བོད་ཀྱི་ལོ་རྒྱུས་དང་ལོ་ཚིགས་ཁོག་དབུབ།

བོད་ཀྱི་ལོ་རྒྱུས་དང་ལོ་ཚིགས་ཁོག་དབུབ།

བོད་ཀྱི་ལོ་རྒྱུས་དང་ལོ་ཚིགས་ཁོག་དབུབ།

བཅུ་པ། ཚིགས་ལ་བཙན་ལྔ་།
སྤྱི་ལོ་ (304 – 452 ) ADE

འདིར་ཚིགས་ལ་བཙན་ལྔ་ཞེས་པའི་ ”ཚིགས་”འདི་ལ་དམིགས་སུ་བཀར་དགོས་པའི་རྒྱུ་མཚན་ནི། དག་ཡིག་མ་ནོར་ལམ་བཟང་ལས། “ཕ་རྒྱུད་གཉེན་གྱི་མི་ཚིགས་ལྔ་དང་། མ་རྒྱུད་གཉེན་གྱི་མི་ཚིགས་བདུན་བར་བྱེད་” ཅེས་བྱུང་བས། སྤུ་རྒྱལ་བཙན་པོའི་རུས་རྒྱུད་དེ་མ་རྒྱུད་ཡིན་པ་དང་། དེའི་དབང་གིས་བོད་ཀྱི་སྤུ་རྒྱལ་དབུས་ཀྱི་ཆབ་སྲིད་ཀྱི་མདུན་ས་གཙོ་བོ་བཙན་པོའི་ཞང་བློན་ཆེན་པོ་རྣམས་ཀྱིས་བཟུང་ཞིང་།སྔར་བོད་ཀྱི་སྤྱི་ཚོགས་ནང་ས་ཁང་དག་ཀྱང་བུད་མེད་རྣམས་ཀྱིས་བདག་བྱེད།

