ལྷ་བསངས་ཕྱོགས་བསྡུས་དང་། སྡེ་བརྒྱད་གསེར་སྐྱེམས། བོད་སྐྱོང་ལྷ་སྲུང་བཅས་ཀྱི་གསོལ་མཆོད་འཕྲིན་བསྐུལ་བཞུགས་སོ།།

ལྷ་བསངས་ཕྱོགས་བསྡུས་དང་། སྡེ་བརྒྱད་གསེར་སྐྱེམས། བོད་སྐྱོང་ལྷ་སྲུང་བཅས་ཀྱི་གསོལ་མཆོད་འཕྲིན་བསྐུལ་བཞུགས་སོ།།

༄༅། །ལྷ་བསངས་ཕྱོགས་བསྡུས་དང་། སྡེ་བརྒྱད་གསེར་སྐྱེམས། བོད་སྐྱོང་ལྷ་སྲུང་བཅས་ཀྱི་གསོལ་མཆོད་འཕྲིན་བསྐུལ་བཞུགས་སོ།།

༄༅། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
ལན་གསུམ་བརྗོད། བསངས་རྫས་བྱིན་རླབས་ནི་རང་ཡི་དམ་གང་བྱེད་ཀྱང་སོ་སོའི་ལུགས་བཞིན་བྱས་ཆོག །རྡོ་རྗེ་འཇིགས་བྱེད་མཛད་ཚེ་བདག་བསྐྱེད་རྒྱས་པ་མ་བྱུང་ཡང་སྐད་ཅིག་དཀྲོང་བསྐྱེད་ཀྱིས་བྱིན་རླབས་བྱ་བ་ནི།

 

༈ རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་གྱུར། ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲི་ཏཱ་ན་ན་ཧཱུཾ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྭརྦ་དྷརྨ༔སྭ་བྷཱ་ཝ་ཤུདྡྷོ྅ཧཾ། བསངས་རྫས་རྣམས་མི་དམིགས་པར་གྱུར། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་བསངས་མགྲོན་འཁོར་དང་བཅས་པ་རྣམས་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་བསངས་མགྲོན་འཁོར་དང་བཅས་པ་རྣམས་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར། ཨ་ཝརྟ་ཡ།ཨ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ། ཨོཾ་ཨརྒྷཾ་ཨཱཿཧཱུཾ། ཨོཾ་པཱདྱ་ཨཱཿཧཱུཾ། ཨོཾ་པུཥྤེ་ཨཱཿཧཱུཾ། ཨོཾ་དྷུ་པེ་ཨཱཿཧཱུཾ། ཨོཾ་ཨ་ལོ་ཀེ་ཨཱཿཧཱུཾ། ཨོཾ་གྷནྡྷེ་ཨཱཿཧཱུཾ། ཨོཾ་ནཻ་ཝིདྱ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། ཨོཾ་རུ་པ་ཨཱཿཧཱུཾ། ཨོཾ་ཤཔྟ་ཨཱཿཧཱུཾ། ཨོཾ་གྷནྡྷེ་ཨཱཿཧཱུཾ། ཨོཾ་ར་ས་ཨཱཿཧཱུཾ། ཨོཾ་སྤརྴ་ཨཱཿཧཱུཾ།ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་དྷརྨཿ་ཏེ་བཛྲ་སིདྡྷི་ཧཱུཾ། ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ སརྦ་ཏད་ཁཾ་ཨུང་ག་ཏེ་སྥ་ར་ན་ཧི་མཾ་ག་ག་ན་ཁཾ་སྭཱཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ། ཨདྱ་ནུདྤནྣ་ཏྭངྟ། ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུཾ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་ས་དྷ་ནི་སྭཱཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། ཐོགས་པ་མེད་པར་འབྱུང་གྱུར་ཅིག །

 

༈ ཨོཾ༑ ལྷུན་གྲུབ་བདེ་བ་ཆེན་པོའི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །ཐོགས་མེད་ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་པད་སྡོང་ཡངས་པའི་སྟེང་། །སེང་ཁྲི་པདྨ་ཉི་ཟླའི་གདན་ཁྲི་ལ། །ཡིད་འཕྲོག་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་དབུས། །ཞབས་སེན་འོད་ཆགས་བརྟན་པར་བཞུགས་སུ་གསོལ། །ཕྱི་ཡི་མཆོད་པ་ས་དང་བར་སྣང་བཀང་། །ནང་གི་མཆོད་པ་ཟག་མེད་བདུད་རྩིའི་མཚོ། །གསང་བ་བདེ་ཆེན་སྨྲ་བསམ་བརྗོད་ལས་འདས། །འགྲོ་བའི་དོན་དུ་དགྱེས་བཞིན་བཞེས་སུ་གསོལ། རིག་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །དཔལ་ལྡན་བསྟན་སྐྱོང་ཆེན་པོ་འཁོར་བཅས་ཀྱིས། །ཁྱེད་ཀྱི་བཀའ་དང་དམ་ཚིག་ལ་གནས་པའི། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། །ཆོས་གྲྭ་ཆེན་པོ་དར་ཞིང་རྒྱས་པར་མཛོད། །ཅེས་བླ་མའི་ལས་བྱེད་དུ་གྲགས་པ་འདི་ནི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་མཛད་དོ། །བསྡུ་ན། ཨོྃ་ཨཱ་ཧཱུཾ། ལན་གསུམ་བརྗོད་པས་བྱིན་གྱིས་རླབས་ཏེ་འདི་ནས་འགོ་བརྩམས་ནས་བཏོན་པས་ཆོག་ལ་གང་ལྟར་ཡང་དངོས་ལ་འཇུག་པ་ནི།

 

