ་དྲུག་གི་བཤད་པ་དང་། རིགས་པ་རྣམ་པ་བཞི་དང་། བཤད་པ་རྣམ་པ་བཞི་དང་། དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་དང་། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་རྣམས་སོ། ༈ །གླེང་བསླང་བ་རྣམ་པ་ལྔ་ནི་འདི་ལྟ་སྟེ། མིང་དང་། རྒྱུ་མཚན་དང་། བྱེད་པ་པོ་དང་། ཚད་དང་། དགོས་པ་རྣམས་སོ། ༈ །མཐའ་དྲུག་ཏུ་བཤད་པ་ནི། འདི་ལྟ་སྟེ། དགོངས་པས་བཤད་པ་དང་། དགོངས་པ་མ་ཡིན་པས་བཤད་པ་དང་། དྲང་བའི་དོན་དང་། ངེས་པའི་དོན་དང་། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས་སོ། ༈ །རིགས་པ་རྣམ་པ་བཞི་ནི། རྒྱུད་དང་། གླེང་གཞི་དང་། ངེས་པའི་ཚིག་དང་། རྒྱུ་རྣམས་སོ། ༈ །བཤད་པ་རྣམ་པ་བཞི་ནི། ཡི་གེའི་དོན་དང་། སྤྱིའི་དོན་དང་། སྦས་པ་དང་། མཐར་ཐུག་པ་རྣམས་སོ། ༈ །དབྱེ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཚོགས་ལ་བཤད་པ་དང་། སློབ་མ་ལ་བཤད་པ་དག་གོ །གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་དང་། ཙན་དན་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་རྣམས་སོ། ༈ །བདེན་པ་རྣམ་པ་གཉིས་སུ་སྦྱར་བ་ནི། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། ༈ །རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །བདེན་པ་ནི་ཆུའི་ཟླ་བ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་སོ། ༈ །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། དོན་དམ་པའི་བདེན་པ་ལ་རབ་ཏུ་གནས་པའི་རྣལ་འབྱོར་པ་ཆེན་པོ་ལས་ཀྱི་རྒྱལ་པོ་མཆོག་ནི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་ཅན་གྱི་དོན་ཇི་ལྟར་རབ་ཏུ་སྤྱོད་པར་བགྱི། ༈ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྲིད་དུ་ཞི་བ་ལ་སོགས་པའི་ལས་ཀྱིས་སེམས་ཅན་གྱི་དོན་མི་བྱེད་པ་དེ་སྲིད་དུ་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པར་འགྱུར་རོ། །གང་སེམས་ཅན་གྱི་དོན་བྱ་བར་མཐོང་ན་དེའི་ཚེ་བདག་བྱིན་གྱིས་བརླབ་པའི་རིམ་པས་ཡང་དག་པའི་མཐའ་ལས་ལངས་ཏེ། སེམས་ཅན་གྱི་དོན་བྱས་ནས་ཡང་དག་པའི་མཐའ་ཉིད་དུ་འཇུག་པར་བྱེད་དོ། ༈ །དེ་ནས་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགའ་ཞིང་མགུ་ལ་ཡི་རང་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་ཅང་མི་སྨྲ་བར་གྱུར་ཏོ། །དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ཞེས་བྱ་བ། རྣལ་འབྱོར་ཆེན་པོའི་རྒྱུད་ལས་བདེ་བ་ཆེན་པོའི་ལེའུ་སྟེ། རིམ་པ་གཉིས་པའོ། །རྫོགས་སོ།། ༈ །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛྙཱ་ན་ཀ་རའི་ཞལ་སྔ་ནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཁུ་སྟོན་དངོས་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ། སླད་ནས་བླ་མ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ནས་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ།།

 

བརྒྱུད་སྐུལ།

མཆན་སྤེལ།