ཚིགས་ལ་བཙན་ལྔའི་གོང་དུ་སྤུ་རྒྱལ་གྱི་གདུང་རྒྱུད་ནི་ལྷ་ལས་འཆད་པ་དང་། བཙུན་མོ་རྣམས་ནི་ཀླུ་ལས་འཆད་པར་བརྩི་བས། སྤྱི་ཚོགས་ནང་མངོན་པར་མཐོ་བའི་གོ་གབས་བཟུང་ཡོད་པ་དེ་ལྟར་ཡང་། སྤུ་རྒྱལ་ཉེར་ ༢༨ པ། རྒྱལ་ཏོ་རེ་ལོང་བཙན་ནས་བཟུང་བཙུན་མོ་རྣམས་ཕལ་པ་མིའི་བུ་མོ་དང་གཉེན་བསྲེས་པས། ཚིགས་ལ་བཙན་ལྔ་ཞེས་དམིགས་སུ་བཏོན་ནས་གསུང་། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། “འདི་ཡན་ཡུམ་རྣམས་ལྷ་མོ་ཀླུ་མོ་ཡིན། །བཙུན་མོའི་རྟེན་དོག་ལ་མི་འཚེར་ཞེས་སྤུར་མི་ཡོང་སྐད།དེ་ཕྱིར་ལྷ་སྲས་ལྡེ་སྲས་ཞེས་པར་གྲགས། །འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོན་དུ་ལྷ་སྲས་བཙན་པོ་ཟེར། །” ཞེས་བྱུང་བས། འདིའི་སྐབས་ནས་བཟུང་ཡབ་ཀྱི་གཅེན་གཅུང་དག་ལ་སྔར་’ལྷ་སྲས་’ཞེས་པའི་ཚབ་ཏུ་’ལྡེ་སྲས་’ཞེས་དང་། དེ་བཞིན་དུ་ཡུམ་གྱི་གཅེན་གཅུང་དག་ལ་’ཇོ་བོའི་’ཚབ་ཏུ་’ཞང་པོ་’ཞེས་པའི་མིང་འདི་འབོད་སྲོལ་བྱུང་བ་མ་ཟད། ད་ཆ་མི་ཕལ་པ་དང་ཁྱད་མེད་བས། སྤྱི་ཚོགས་ཐོག་མཚན་མཐོང་ཡང་ཆགས་ཤིང། དེ་ནས་བཟུང་བོན་གྱི་གཤེན་པོ་སྐུ་སྲུང་དུ་བསྒྱུར་བ་དག་ཀྱང་། སླར་སྐུ་གཤེན་གྱི་གོ་གནས་སླར་གསོ་རང་བཞིན་གྱིས་བྱུང་འདུག །
ཡང་དེ་སྐབས་ངོ་མཚར་བ་ཞིག་ལ་བོད་ཀྱི་ཁྱབས་ཁོངས་སུ་བུད་མེད་ཀྱི་གསར་བརྗེ་ཆེན་པོ་ཞིག་བྱུང་སྟེ།བོད་ཀྱི་ཤར་ནུབ་མཐའ་མཚམས་ཁུལ་དུ་བུད་མེད་ཀྱི་རྒྱལ་ཁབ་གཉིས་བྱུང་སྟེ། བོད་ནུབ་ཕྱོགས་ཀྱི་བུད་