༈ ཀྱཻ༑ རྣམ་དག་ཆོས་སྐུའི་གཞལ་ཡས་ནས། །བསྐལ་བཟང་སངས་རྒྱས་སྟོང་ཕྲག་དང་། །ཁྱད་པར་ལོངས་སྐུ་རྡོ་རྗེ་འཆང་། །སྤྲུལ་སྐུ་བཅོམ་ལྡན་ཤཱཀྱ་ཐུབ། །དེ་རིང་མདུན་གྱི་ནམ་མཁར་བྱོན། །སྟོན་པའི་སྲོལ་གཏོད་བསྟན་པ་འཛིན། །རྒྱལ་ཚབ་བྱམས་པ་མགོན་པོ་སོགས། །ཉེ་བའི་སྲས་བརྒྱད་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཡན་ལག་འབྱུང་ལ་སོགས་པ་ཡིས། །གནས་བརྟན་ཆེན་པོ་བཅུ་དྲུག་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །འཕགས་པ་ཀླུ་སྒྲུབ་ལ་སོགས་པའི། །འཛམ་གླིང་མཛེས་པའི་རྒྱན་དྲུག་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །དཔལ་ལྡན་ས་ར་ཧ་པ་སོགས། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཡང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཟངས་མདོག་དཔལ་རིའི་རྩེ་མོ་ནས། །རིག་འཛིན་ཆེན་པོ་པདྨ་འབྱུང་། །དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །དགའ་ལྡན་ཆོས་ཀྱི་ཕོ་བྲང་ནས། དཔལ་ལྡན་མར་མེ་མཛད་དཔལ་དང་། །རྒྱལ་བ་བློ་བཟང་གྲགས་པའི་དཔལ། །དེ་རིང་མདུན་གྱི་ནམ་མཁར་བྱོན། །དག་པ་མཁའ་སྤྱོད་ཞིང་ཁམས་ནས། །སྒྲ་བསྒྱུར་མར་པ་ལོ་ཙཱ་དང་། །དབང་ཕྱུག་མི་ལ་ཡབ་སྲས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། ཕན་བདེའི་ལམ་བཟང་སྟོན་མཛད་པའི། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སོགས། །བཀའ་གདམས་བརྒྱུད་པའི་བླ་མ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །གུ་རུ་ཆོས་དབང་ལ་སོགས་པའི། །རྙིང་མ་བརྒྱུད་པའི་བླ་མ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཟླ་འོད་གཞོན་ནུ་ལ་སོགས་པའི། །བཀའ་བརྒྱུད་བླ་མ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ས་ཆེན་ཀུན་སྙིང་ལ་སོགས་པའི། །ལམ་འབྲས་བརྒྱུད་པའི་བླ་མ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རྒྱལ་ཚབ་མཁས་གྲུབ་ལ་སོགས་པའི། །ལམ་རིམ་བརྒྱུད་པའི་བླ་མ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །མ་རིག་མུན་པ་སེལ་མཛད་པའི། །རྒྱལ་བློན་བྱང་ཆུབ་སེམས་དཔའ་དང་། །སྒྲ་བསྒྱུར་ལོ་པཎ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཐུགས་རྗེ་ཆེན་པོས་གཞན་དོན་མཛད། །རྡོ་རྗེ་འཆང་དབང་ཐམས་ཅད་མཁྱེན། །ཡབ་སྲས་བརྒྱུད་པར་བཅས་པ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན།།

 

༈ ཀྱཻ༑ བདེ་བ་ཆེན་པོའི་ཕོ་བྲང་ནས། །དཔལ་ལྡན་དུས་ཀྱི་འཁོར་ལོ་དང་། །འཁོར་ལོ་སྡོམ་པ་ཧེ་རུ་ཀ །བཅོམ་ལྡན་དགྱེས་པ་རྡོ་རྗེ་དང་། །སྙིང་པོ་མཧཱ་མ་ཡ་དང་། །གསང་འདུས་མི་བསྐྱོད་ལྷ་ཚོགས་དང་། །ཡི་དམ་རྡོ་རྗེ་འཇིགས་བྱེད་སོགས། །བླ་མེད་རྒྱུད་ཀྱི་ལྷ་ཚོགས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རྡོར་དབྱིངས་ཀུན་རིག་ལ་སོགས་པའི། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རྣམ་སྣང་མངོན་བྱང་ལ་སོགས་པའི། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཡིད་བཞིན་འཁོར་ལོ་ལ་སོགས་པའི། །བྱ་བའི་རྒྱུད་ཀྱི་ལྷ་ཚོགས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །དམ་ཚིག་ཅན་གྱི་རྣལ་འབྱོར་ལ། །དངོས་གྲུབ་ཐམས་ཅད་སྟེར་མཛད་པའི། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱང་། །
དེ་རིང་མདུན་གྱི་ནམ་མཁར་བྱོན།།

༈ ཀྱཻ༑ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡེ་ཤེས་མགོན་པོ་ཕྱག་དྲུག་པ། །བཀའ་སྡོད་དམ་ཅན་རྒྱ་མཚོ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རྣམ་པར་སྣང་མཛད་ཐུགས་ཀ་ནས། །གུར་གྱི་མགོན་པོ་འཁོར་བཅས་རྣམས། དེ་རིང་མདུན་གྱི་ནམ་མཁར་བྱོན། །ཕྱི་ཡི་རྒྱ་མཚོའི་འགྲམ་ཤེད་ནས། །ཕྱག་བཞི་མགོན་པོ་འཁོར་བཅས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རི་རབ་ལྷུན་པོའི་བྱང་ཕྱོགས་ནས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། །ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །བྱང་ཤར་ཐོད་པའི་སྐུ་མཁར་ནས། །དམག་ཟོར་རྒྱལ་མོ་འཁོར་བཅས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཧ་ཧ་རྒོད་པའི་དུར་ཁྲོད་ནས། །རྡོ་རྗེ་ནག་པོ་ཞལ་བཞི་པ། །ཡུམ་བཞི་སྤྲུལ་པ་འཁོར་དང་བཅས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །འོག་མིན་ཆོས་ཀྱི་ཕོ་བྲང་ནས། །མགོན་པོ་བེང་གི་ལྷ་ཚོགས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །དུར་ཁྲོད་རོལ་པའི་གཞལ་ཡས་ནས། །དུར་ཁྲོད་བདག་པོ་འཁོར་བཅས་རྣམས། དེ་རིང་མདུན་གྱི་ནམ་མཁར་བྱོན། །མ་རུ་རྩེ་ཡི་དུར་ཁྲོད་ནས། །བེག་རྩེ་ལྕམ་སྲིང་འཁོར་བཅས་རྣམས། དེ་རིང་མདུན་གྱི་ནམ་མཁར་བྱོན། །ཆོས་འཁོར་དཔལ་གྱི་ལྷ་ས་ནས། །དཔལ་གྱི་ལྷ་མོ་འཁོར་བཅས་རྣམས། དེ་རིང་མདུན་གྱི་ནམ་མཁར་བྱོན། །འབྲི་གུང་དཔལ་གྱི་ནགས་ཁྲོད་ནས། །ཨ་ཕྱི་ཆོས་སྒྲོན་འཁོར་བཅས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །བལ་བོད་གཉིས་ཀྱི་མཚམས་ཤེད་ནས། །ཇོ་མོ་ཚེ་རིང་མཆེད་ལྔ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །རང་རང་སོ་སོའི་གནས་མཆོག་ནས། །མཛམ་གླིང་བསྟན་མ་བཅུ་གཉིས་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །པེ་ཧར་གཟའ་མཆོག་རྡོར་ལེགས་སོགས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ལྷ་རྒྱལ་རྨ་ཆེན་སྤོམ་ར་དང་། །ཇོ་བོ་སྒྱོགས་ཆེན་གདོང་ར་དང་། །ལྷ་ཆེན་འོ་དེ་གུང་རྒྱལ་དང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །སྲིད་པ་ཆགས་པའི་ལྷ་དགུ་དང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཁྱད་པར་གཉེན་ཆེན་ཐང་ལྷ་དང་། །གཉན་འཁོར་སུམ་བརྒྱ་དྲུག་ཅུ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །གཞན་ཡང་རྣལ་འབྱོར་དཔོན་སློབ་ཀྱི། །སྐྱེས་ལྷ་ཡུལ་ལྷ་དགྲ་ལྷ་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཉི་མ་ཟླ་བ་ལ་སོགས་པའི། །གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ས་ཡི་ལྷ་མོ་ལ་སོགས་པའི། །ས་བདག་ཡུལ་ལྷ་ཐམས་ཅད་ཀྱང་། །དེ་རིང་མདུན་གྱི་ནམ་མཁར་བྱོན། །ཡུལ་འདིའི་གནས་བདག་གཞི་བདག་རྣམས། །དེ་རིང་མདུན་གྱི་ནམ་མཁར་བྱོན།།

 

ཀྱཻཿ གུང་སྔོན་ནམ་མཁའ་ཡངས་པ་ལ། །རྒྱ་མཚོའི་སྙིང་པོ་སྤྲིན་དཀར་འཁྲིགས། །སྤྲིན་གྱི་སྙིང་པོ་སྦྲང་ཆར་འབབ། །འཛམ་གླིང་འཛིན་མའི་ས་གཞི་ལ། །ས་ཡི་སྙིང་པོ་རྩེཤིང་སྐྱེས། །རྩེ་བཅུད་སྙིང་པོ་བསངས་ཀྱིས་མཆོད། །བསང་ངོ་རྩ་བརྒྱུད་བླ་མ་བསངས། །མ་དད་ལོག་རྟོག་བྱུང་བ་སོགས། །དངོས་གྲུབ་བགེགས་རྣམས་དག་གྱུར་ཅིག །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བསངས། །དམ་ཚིག་ཉམས་ཆག་ཐམས་ཅད་ཀྱང་། །བསངས་མཆོད་འདི་ཡིས་དག་གྱུར་ཅིག །ཆོས་སྐྱོང་སྲུང་མ་ཐམས་ཅད་བསངས། །གཏང་རག་དུས་གཏོར་ཆག་པ་སོགས། །ཐུགས་དང་འགལ་བ་དག་གྱུར་ཅིག །ཡུལ་ལྷ་གཞི་བདག་ཐམས་ཅད་བསངས། །བྱ་བ་སྤྱོད་པ་མི་མཁས་པའི། །ཕོག་ཐུག་ཐམས་ཅད་ཞི་གྱུར་ཅིག །བསངས་འདིས་ཉམས་གྲིབ་དག་གྱུར་ཅིག།

 

ཀྱཻཿ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །བསངས་མཆོད་རྒྱ་ཆེན་དམ་པ་འདི། །ཏིང་ངེ་འཛིན་གྱིས་བྱིན་རླབས་པས། །དགྱེས་པ་ཐམས་ཅད་བསྐྱེད་གྱུར་ཅིག །གཙང་མ་ཆུ་ཡིས་བྲན་པ་ལས། །ཡོན་ཆབ་མཆོད་ཡོན་རྒྱ་མཚོས་མཆོད། །བསངས་ཤིང་མེ་ཏོག་རྒྱས་པ་ལས། །མེ་ཏོག་པདྨོའི་ཚལ་གྱིས་མཆོད། །བསངས་ཤིང་དུད་སྤྲིན་འཁྲིགས་པ་ལས། །བདུག་སྤོས་སྤོས་ཀྱི་དུད་པས་མཆོད། །བསངས་ལ་སྒྲོན་མེ་སྤར་བ་ཡིས། །སྣང་གསལ་མར་མེ་འབར་བས་མཆོད། །བསངས་ཀྱི་དྲི་ཞིམ་ཐུལ་བ་ཡིས། །དྲི་མཆོག་དྲི་ཡི་མཆོད་པས་མཆོད། །བསངས་ཀྱི་ཕྱེ་མར་ལ་སོགས་པའི། །ཞལ་ཟས་རོ་བརྒྱ་ལྡན་པས་མཆོད། །གདངས་སྙན་གླུ་དབྱངས་ལེན་པ་ཡི། །སྙན་པ་རོལ་མོའི་སྒྲ་ཡི་མཆོད། །གཟུགས་མཛེས་མཆོད་པས་སྤྱན་ལ་མཆོད། །སྙན་པའི་དབྱངས་ཀྱིས་སྙན་ལ་མཆོད། །དྲི་ཞིམ་སྤོས་ཀྱིས་ཤངས་ལ་མཆོད། །རོ་བརྒྱ་ཟས་ཀྱིས་ལྗགས་ལ་མཆོད། །ལྷ་རྫས་གོས་ཀྱིས་སྐུ་ལ་མཆོད། །རླུང་ལྟར་མགྱོགས་པ་རྟ་ཡིས་མཆོད། །དྲི་བྲལ་གཡང་ཆགས་ལུག་གིས་མཆོད། །འཕུར་ལྡིང་མཛེས་པ་བྱ་ཡིས་མཆོད། །ཡིད་འོང་ཞོལ་ཆེན་གཡག་གིས་མཆོད། །འོ་མའི་རྒྱུན་འཛིན་ཕྱུགས་ཀྱིས་མཆོད། །གསེར་གཡུ་མུ་ཏིག་བྱུ་རུ་སོགས། །རིན་ཆེན་སྣ་ཚོགས་དག་གིས་མཆོད། །རྒྱལ་སྲིད་རིན་ཆེན་བདུན་གྱིས་མཆོད། །བཀྲ་ཤིས་རྟགས་བརྒྱད་དག་གིས་མཆོད། །སྲ་ཞིང་བརྟན་པའི་གོ་ཆས་མཆོད། །རྣོ་ཞིང་ངར་བའི་མཚོན་ཆས་མཆོད། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཡེ་ཤེས་བདུད་རྩིར་བསྒྱུར་ནས་འབུལ། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །བདེ་བ་ཆེན་པོོར་བསྐྱེད་ནས་འབུལ། །ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །ཚོགས་ཀྱི་གཏོར་མར་བསྒྱུར་ནས་འབུལ། །ཡུལ་ལྷ་གཞི་བདག་ཚོགས་རྣམས་ལ། །ཅི་འདོད་རྫས་སུ་བསྒྱུར་ནས་འབུལ།།