མེད་རྒྱལ་ཁབ་དེ། ཀ་ཤིསྨི་རྀའི་ཡིག་རྙིང་ནང་དུ། དེ་ནི་ཧི་མཱ་ལ་ཡའི་བྱང་ཕྱོགས་དང་། ཀ་ཤིསྨི་རྀའི་ཤར་ཕྱོགས། ལི་ཡུལ་གྱི་ལྷོ་ངོས་འདུས་མཚམས་སུ་གནས་ཡོད་པ་བཤད། དེ་བཞིན་ཏའོ་ཤོན་道宣གྱི་ལོ་རྒྱུས་འགོད་ཐོ་《釋迦方志》ཞེས་པའི་ནང་”བུད་མེད་ཀྱི་རྒྱལ་ཁབ་དེ་ནི་རྒྱ་གར་གྱི་ཁོངས་སུ་མ་གཏོགས་ཤིང་། དེ་ནི་ཞང་ཞུང་ཆེན་པོའི་ཁོངས་སུ་གཏོགས།” ཞེས་བྱུང་།

བོད་ཤར་ཕྱོགས་ཀྱི་བུད་མེད་ཀྱི་རྒྱལ་ཁབ་དེ་ནི། རྒྱ་ནག་གི་རྒྱལ་རབས་ཐང་ཡིག་གསར་རྙིང་སོགས་ནས།“ཤར་བུད་མེད་ཀྱི་རྒྱལ་ཁབ་དེ་ནི་འཇང་རིགས་ནུབ་མར་གཏོགས་” ཞེས་བྱུང་བ་དང་། དེའི་ཤར་ཕྱོགས་མི་ཉག་ལ་ཐུག །ཤར་ནུབ་ཀྱི་མངའ་ཁོངས་ལ་ཉིན་བཞག་ ༩ ལམ་ཐག་དང་། ལྷོ་ནུབ་ཀྱི་མངའ་ཁོངས་ལ་ཉིན་ཞག་ ༢༠ ལམ་ཐག་ཡོད་པ་དང་། གྲོང་བརྡལ་ཆེ་ཆུང་བསྡོམས་ ༨༠ སྐོར་ཡོད་པ། རྒྱལ་ས་ནི་康延川ཡིན་པར་བཤད་པས། དེ་ནི་འཇུ་གཙང་པོའི་གཞུང་དུ་ཆགས་ཡོད་པའི་རྒྱལ་མོ་ཚ་བ་རོང་ལྟེ་གནས་བྱས་པའི་ཁུལ་དེ་ཡིན། དུད་ཁྱིམ་ཁྲི་བཞི་ལ་དམག་ཧྲག་ཁྲི་བརྒལ་བ་སོགས་ཡོད་ཚུལ་ཞིབ་པར་རྟོགས་པར་འདོད་ན་ཐང་ཡིག་གསར་རྙིང་སོགས་ལ་གཟིགས། དེའི་ལོ་དུས་ནི། རྒྱ་ནག་གི་ལྷོ་བྱང་རྒྱལ་རབས་ལས། བྱང་མའི་རྒྱལ་རབས་ནང་ ”ཏོ་ཁའི་ཁྲི་ལོ་ ༦ པ། སྤྱི་ལོ་ 586 ལོར་བུད་མེད་རྒྱལ་ཁབ་ནས་རྒྱལ་ཁང་ལ་ཕོ་ཉ་བཏང་བའི་རྗེས་སུ་རིམ་པས་མེད་པར་གྱུར།” ཅེས་འཁོད་པས། དེ་ནི་ཚོད་དཔག་བྱས་ན་སྤུ་རྒྱལ་ཚིག་ལ་བཙན་ལྔའི་དཀྱིལ་ཙམ་ནས་བྱུང་བར་བསམས།

དུས་དེ་ནས་བཟུང་བོད་ལ་ཕ་རྒྱུད་ཀྱི་རིགས་རུས་འདེད་སྲོལ་ཡང་བྱུང་བ། བོད་མིའུ་གདུང་དྲུག་ཅེས་པ་ཡོངས་སུ་གྲགས་དེའང་ཡུག་ཐོག་ཏུ་འཁོད་པ་སྙམས་ཡང་། མ་རྒྱུད་རིགས་རུས་དེ་དག་བོད་བཙན་པོའི་རྒྱལ་རབས་ཐོར་བའི་རྗེས་སུའང་ཅི་ཐད་ནས་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་གནས་སོ།།

༢༤༽ སྤུ་རྒྱལ་རྒྱལ་ཏོ་རེ་ལོང་བཙན།
༢༥༽ སྤུ་རྒྱལ་ཁྲི་བཙན་ནམ།
༢༦༽ སྤུ་རྒྱལ་ཁྲི་དགྲ་དཔུང་བཙན།
༢༧༽ སྤུ་རྒྱལ་ཁྲི་ཐོག་བཙན་པོ།
༢༨༽ སྤུ་རྒྱལ་ལྷ་ཐོ་ཐོ་སྙ་བཙན།

སྤྱི་ལོ་ ཤིང་ཁྱི་ (373 – 452 ) ལྕགས་ཡོས། AD འཚོ་ལོ་ ༧༩
སྤུ་རྒྱལ་ལྷ་ཐོ་ཐོ་སྙ་བཙན་གྱི་འཁྲུངས་ལོའི་ཐད། ཤིང་ཁྱི་ 373 ཡིན་པ་འདི་མཁས་དབང་འཇུ་མི་ཕམ་རིན་པོ་ཆེ་དང་། རྫ་དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་བཞེད་པར་ཁུངས་བྱས་ཤིང་། གཤེགས་ལོ་ཆུ་འབྲུག་ 452 ཡིན་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་<གཡའ་སེལ་>སོགས་ལ་ཁུངས་བྱས། དེ་བཞིན་<དུང་དཀར་ཚིག་མཛོད་>དུ་<རྒྱལ་རབས་གསལ་མེར><་བཀའ་གཙིགས་ཆེན་མོའི་>ལུང་དྲངས་ཏེ། “ལྷ་ཐོ་ཐོ་སྙ་བཙན་འདས་ནས་ལོ་ ༡༡༡ ན་གནམ་རི་སྲོང་བཙན་བྱོན་ (༥༦༢)གསུངས་པ་ཡང་བོད་ལོ་རྩིས་ཚུལ་དུ་རྩིས་འགོ་ཏག་ཏག་ཐུག་འདུག །
བཙན་པོ་འདིའི་དུས་སུ་དམ་པའི་ཆོས་དབུ་བརྙེས་ཚུལ་ <ཡར་ལུང་ཆོས་འབྱུང་> ལས། “སྐུ་མཁར་ཡུ་མོ་བརླ་མཁར་གྱི་སྟེང་དུ་སྤང་ཀོང་ཕྱག་རྒྱ་དང་། གསེར་གྱི་མཆོད་རྟེ་ཁྲུ་གང་པ་གཅིག །མདོ་ཟ་མ་ཏོག །སྙིང་པོའི་ཡི་གེ་འབྲུ་དྲུག་མ། ཙིནྡ་མ་ནིའི་རྐོས་ཕོར། མུ་དྲའི་ཕྱག་རྒྱ་རྣམས་མཁའ་ལས་བྱོན།” ཞེས་ཡོངས་སུ་གྲགས་ཀྱང་། <རྒྱལ་རབས་འཕྲུལ་གྱི་ལྡེ་མིག་> དུ། <ནེལ་པའི་ཆོས་འབྱུང་> གི་ལུང་དྲངས་ཏེ།“བོན་པོ་གནམ་ལ་དགའ་བས། དེ་ནས་བབས་ཟེར་བ་ཡིན་གྱི། དོན་དུ་པཎྚི་ཏ་བློ་སེམས་འཚོ་དང་། ལོ་ཙཱ་བ་ལི་ཐེ་སིས། ཆོས་དེ་རྣམས་ཁྱེར་འོངས་པར། རྒྱལ་པོས་ཡི་གེའི་ཚིག་དོན་མ་གོ་བས། ཆོས་རྣམས་བཞག་ནས་ལོ་པཎ་ཕྱིར་ལོག” ཅེས་བྱུང་། དེ་སྐབས་ནང་ཆོས་དར་བའི་སྔ་ལྟས་བྱུང་བ་ཙམ་ལས། ནང་ཆོས་དངོས་སུ་དར་མེད།
དེ་སྐབས་རྒྱ་གར་གྱི་རྒྱལ་པོ་རྔ་ཆེན་པོའི་སྲས་སྨན་པ་བི་བྱི་དགའ་བྱེད་དང་། ཡུམ་ཐ་དད་པའི་སྲས་མོ་སྨན་པ་བི་ལྷ་དགའ་མཛེས་མ་གཉིས་བོད་དུ་འབྱོར་ནས་གཞིས་ཆགས། ནད་བཅོས་མཁས་པའི་གྲགས་པ་བྱུང་བས། ཕྱིས་བཙན་པོ་ལྷ་ཐོ་ཐོའི་བླ་སྨན་དུ་གྱུར་པ་དེ་ནི། བོད་ཀྱི་ལོ་རྒྱུས་ཐོག་བླ་སྨན་པ་དང་པོ་དེ་ཡིན་པ་མ་ཟད། བོད་བཙན་པོ་རིམ་བྱོན་གྱིས་བླ་སྨན་པ་ཚང་མ་དེའི་རྒྱུད་ཚར་ལས་བྱུང་བས། སྨན་པ་དེ་ཚོ་བརྒྱུད་དེ་བཙན་པོ་ལ་ནང་ཆོས་སྤེལ་ཕྱོགས་སོགས་ཀྱི་ཐད་ལ་ཤུགས་རྐྱེན་ངེས་པ་ཅན་ཞིག་བཏང་ཡོད་སྲིད།

བཅུ་གཅིག་པ། ཕུན་ཚོགས་བོན་རྒྱལ་བཞི།
སྤྱི་ལོ་ (452-629) ADE
༢༩༽ སྤུ་རྒྱལ་ཁྲི་སྙ་ཟུང་བཙན།
༣༠༽ སྤུ་རྒྱལ་འབྲོ་གཉེན་ལྡེ་རུ།
༣༡༽ སྤུ་རྒྱལ་སྟག་བུ་སྙ་གཟིགས།