ཀྱཻཿ མ་ལུས་དགྱེས་པ་བསྐྱེད་བྱེད་ཅིང་། །མཆོད་པའི་སྤྲིན་ཕུང་གཅིག་བསྡུས་པའི། །ལྷ་བསངས་དུད་སྤྲིན་ཆེན་པོ་འདིས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བསངས། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསངས། །གནས་བརྟན་ཆེན་པོ་བཅུ་དྲུག་བསངས། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་བསངས། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསངས། །རྙིང་མ་བརྒྱུད་པའི་བླ་མ་བསངས། །བཀའ་གདམས་བརྒྱུད་པའི་བླ་མ་བསངས། །བཀའ་བརྒྱུད་བརྒྱུད་པའི་བླ་མ་བསངས། །ལམ་འབྲས་བརྒྱུད་པའི་བླ་མ་བསངས། །ལམ་རིམ་བརྒྱུད་པའི་བླ་མ་བསངས། །རྩ་བའི་བླ་མ་ཐམས་ཅད་བསངས། །བླ་མེད་བརྒྱུད་ཀྱི་ལྷ་ཚོགས་བསངས། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བསངས། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་བསངས། །བྱ་བའི་རྒྱུད་ཀྱི་ལྷ་ཚོགས་བསངས། །མྱུར་མཛད་མགོན་པོ་འཁོར་བཅས་བསངས། །གུར་མགོན་ལྕམ་དྲལ་འཁོར་བཅས་བསངས། །ཕྱག་བཞི་མགོན་པོའི་ལྷ་ཚོགས་བསངས། །རྒྱལ་ཆེན་རྣམ་སྲས་འཁོར་བཅས་བསངས། །ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་བསངས། །དམག་ཟོར་རྒྱལ་མོ་འཁོར་བཅས་བསངས། །རང་བྱུང་རྒྱལ་མོ་འཁོར་བཅས་བསངས། །ནམ་མཁའི་གོས་ཅན་འཁོར་བཅས་བསངས། །ཞལ་བཞི་ཡབ་ཡུམ་འཁོར་བཅས་བསངས། །མགོན་པོ་བེང་གི་ལྷ་ཚོགས་བསངས། །དུར་ཁྲོད་བདག་པོ་འཁོར་བཅས་བསངས། །བེག་རྩེ་ལྕམ་སྲིང་འཁོར་བཅས་བསངས། །མ་ཅིག་དཔལ་ལྷ་འཁོར་བཅས་བསངས། །ཨ་ཕྱི་ཆོས་སྒྲོན་འཁོར་བཅས་བསངས། །ཚེ་རིང་མཆེད་ལྔ་འཁོར་བཅས་བསངས། །འཛམ་གླིང་བསྟན་མ་བཅུ་གཉིས་བསངས། །རྡོ་རྗེ་གཡུ་སྒྲོན་འཁོར་བཅས་བསངས། །རྡོ་རྗེ་གྲགས་རྒྱལ་འཁོར་བཅས་བསངས། །སྤྲུལ་པའི་ཆོས་སྐྱོང་འཁོར་བཅས་བསངས། །དམ་ཅན་རྡོར་ལེགས་འཁོར་བཅས་བསངས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བསངས། །ལྷ་རྒྱལ་རྨ་ཆེན་སྤོམ་ར་བསངས། །ཇོ་བོ་སྒྱོགས་ཆེན་གདོང་ར་བསངས། །ལྷ་ཆེན་འོ་དེ་གུང་རྒྱལ་དང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །སྲིད་པ་ཆགས་པའི་ལྷ་དགུ་དང་། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསངས། །ཁྱད་པར་གཉན་ཆེན་ཐང་ལྷ་དང་། །གཉན་འཁོར་སུམ་བརྒྱ་དྲུག་ཅུ་བསངས། །གཞན་ཡང་རྣམ་འབྱོར་དཔོན་སློབ་ཀྱི། །སྐྱེས་ལྷ་ཡུལ་ལྷ་དགྲ་ལྷ་བསངས། །ཉི་མ་ཟླ་བ་ལ་སོགས་པའི། །གཟའ་དང་རྒྱུ་སྐར་ཐམས་ཅད་བསངས། །ས་ཡི་ལྷ་མོ་ལ་སོགས་པའི། །ས་བདག་ཡུལ་ལྷ་ཐམས་ཅད་བསངས། །ཀླུ་རྒྱལ་མ་དྲོས་གཟི་ཆེན་དང་། །ཀླུ་ཆེན་བརྒྱད་པོ་ཐམས་ཅད་བསངས། །བྱེས་ལ་འགྲོ་བའི་ལམ་ལྷ་བསངས། །གཞིས་ལ་སྡོད་པའི་གཞི་བདག་བསངས། །ཐབ་ལ་གནས་པའི་མེ་ལྷ་བསངས། །ཆུ་ལ་གནས་པའི་ཆུ་ལྷ་བསངས། །རླུང་ལ་གནས་པའི་རླུང་ལྷ་བསངས། །ཚེ་དཔལ་བསྐྱེད་པའི་ལྷ་རྣམས་བསངས། །སྡོངས་གྲོགས་བྱེད་པའི་ལྷ་རྣམས་བསངས། སྒེར་གསོལ་དང་གཞི་བདག་གཏོར་མ་སོགས་འབུལ་བར་སྤྲོ་ན་སྐབས་འདིར་འབུལ། །༈ གསེར་སྐྱེམས་ནི། ཨོ་ཨཱཿཧཱུཾ། ལན་གསུམ།