ཁྲི་ལོ་ (548-579) ADE
བཙན་པོ་འདིའི་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་གྱིས། ལུས་མདངས་རྒྱས་ཕྱིར་སྦལ་པའི་ཤ་ཟས་པ་ལ།བཙན་པོས་རྣམ་རྟོག་སྐྱེས་པས་སྐུ་ལ་མཛེ་ནད་བཞེས་པ་དང༌། སྲས་ཀྱང་དམུས་ལོང་ཞིག་འཁྲུངས་པ་དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས། ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ། མིག་ཕྱེས་ལ་རྒྱལ་ས་ཟུངས།གལ་ཏེ་མིག་འབྱེད་མ་ཐུབ་ན། སྔོན་ང་སུམ་པའི་ཡུལ་དུ་བསྐྱོད་སྐབས། རྒྱ་མོ་ཆ་ལྕམ་ཞེས་པར་ངའི་བུ་སུམ་རི་རིང་པོ། ཞེས་པ་ཡོད་པ་དེ་ཡར་གདན་འདྲོང་ལ། ཁྱོད་རང་གཤེགས་རྫུ་ཐོབ་ལ་ནས་ཁོ་རྒྱལ་སར་ཆུགས་ཞེས་གསུངས་།

དེ་སྐབས་སྤུ་རྒྱལ་གྱི་ཆབ་སྲིད་མངའ་ཐང་ཉམས་པའི་སྐབས་སུ་འཁེལ་བས། ། བྱང་གི་སུམ་པའི་རྒྱལ་པོ་དང་། ལྷོ་ཕྱོགས་ཀྱི་ལྷོ་བྲག་རྒྱལ་པོ་དག་གིས། སྤུ་རྒྱལ་གྱི་ཆབ་སྲིད་ལ་དབང་རྒྱུར་བྱེད་རྒྱུའི་ལྐོག་རེ་འཆང་། <སྒྲག་གླིང་བསྟན་འགྱུར་> ལས། “ལྷོ་བྲག་གི་རྒྱལ་པོ་རབ་རྗེ་བྱ་བ་མངའ་འོག་ཏུ་མ་ཚུད། དེ་འདུལ་བ་ལ་དམག་ཁྱེར་བས་ལྷོ་བྲག་པ་རྒྱལ་ནས། རྒྱལ་པོ་སྟག་བུ་སྙ་གཟིགས་བཙོན་དུ་བཟུང༌། དེ་ལ་སྐུ་གཤེན་ཁྲི་ནེ་ཁོད་ཀྱིས། ལྷོ་བྲག་རྒྱལ་པོ་ལ་འདི་སྐད་ཞུས། “བདག་བོན་པོ་ནི་རྒྱལ་ཁམས་ཡོང་ལ་ཆེ། རྗེ་འདི་བཙོན་དོང་ཏུ་གྲོང་བར་གདའ་བས། རྟ་རྒན་འདི་དོ་མར་གཏད་པ་དང༌། བཞེས་པར་ནང་མར་འགའ་ཙམ་ཞིག་འདྲེན་པར་གནང་” ཞེས་ཞུས་པས། “དེ་ཉན་”བྱས་ནས་རྒྱལ་པོས་གནང་སྟེ། སྐུ་གཤེན་དེས་ནང་དུ་རྒྱལ་སྟག་གུ་ཅན་དུ་བྱོན་ནས། གཡུང་དྲུང་གི་བོན་སྐྱོང་རྣམས་གསེར་ཕྱེ་དང་ཆང་ཕུད་ཀྱིས་མཆོད།བཙོན་སྲུང་དང་ཕྱི་འཁོར་ནང་འཁོར་ཐམས་ཅད་བརྒྱལ་ལོ། །དེར་ལྕགས་སྒྲོག་གཤོག་གྲི་རལ་པས་བཅད་ནས། རྗེ་ཁྲི་མུན་བཙོན་དོང་ནས་བཏོན།” ཞེས་བྱུང་།

དེ་ནས་རྒྱལ་པོ་མཛེས་ནད་བཞེས་པས། མཐར་ཡབ་ཡུམ་གཉིས་དང༌། བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ། གདུང་རྒྱུད་ལ་འགོས་ནད་མི་ཕོག་པའི་ཆེད་དུ། ཡར་ལུང་ཞང་མདར་གསོན་པོར་དུར་དུ་བཞུགས་སོ།། རྒྱལ་སྲས་སྟག་བུ་སྙ་གཟིགས་ཀྱིས་ཀྱང་ཡབ་ཀྱི་ཞལ་ཆེམས་ལྟར། འ་ཞའི་ཡུལ་ནས་སྨན་པ་མཁས་ཅན་གདན་དྲངས་ནས་སྤྱན་ཕྱེས་སོ།།

དེ་སྐབས་ཡབ་བཙོན་དུ་ཚུད་པ་དང་། སྲས་སྤྱན་མ་དབྱེ་བའི་བར་དུ་ལོ་ངོ ༢༡ རྒྱལ་ས་སྟོང་པས། ཡབ་སྲས་འདི་གཉིས་ལ་བོད་ཀྱི་ལོ་རྒྱུས་ཐོག་”བར་གྱི་སྟོང་གཉིས་” ཞེས་་ཀྱང་ཟེར་རོ།།

བཙན་པོ་སྟག་བུ་སྙ་གཟིགས་འདིའི་རིང་ལ་སྤུ་རྒྱལ་གྱི་ཆབ་སྲིད་དབུ་འཕང་དམའ་བར་གྱུར་པ་དེ་ལྟར་ཡང་། སྤུ་རྒྱལ་ལ་བློ་སེམས་དཀར་བ་དང། ལྗོན་ཐང་ཅན་གྱི་བློན་པོ་་མྱང་མང་པོ་རྗེ་ཞང་སྣང༌དང༌། ཕང་ཏོ་རེ་དབྱི་ཚབ། ཞང་མནོན་བཟང་ཏོ་རེ། ཚེས་སྤོང་ནག་སེང་བཞིས་གསང་གྲོས་བྱས་ཏེ། སྤུ་རྒྱལ་གྱི་མངའ་ཐང་རྒྱ་བསྐྱེད་བྱེད་ཆེད། སུམ་པའི་ཡུལ་གྱི་རྒྱལ་པོ་ཟིང་པོ་རྗེ་སྟག་སྐྱ་བོ་རྩ་བརླག་གཏོང་རྒྱུའི་ལས་གཞི་བརྩམས་ཏེ། རྒྱལ་པོའི་དྲུང་དུ་མནའ་སྐྱལ་དམ་བཞག་ཟིན་རུང༌། དམག་མ་དྲངས་གོང་དུ་བཙན་པོ་སྐུ་གཤེགས་པས་དེ་མུར་ལུས་སོ།།

དེ་ལྟར་ཡང་། བཙན་པོ་ཡབ་སྲས་འདིའི་རིང་ལ། བོད་ལ་ཇ་དང་དཀར་ཡོལ་དར། དེ་སྐབས་ཚོང་ལས་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ནས། སྔོན་པོ་མོང་གི་བུས་བྲེ་དང་ཕུལ་སྲང་བཅོས། འབྲུ་མར་རྣམས་གཞལ་ཚད་གཏན་ལ་དབབ། གཡག་འབྲི་དང་། བ་གླང་བསྲེས་པ་ལས་མཛོ་དང༌། རྟ་དང་བོང་བུ་བསྲེས་པ་ལས་དྲེའུ་བྱུང༌། ནོར་དངོས་ཟོག་གྱི་རིན་ཐང་གཅོད་པ་དང་། རིའི་རྩྭའི་མཆུན་པོ་བྱེད་ནས་རྩྭ་གསོག་བྱེད་པ་སོགས་བྱུང་ངོ༌།།