ཀྱཻཿ རིན་ཆེན་ལས་གྲུབ་སྣོད་ཡངས་སུ། །འབྲས་ཆང་རྒུན་ཆང་སྦྲང་ཆང་སོགས། །རྩ་བ་འབྲས་བུ་འབྲུ་སྣའི་ཚོགས། །བརྒྱ་ཕྲག་ལས་འོངས་བདུད་རྩིའི་མཚོ། །ས་ལེ་སྦྲམ་དང་ཕྱེ་མར་བཅས། །སུམ་རྩེན་ཨ་མྲྀ་ཏར་འགྲན་པ། །ཟག་མེད་བདུད་རྩིར་བྱིན་རླབས་པའི། །འདོད་ཡོན་ལྔ་ལྡན་གསེར་སྐྱེམས་འདི། །དྲིན་ཅན་རྩ་བའི་བླ་མ་དང་། །རྗེ་བཙུན་བློ་བཟང་གྲགས་པ་སོགས། །བསླུ་མེད་དཀོན་མཆོག་གསུམ་ལ་འབུལ། །
གསེར་སྐྱེམས་དམ་པ་འདི་བཞེས་ལ། །བྱིན་རླབས་མཆོག་གི་བཀའ་དྲིན་སྩོལ། །ཁྱབ་བདག་རྡོ་རྗེ་འཆང་ཆེན་དང་། །འཇམ་དཔལ་གཤིན་རྗེའི་གཤེད་ལ་སོགས། །ཡི་དམ་ལྷ་ཚོགས་རྣམས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །དངོས་གྲུབ་མཆོག་གི་བཀའ་དྲིན་སྩོལ། །བཅོམ་ལྡན་ཚེ་དཔག་མེད་མགོན་དང་། །བཅོམ་ལྡན་ཤཱཀྱ་ཐུབ་པ་སོགས། །མགོན་པོ་སྲས་དང་བཅས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །ཅི་བསམ་འགྲུབ་པའི་བཀའ་དྲིན་སྩོལ། །མྱུར་མཛད་མགོན་པོ་ཆོས་ཀྱི་རྒྱལ། །དཔལ་ལྡན་དམག་ཟོར་རྒྱལ་མོ་སོགས། །ཆོས་སྐྱོང་སྲུང་མ་རྣམས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །བར་ཆད་སེལ་བའི་བཀའ་དྲིན་སྩོལ། །ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས། །ཡུལ་ལྷ་གཞི་བདག་ཐམས་ཅད་དང་། །ཁྱད་པར་རྒྱལ་པོ་སྐུ་ལྔ་སོགས། །ལྷ་སྲིན་སྡེ་བརྒྱད་རྣམས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །རུ་ང་ཞི་བའི་བཀའ་དྲིན་སྩོལ། །ཁྱད་པར་བདག་ཅག་འཁོར་བཅས་རྣམས། །བསྲུང་ཞིང་སྐྱོབ་པར་བྱེད་པ་དང་། །མགོན་སྐྱབས་དཔུང་གཉེན་བྱེད་པ་ཡི། །དགྲ་ལྷ་གཉན་པོ་རྣམས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །མཐུན་རྐྱེན་བསྒྲུབ་པའི་བཀའ་དྲིན་སྩོལ། །རིགས་དྲུག་སེམས་ཅན་ཐམས་ཅད་དང་། །ཁྱད་པར་གནོད་བྱེད་གདོན་བགེགས་དང་། །ལན་ཆགས་གཉེར་བ་རྣམས་ལ་འབུལ། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །སྡུག་བསྔལ་ལན་ཆགས་དག་གྱུར་ཅིག།། གསེར་སྐྱེམས་འདི་ལྕང་སྐྱ་གོང་མས་པར་དུ་འཇུག་པར་མཛད་དེ་པཎ་ཆེན་ཆོས་རྒྱན་གྱིས་གསུང་ངོ་། ། ཆོས་སྐྱོང་སྤྱི་ཡི་གསེར་སྐྱེམས་ནི།

 

ཧཱུཾ། རིགས་ཀུན་ཁྱབ་བདག་བློ་བཟང་གྲགས་པའི་དཔལ། །བསྐལ་བཟང་རྒྱལ་བ་རྒྱ་མཚོའི་དབང་ཕྱུག་སོགས། །རྩ་བརྒྱུད་བླ་མ་རིན་ཆེན་མཆོག་གསུམ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །འཇམ་དཔལ་དཔའ་བོ་རྡོ་རྗེ་འཇིགས་བྱེད་དང་། །ཧེ་རུ་ཀ་སོགས་རྣམ་མང་རྒྱུད་སྡེ་བཞི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དྲན་པ་ཙམ་གྱིས་ལྷན་སྐྱེས་བདེ་བའི་མཆོག །སྩོལ་མཛད་རྗེ་བཙུན་རྡོ་རྗེ་ཕག་མོ་སོགས། །གནས་གསུམ་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །མྱུར་མཛད་མགོན་པོ་དམ་ཅན་ཆོས་ཀྱི་རྒྱལ། །དཔལ་མགོན་ཞལ་བཞི་དྲེགས་པ་ལྕམ་དྲལ་སོགས། །མཐུ་ལྡན་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་རྒྱལ། །བོད་ཁམས་སྐྱོང་མཛད་བསྟན་མ་བཅུ་གཉིས་དང་། །སྐྱེས་ལྷ་ཡུལ་ལྷ་འཁོར་དང་བཅས་པ་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །དྲེགས་པའི་སྡེ་དཔོན་ཆོས་རྒྱལ་སྐུ་ལྔ་དང་། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བཙན་རྒོད་ཆེན་པོ་ཙིའུ་དམར་འཁོར་བཅས་ལ། །གསེར་སྐྱེམས་མཆོད་པ་འབུལ་ལོ་བཞེས་སུ་གསོལ། །ལྷ་མཆོག་ཚངས་པའི་རྒྱལ་པོ་ཞི་དང་ཁྲོ། །སྤྲུལ་པ་ཡང་སྤྲུལ་རུ་འདྲེན་དྲེགས་པ་བཅས། །སྲིད་གསུམ་སྡེ་བརྒྱད་འབྱུང་པོའི་དམག་ཚོགས་ཀུན། །གསེར་སྐྱེམས་འདི་བཞེས་ཐུགས་དམ་སྐོངས་གྱུར་ཅིག།

 

ལྷ་མོའི་གསེར་སྐྱེམས་ནི།

 

བྷྱཽ༔ རྣམ་འདྲེན་བསྟན་པ་སྲུང་བའི་ཆོས་སྐྱོང་མཆོག །རྣལ་འབྱོར་བུ་བཞིན་སྐྱོང་བའི་མཐུ་རྩལ་ཅན། །འདོད་ཁམས་བདག་མོ་དཔལ་གྱི་ལྷ་མོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །དོན་དམ་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་དགྲ་འདུལ་ཕྱིར་དྲག་མོའི་སྐུར་བཞེངས་པ། །མ་གཅིག་དཔལ་ལྡན་སྲིད་གསུམ་རྒྱལ་མོ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །སྲིན་མོ་དྲག་ཏུ་ཁྲོས་པའི་རྣམ་འགྱུར་གྱིས། །གཙོ་མོའི་སྔ་ཕྱིར་རྒྱུག་པའི་ལས་མཁན་ཟུང་། །ཆུ་སྲིན་སེང་གེའི་གདོང་ཅན་རྣམ་གཉིས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །བཀྲ་ཤིས་ཚེ་རིང་མཐིང་གི་ཞལ་བཟང་མ། །མི་གཡོ་བློ་བཟང་ཅོད་པན་མགྲིན་བཟང་མ། །གཏད་དཀར་འགྲོ་བཟང་མཁའ་འགྲོ་མཆེད་ལྔ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །རྡོ་རྗེ་ཀུན་གྲགས་ལ་སོགས་བདུད་མོ་བཞི། །རྡོ་རྗེ་སྤྱན་གཅིག་ལ་སོགས་གནོད་སྦྱིན་བཞི། །ཀོང་བཙུན་དེ་མོ་ལ་སོགས་སྨན་མོ་བཞིར། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ལྷ་ཆེན་ཚངས་པ་ཡུམ་སྲས་བློན་པོར་བཅས། །སྤྲུལ་པ་ཡང་སྤྲུལ་བྱེ་བའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གཞན་ཡང་ས་གཞི་བར་སྣང་ཁྱོན་གང་བའི། །ལྷ་ཀླུ་གནོད་སྦྱིན་སྲིན་མོའི་གཟུགས་འཛིན་པ། །བཀའ་གཉེན་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །ཆོས་འཁོར་བཀའ་སྲུང་ཀླུ་བཙན་དབང་གི་མདོག །ཀོག་མ་གྲིབ་བཙན་རྡོ་རྗེ་གཤོག་རྒོད་རྩལ། །བཙན་འཁོར་སུམ་བརྒྱ་དྲུག་ཅུ་བཅས་པ་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །

 

སྐུ་ལྔའི་གསེར་སྐྱེམས་ནི། ཧཱུཾཿ གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོའི་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོའི་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ནུབ་ཕྱོགས་གསུང་གི་རྒྱལ་པོའི་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །བྱང་ཕྱོགས་འཕྲིན་ལས་རྒྱལ་པོའི་སྤྲུལ་པ་ཡུམ། །བློན་པོ་འཁོར་དང་བཅས་པ་མ་ལུས་པ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །ཁྱད་པར་དགྲ་ལྷ་སྐྱེས་གཅིག་གསུང་གི་རྒྱལ། །བློན་པོ་རྡོ་རྗེ་གྲགས་ལྡན་མཐུ་རྩལ་ཅན། །སྐུ་ལྔའི་རྣམ་རོལ་གཅིག་ཏུ་མ་ངེས་པ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། །རིན་ཆེན་གསེར་དངུལ་འོད་འབར་སྣོད་ཡངས་སུ། །འབྲས་ཆང་རྒུན་ཆང་ནས་ཀྱི་ཆང་ཕུད་སོགས། །མཚོ་ལྟར་རབ་བསྐྱིལ་ཟག་མེད་གསེར་སྐྱེམས་འདི། །བསྟན་སྐྱོང་ཆེན་མོ་འཁོར་དང་བཅས་ལ་འབུལ། །ཆོས་རྒྱལ་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་ཡི། །མཐུ་ལྡན་དགྲ་ལྷའི་གཙོ་བོ་བྷ་ལྷ་ཝ། །སྤྲུལ་པ་ཡང་སྤྲུལ་བྱེ་བས་ཚོགས་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།

 

༈ ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། །བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །གནོད་སྦྱིན་ཡང་གྷ་བཟའ་སོགས་བསྟན་མ་དང༌། །རྒྱལ་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། །ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །
སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཙིའུ་དམར་ལ་སོགས་འབར་བ་སྤུན་བདུན་དང༌། །གསང་ཕུ་བསེ་ཡི་ཁྲབ་ཅན་གྱིས་མཚོན་པ། །འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། །གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། །དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །རྡོ་རྗེ་འཆང་དབང་རྩ་རྒྱུད་བླ་མ་ཡི། །སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། །ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། །སྔོན་གྱི་དམ་ཚིག་ཉམས་པར་མི་འགྱུར་རམ། །མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། །མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་པ། །འབྱུང་པོ་སྡེར་བཅས་མཐུ་སྟོབས་ནུས་པ་དང༌། །ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག །ཅེས་པ་འདི་ནི་༸གོང་ས་ལྔ་པ་ཆེན་པོས་མཛད་པའོ།།

 

༈ སྡེ་བརྒྱད་གསེར་སྐྱེམས་བཞུགས་སོ།།

༄༅། །དེ་ནས་གསེར་སྐྱེམས་ནི། གནས་གཙང་མར་ལྷ་བཤོས་རི་རབ་། ཆང་ཕུད། ལོ་ཕུད། མེ་ཏོག་སྣ་ཚོགས། རྩི་སྨན། མངར་གསུཾ། ཤ་སྣ། སྨན་སྣ། འབྲུ་སྣ། དར་སྣ། ཟས་སྣ་གང་འབྱོར་བཤམས་ལ། སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས། རང་ཡིད་དམ་གང་བྱེད་ཀྱང་བསྒོམས་ལ། རྫས་རྣཾས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། ཏིང་འཛིན་ངང་ནས་འདི་སྐད་དོ།།

 

ཧཱུྃ། སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་གཏེར་སྲུང་ཚོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མིན་དབང་པོ་ཐགས་བཟང་དང་། །མིའམ་ཅི་ལྗོན་རྟ་མགོ་དང་། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་པ་དང་། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་ལ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱྭ་སངས་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་སྦྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །མ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླའི་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །བདུད་པོ་ཁ་མཐུན་ཡཀྵ་དང་། །གཤིན་རྗེ་གཤེད་པོ་དམར་པོ་དང་། །ཀླུ་བདུད་ནཱ་ག་ར་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོགས་དང་། །མ་མོ་སྲིན་པོའི་ཁྲམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རི་ཏི་མགོ་ཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །སྐར་མཆོག་ཁྲཾ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་ཡཀྵ་དང་། །བཙན་མཆོག་གྲི་བཙན་འཐུ་བོོ་དང་། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལི་བྱིན་ཧ་ར་དང་། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །མཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་རྨུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཆིན་པ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་དང་། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་སྒོམ་ར་ནག་པོ་དང་། །ས་ཡི་ལྷ་མོ་བསྟན་མ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ།།

 

༈ ཀྱཻཿ མ་སྨད་བསོད་ནམས་མཐུ་དང་སྨོན་ལམ་གྱིས། །ཕྱག་ན་པདྨོའི་གདུལ་ཞིང་བསིལ་ལྡན་ལྗོངས། །མཐའ་དབུས་ཡུལ་ཁམས་སྐྱོང་ཕྱིར་དེ་དང་དེར། །གནས་ཤིང་རྒྱུ་བའི་ཡུལ་ལྷ་གཞི་བདག་དང་། །ཁྱད་པར་ཚེ་རིང་མཆེད་ལྔ་བརྟན་མའི་ཚོགས། །སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་སོགས། །བོད་སྐྱོང་ལྷ་སྲུང་གཉན་པོ་མཆེད་འཁོར་རྣམས། །གདུང་བས་འབོད་དོ་འདིར་བྱོན་མགྲོན་དུ་བཞུགས། །རྫས་སྔགས་ཏིང་འཛིན་རོལ་པ་ལས་བྱུང་བའི། །དཀར་གསུམ་མངར་གསུམ་ཕྱེ་མར་ཆང་ཕུད་སོགས། །ཡིད་འོང་བཟའ་བཅའི་བྱེ་བྲག་དུ་མ་དང་། །རིན་ཆེན་དར་ཟབ་གོ་མཚོན་སྤྱན་གཟིགས་ཚོགས། །མི་གཙང་ཉེས་ཀུན་སེལ་བའི་བསངས་མཆོད་དང་། །སྙིང་ནས་འཛའ་ཞིང་དབུ་འཕང་མཐོར་བཏེག་སྟེ། །གསོལ་ལོ་མཆོད་དོ་དམ་སྐོང་དགྱེས་མཛོད་ལ། །བག་མེད་ལས་ལོས་ནོངས་པ་ཅི་མཆིས་བཤགས། །ཡང་དག་ལྟ་དང་གཞན་ཕན་བྱང་ཆུབ་སེམས། །ཐུབ་པའི་བཀའ་ལུང་བསླུ་བ་མེད་པའི་མཐུས། །སྙིང་རྗེའི་ཡུལ་གྱུར་ནག་ཕྱོགས་སྡེར་གཏོགས་ཀུན། །སྡང་དང་གདུག་པའི་བློ་ངན་རབ་ཞི་ནས། །བླང་དོར་འབྱེད་པའི་བློ་མིག་མྱུར་ཐོབ་ཅིང་། །དུས་ཀྱི་རྒུད་པའི་མུན་པ་ཡོངས་སངས་ཏེ། །ཆོས་སྲིད་རང་དབང་གཙང་མའི་སྣང་བའི་དཔལ། །འཆར་བར་ངེས་སོ་དམ་ལྡན་སྙིང་མ་ཞུམ། །སྔོན་ཚེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་། །༸རྒྱལ་བློན་སེམས་དཔའ་དུ་མས་བཀའ་བསྒོས་ཤིང་། །ད་ལྟ་རིག་འཛིན་རྣལ་འབྱོར་བདག་ཅག་གིས། །གདུང་ཤུགས་དྲག་པོས་མཆོད་ཅིང་ཉེར་བསྐུལ་ན། །རང་རང་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ། །རང་ཡུལ་གངས་ཅན་ཞིང་དུ་བདེ་སྐྱིད་དཔལ། །མྱུར་དུ་བཞད་པའི་རྣམ་བཞིའི་འཕྲིན་ལས་ཀུན། །མ་ཐོགས་ད་ལྟ་ཉིད་དུ་སྒྲུབ་ཤིག་ཀྱེེ། །ལྷག་པར་གངས་ཅན་མགོན་པོ་དང་། །བསྟན་འཛིན་དམ་པའི་སྐུ་ཚེ་སྲིངས། །མཁའ་མཉམ་བསྟན་འགྲོའི་བདེ་སྐྱིད་སྤེལ། །བཞེད་དོན་ལྷུན་གྱིས་འགྲུབ་པར་མཛོད༎

 

ཀྱཻཿ བླ་མ་ཡི་དམ་སྲུང་མ་ཡིས། །བསངས་མཆོད་རྒྱ་ཆེན་འདི་བཞེས་ལ། །རྣམ་འབྱོར་དཔོན་སློབ་འཁོར་བཅས་ལ། །མི་འགྱུར་མཆོག་གི་དངོས་གྲུབ་སྩོལ། །བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །བར་ཆད་ཞི་བའི་དངོས་གྲུབ་སྩོལ། །ནད་གདོན་ཞི་བའི་དངོས་གྲུབ་སྩོལ། །ཚེ་དཔལ་རྒྱས་པའི་དངོས་གྲུབ་སྩོལ། །ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ། །དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྨ་གཡང་ཟས་ཀྱི་དངོས་གྲུབ་སྩོལ། །རྟ་ནོར་ཕྱུགས་ཀྱི་དངོས་གྲུབ་སྩོལ། །གཟུགས་མཛེས་ལང་ཚོའི་དངོས་གྲུབ་སྩོལ། །སྙན་པའི་སྒྲ་ཡི་དངོས་གྲུབ་སྩོལ། །དྲི་ཞིམ་སྤོས་ཀྱི་དངོས་གྲུབ་སྩོལ། །རོ་བརྒྱ་ཟས་ཀྱི་དངོས་གྲུབ་སྩོལ། །འཇམ་མཉེན་གོས་ཀྱི་དངོས་གྲུབ་སྩོལ། །དགེ་ལྡན་གྲོགས་ཀྱི་དངོས་གྲུབ་སྩོལ། །ཉེ་འཁོར་འཁོར་གྱི་དངོས་གྲུབ་སྩོལ། །རྫུ་འཕྲུལ་དཔའ་རྩལ་དངོས་གྲུབ་སྩོལ། །སྲ་བཙན་གོ་ཆའི་དངོས་གྲུབ་སྩོལ། །རྣོ་ངར་མཚོན་གྱི་དངོས་གྲུབ་སྩོལ། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ།།

 

ཀྱཻཿ ཡེ་ཤེས་དབང་རྫོགས་གཞལ་ཡས་ནས། །དགྲ་ལྷ་གཉན་པོ་དཔང་བསྟོད་དོ། །གུང་ལ་ཉི་མ་ཤར་བ་བཞིན། །དགྲ་ལྷ་གཉན་པོ་དཔང་བསྟོད་དོ། །ཉི་ཟླས་མུན་པ་འཇོམས་པ་བཞིན། །དགྲ་ལྷ་གཉན་པོ་དཔང་བསྟོད་དོ། །རྩ་བརྒྱུད་བླ་མས་བྱིན་གྱིས་རློབས། །ཡི་དམ་ལྷ་ཡིས་རྒྱབ་བརྟེན་མཛོད། །ཆོས་སྐྱོང་སྲུང་མས་དགྲ་ལྷ་མཛོད། །དགྲ་ལྷ་གཉན་པོ་མཆོད་ཙ་ན། །གནམ་དང་ཉི་ཟླ་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག །ལུས་དང་གྲིབ་མ་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག། །སེངྒེ་གངས་དང་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག །ཁྱུང་དང་གཤོག་སྒྲོ་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག །འབྲུག་དང་འབྲུག་སྐད་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག།།སྟག་དང་ནགས་ཚལ་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག།།ཉ་མོ་ཆུ་དང་འགྲོགས་པ་བཞིན། །དགྲ་ལྷ་མི་དང་མ་འབྲལ་ཅིག །གཞིས་ལམ་བྱེས་གསུམ་ཐམས་ཅད་དུ། །བདག་ཅག་གར་འགྲོ་གར་འདུག་ཀྱང་། །དགྲ་ལྷ་གཉན་པོས་སྡོངས་གྲོགས་མཛོད། །ཁ་འཛིན་རྒྱབ་བརྟེན་དཔུང་གཉེན་མཛོད། །ཀི་ཀི་བསྭོ་བསྭོ་ཆེའོ། ལྷ་རྒྱལ་ལོ།།

 