༣༢༽ སྤུ་རྒྱལ་གནམ་རི་སྲོང་བཙན། (སློན་བཙན་རླུང་ནམ་)
སྤྱི་ལོ་ ཆུ་རྟ་ (562 – 629 ) ས་གླང༌། AD འཚོ་ལོ་ ༦༧
སྤྱི་ལོ་ ཤིང་ལུག (580 – 629 ) ས་གླང༌། AD པཁྲི་ལོ་ ༤༩

སྤུ་རྒྱལ་གནམ་རི་སྲོང་བཙན་གྱི་འཁྲུངས་གཤེགས་ལོ་ཁམས་ཐད་ལ། <སྲོང་བཙན་སྒམ་པོའི་བཀའ་ཆེམས་བཀའ་ཁོལ་མའི་> ནང་དུ། ”ལྷ་ཐོ་ཐོ་སྙ་བཙན་འདས་ནས་ལོ་ ༡༡༡ ན་གནམ་རི་སྲོང་བཙན་བྱོན་(༥༦༢) གསུངས་པའི་འཁྲུངས་ལོ་དང་། གཤེགས་ལོ་ <ཆོས་འབྱུང་མཁས་པའི་དགའ་སྟོན་> ལ་ཁུངས་བྱས་སོ།།

བཙན་པོ་དགུང་གྲངས་ ༡༨ པ། ༥༨༠ ལོར་རྒྱལ་སར་མངའ་གསོལ་ཞུས། དེ་རྗེས་ཡབ་འབྲོ་གཉེན་ལྡེ་རུའི་སྐབས་སུ་བྱང་སུམ་པའི་ཡུལ་དེ་དབང་དུ་བསྡུ་རྒྱུའི་གསང་གྲོས། བློན་པོ་མྱང་ཙེངས་སྐུ།(མྱང་སྨོན་ཏོ་རེ་ཙེང་་སྐུ་) དང་། དབས་དབྱི་ཚབ། དབས་མྱེས་སྣང༌། དབས་པུ་ཚབ། གནོན་འདྲོན་པོ། ཚེས་སྤོང་ནག་སེང་བཅས་ཀྱིས། བཙན་པོའི་སྙན་་དུ་གསོལ་བ་མ་ཟད། རང་སྲོག་བློས་བཏང་གིས་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་ཕུལ། སྤུ་རྒྱལ་བཙན་པོ་གནམ་རི་སྲོང་བཙན་གྱིས་ཀྱང་སྐུ་དངོས་ཀྱིས་དམག་ཁྲི་ཕྲག་དང་བཅས་དྲངས་ནས། དགུ་ཁྲི་ཟིང་པོ་རྗེ་རྩ་བརླགས་བཏང༌། མང་པོ་རྗེ་སུམ་བུ་(ཡབ་ཀྱི་སྲིང་མོའི་བུ) ནི།དྲུ་གུའི་ཡུལ་དུ་བྲོས། ཀོང་པོ་བྲེ་སྣ་ནས་སུམ་པའི་ཡུལ་བར་མངའ་ཁོངས་གཅིག་གྱུར་བཟོས་རྗེས། གཙང་དང༌། དྭགས་པོ་སོགས་འབངས་སུ་བསྡུས་ནས། ཡུལ་ངས་པོར་གྲགས་པའི་མིང་དེ། འཕན་ཡུལ། ཞེས་བོད་ཁམས་ཡོངས་ལ་གཅིག་གྱུར་གྱིས་མིང་གསར་དུ་བཏགས་པར་མཛད་དོ།།
ཅེས་པ་འདི་༧འབྲི་གུང་སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་ནས་ཟླ་ཚེས་དགེ་བའི་ཉིན་སྤེལ་བའོ།།

བརྒྱུད་སྐུལ།

མཆན་སྤེལ།