ཀྱཻཿ གུང་སྔོན་མཐོན་པོའི་དཀྱིལ་ཤེད་ནས། །ཉི་མ་ཟླ་བའི་གསལ་གཡང་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །སྟེང་ཕྱོགས་ལྷ་ཡི་ཕོ་བྲང་ནས། །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ལྷ་ཡི་ཕུན་ཚོགས་གཡང་ཆགས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །འོག་ཕྱོགས་ཀླུ་ཡི་ཕོ་བྲང་ནས། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཡི་ལོངས་སྤྱོད་གཡང་ཆགས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །རི་རབ་ལྷུན་པོའི་ཁོང་སེང་ནས། །རྣམ་ཐོས་སྲས་ལ་སོགས་པ་ཡི། །གནོད་སྦྱིན་མཐུ་སྟོབས་གཡང་ཆགས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །རྒྱལ་པོའི་རིགས་རྒྱུད་ལྷུན་ཆགས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །བློན་པོའི་བག་ཡོད་དཔའ་རྩལ་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །ནོར་བུའི་དགོས་འདོད་ཀུན་སྩོལ་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །མཁས་པའི་ཤེས་རབ་ཐབས་མཁས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །བཙུན་མོའི་སྤྱོད་ལམ་མཛེས་པ་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །བཟང་པོའི་ཡོན་ཏན་ཕུན་ཚོགས་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །དཔའ་བོའི་དཔའ་རྩལ་ཡང་རྩལ་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །མང་པོའི་དཔུང་ཚོགས་གྲངས་མེད་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །ཕྱུག་པོའི་ནོར་རྫས་ལོངས་སྤྱོད་དེ། །དེ་རིང་འདི་རུ་གཡང་ལ་བྱོན། །མགྱོགས་ཤིང་ཤུགས་ཆེན་རྟ་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །འོ་མའི་རྒྱུན་འཛིན་ནོར་གྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །བདེ་ཞིང་མྱུར་མགྱོགས་ལམ་གྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །སྤྲོ་ཞིང་བག་ཕེབས་གནས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །མཛེས་ཤིང་བརྗིད་ཆགས་གཟུགས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །སྙན་ཞིང་ལྷུན་ཆགས་སྐད་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཞིམ་མངར་འཛོམས་པ་ཟས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །འཇམ་མཉེན་འཛོམས་པ་གོས་ཀྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཅི་འདོད་སྒྲུབ་པ་འཁོར་གྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཡིད་འོང་ཉེར་མཁོ་ནོར་གྱི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །ཐུ་ཞིང་སྐད་བཟང་ཁྱི་ཡི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །སྟོབས་ཆེན་མྱུར་མགྱོགས་ཁལ་མའི་གཡང་། །དེ་རིང་འདི་རུ་གཡང་ལ་བྱོན། །བཀྲ་ཤིས་ཕུན་ཚོགས་གཡང་ཆགས་རྣམས། །དེ་རིང་འདི་རུ་གཡང་ལ་བྱོན། །གཡང་ཆགས་མི་འགྱུར་བཀྲ་ཤིས་ཤོག །

 

ཀྱཻཿ རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །བྱིན་རླབས་དངོས་གྲུབ་བཀྲ་ཤིས་ཤོག །ཡི་དམ་ལྷ་ཚོགས་བཀྲ་ཤིས་ཤོག །དངོས་གྲུབ་སྩོལ་བའི་བཀྲ་ཤིས་ཤོག །ཆོས་སྐྱོང་སྲུང་མའི་བཀྲིས་ཤོག །བར་ཆད་ཞི་བའི་བཀྲིས་ཤོག །ཡུལ་ལྷ་གཞི་བདག་བཀྲ་ཤིས་ཤོག །མཐུན་རྐྱེན་བསྒྲུབ་པའི་བཀྲ་ཤིས་ཤོག།

 

ཀྱཻཿ སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་སྐྱོང་ཡུན་རིང་ཞབས་བརྟན་ཤོག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་རིང་ནད་མེད་ལོངས་སྤྱོད་ཕུན་སུམ་ཚོགས། །དོན་རྣམས་ཐམས་ཅད་ཡིད་བཞིན་འགྲུབ་པ་དང་། །འགྲོ་བའི་དོན་ལ་མཐུ་དང་ལྡན་པར་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

 

ཀྱཻཿ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད། །དགེ་འདུན་སྡེ་སྐྱོང་རྣལ་འབྱོར་ཚེ་དཔལ་སྤེལ། སྙན་པའི་དར་ཕྱོར་གྲགས་པའི་དུང་བུས་ལ། །འཁོར་དང་ལོངས་སྤྱོད་རྒྱས་པ་ཉིད་དུ་མཛོད། །རྒས་མེད་ལང་ཚོ་ལྡན་པའི་ལུས་སྟོབས་རྒྱས། །མིག་ལ་ཡ་མཚན་ལྟད་མོ་དགའ་བས་གང་། །རྣ་བར་རྟག་ཏུ་སྙན་པའི་གཏམ་ཐོས་ཤིང་། །དྲི་ཞིམ་ངད་པ་སྣ་དང་མི་འབྲལ་ཞིང་། །ཟས་སྐོམ་འབྱོར་པས་རོ་འཛིན་ཚིམ་པར་མཛོད། །ལུས་ལ་རེག་བྱ་བདེ་བ་ཁོ་ནས་འཚོ། །ཡིད་ལ་རྣམ་པར་གྲོལ་བའི་ཤེས་རབ་དང་། །ཟག་མེད་བདེ་བས་ནམ་ཡང་ངོམས་པར་མཛོད། །ཁྱོད་གསོལ་ཁྱོད་བསྟེན་ཁྱེད་བསྒྲུབས་ཁྱེད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་གདུང་ཆེ་བར་མཛོད། །གཞིས་སུ་བཀྲ་ཤིས་ཕུན་ཚོགས་ལོངས་སྤྱོད་ལྡན། །བྱེས་སུ་ལམ་འཕྲང་ཆུ་ལས་སྒྲོལ་འདོན་མཛོད། །འཇིགས་སར་དགྲ་ཇག་ཆོམ་རྐུན་འཚེ་བ་སྐྱོབས། །མདོར་ན་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །བླ་མེད་རྫོགས་པའི་བྱང་ཆུབ་བསྒྲུབ་པ་ལ། །འགལ་རྐྱེན་བར་དུ་གཅོད་པ་ཞི་བ་དང་། །མཐུན་རྐྱེན་བསམ་དོན་ལྷུན་གྱིས་གྲུབ་པར་མཛོད། །བཅོལ་བའི་འཕྲིན་ལས་མ་ལུས་བསྒྲུབ་པར་མཛོད། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །རྒྱལ་བ་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི། །མཆོག་གི་སྤྲུལ་སྐུ་བློ་བཟང་མཁྱེན་བརྩེའི་གཏེར། །དཔལ་ལྡན་བསྟན་པའི་ཉི་མ་ཞབས་བརྟན་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་གྱུར་ཅིག །ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་། །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །བསྟན་པའི་བདག་པོ་སྟོན་པ་ཤཱཀྱ་ཐུབ། །སླར་ཡང་པདྨ་འབྱུང་ནས་ཨ་ཏི་ཤ །བློ་བཟང་གྲགས་པ་རྩ་བའི་བླ་མ་སོགས། །དབྱེར་མེད་སྤྲུལ་པའི་བྱིན་རླབས་འཇུག་པར་ཤོག། །།

བརྒྱུད་སྐུལ།

མཆན་སྤེལ།