ཕྱི་རོལ་མུ་སྟེགས་པ་དང་ནང་པ་ཆ་མཐུན་འགའི་སྐོར་ཟིན་བྲིས།

ཕྱི་རོལ་མུ་སྟེགས་པ་དང་ནང་པ་ཆ་མཐུན་འགའི་སྐོར་ཟིན་བྲིས།
ཕྱི་རོལ་མུ་སྟེགས་པ་དང་ནང་པ་ཆ་མཐུན་འགའི་སྐོར་ཟིན་བྲིས།

 

ར་སེ་དཀོན་རྒྱམ།
དེ་ཡང་གནའ་བོའི་རྒྱ་གར་ཡུལ་དུ་མིའི་རིགས་ཀྱི་དགོས་མཁོ་ལྟར་ཆོས་ལུགས་མང་དུ་དར་བ་ལས། བྲམ་ཟེའི་ཆོས་ལུགས་དང་དགེ་སྦྱོང་ཆོས་ལུགས་གཉིས་ནི་གྲགས་པ་ཆེ་ཤོས་གཉིས་ཡིན་ལ། བོད་ཡུལ་དུ་དར་བའི་ནང་པ་སངས་རྒྱས་པའི་བསྟན་པ་དང་། རིང་ལུགས་འདི་ཉིད་ནི་གནའ་བོའི་བྲམ་ཟེའི་ཆོས་ལུགས་ཀྱི་རིགས་རུས་མཆོག་དམན་གྱི་ལྟ་བ་ལ་སོགས་པར་ངོ་རྒོལ་མཐའ་གཅིག་བྱེད་པ་ཅིག་ཡིན་པ་དང་།

གནའ་བོའི་དགེ་སྦྱོང་ཆོས་ལུགས་ཀྱི་བསླབ་བྱ་ལྔ་དང་། དགེ་བསྙེན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། དགེ་ཚུལ། དགེ་སློང་གི་ལམ་ལུགས་དང་ལེན་མཛད་པའི་ལུགས་ཤིག་ཡིན་པ་ནི། གནའ་བོའི་ནང་པའི་བཀའ་ལུང་ཁག་དང་། ད་ལྟ་རྒྱ་གར་ཆོས་ལུགས་ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་ཀུན་མགྲིན་གཅིག་ཏུ་གྱུར་ཡོད་པ་འདི་ཀ་ཡིན་ནོ།།
འོ་ན་བྲམ་ཟེའི་ཆོས་ལུགས་ལ་དགེ་སྦྱོང་ལུགས་དང་འདྲ་བའི་དགེ་བསྙེན་དང་ཚངས་སྤྱོད་དང་དགེ་སློང་གི་སྲོལ་ཡོད་དམ་མེད་ཅེ་ན། དེ་དག་གི་ལུགས་ལ་ཡང་ཡོད་པར་མངོན་ཏེ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ་པོད་ཉ་པའི་དེབ་ངོས་ ༣༠༤ སྟེ། རྗེ་བཙུན་མཆོག་གི་སྐུ་དགྱེས་པར་བྱེད་པའི་དྲི་ལན་ལས། སློབ་དཔོན་ཨ་ནུ་བྷུ་ཏི་འདི་སྤྱི་བབས་ནས་ཕྱི་རོལ་བ་ཞིག་ཡིན་ནམ་སྙམ་པ་ལ། འདིར་འགྱུར་གསལ་ལྡན་གྱི་དབུ་ལྷར་རབ་བྱུང་པཎྜི་ཏའི་རྣམ་པར་བྲིས་སྣང་བ་སོགས་ཀྱིས་ཕྱི་ནང་གང་ཡིན་དང་། ནང་པ་ཡིན་ན་དགེ་བསྙེན་རབ་བྱུང་སོགས་ཇི་ལྟར། ཕྱི་ནང་གི་དགེ་བསྙེན་གང་ཡིན་རུང་བྲིས་བཀོད་ལྟ་བུར་བྱེད་ཚེ་བཞུགས་སྟངས། ན་བཟའ། དབུ་སྐྲ་རལ་པའམ་གཙུག་ཕུད་ཕྱག་མཚན་སོགས་ཆས་དབྱིབས་གང་འདྲ་དགོས། ཞེས་ཕེབས་པ། ཨ་ནུ་བྷུ་ཏི་ནི། སྤྱིར་ནང་པ་ལ་དད་པ། ནང་པའི་གཞུང་ལུགས་ལ་མཁས་པ་ཞིག་ཡིན་འདུག་ཀྱང་། གྲུབ་མཐའ་དངོས་རབ་བྱེད་གསལ་ལྡན་གྱི་རྒྱ་དཔེར། པ་ར་མ་ཧཾ་ས་ཡིན་པར་བཤད་པས། དེ་ནི་བྲམ་ཟེའི་རིགས་ཀྱི་ཚངས་སྤྱོད་དགེ་སློང་ལ་བཞིར་དབྱེ་བའི་ནང་ཚན་ལགས་པས། ཕྱི་རོལ་པ་ཉིད་དུ་གྲུབ་ཅིང་། དེའི་ཆ་ལུགས་ཀྱང་མགོ་ཟླུམ། གོས་ངུར་སྨྲིག་བགོས་ཤིང་། འོད་མའི་དབྱུག་གུ་ཐོགས་པ་ཞིག་གོ། 
ཡང་བྲམ་ཟེའི་ཆས་རི་དྭགས་ཀྲྀཥྞའི་པགས་པ་འཆང་བ་ཡོད་འདྲ་བ་དང་། དེ་མཚུངས་ཐུགས་རྗེ་ཆེན་པོའི་མངོན་རྟོགས་རྣམས་སུ་ཡང་འོང་བར་འདུག་པ། གོང་མ་དག་གི་བཞུགས་སྟན་དུ་མཛད་པ་སོགས་ཀྱི་དགོས་དོན་མཚོན་བྱེད་གང་ཡོད། ཅེས་ཕེབ་པ། ཀྲྀཥྞ་སཱ་རའི་པགས་པ་བྲམ་ཟེ་ཚངས་སྤྱོད་ཅན་གྱི་སྟན་དུ་བྱེད་པ་ཡོད་ཅིང་། སྤྱན་རས་གཟིགས་དང་བྱམས་པ་སོགས་སྐབས་འགར་ཚངས་སྤྱོད་དགེ་བསྙེན་གྱི་ཆ་ལུགས་འཛིན་པ་རྣམས་ཀྱིས་ཀྱང་། དེ་འཕྲག་པར་འཆང་བ་ནི་ཚངས་སྤྱོད་ཀྱི་ཆས་ཉིད་དུ་འཁུམས་ཤིང་། རི་དྭགས་འདི་སྲོག་ཆགས་རྣམས་ལ་ཤིན་ཏུ་ནས་བརྩེ་བས་སྙིང་རྗེ་ཆེན་པོ་མཚོན་པའི་དོན་ཡང་ཡིན་ཞེས་ཐོས་ལགས། 
ཡང་ཇོ་ནང་རྗེ་བཙུན་གྱི་སྒྲ་འགྲེལ་དུ། བྲམ་ཟེ་ལ་ཁྱིམ་པ་ཕལ་པ་དང་། ཚངས་སྤྱོད་པ། ཁྱིམ་གནས། གཞོན་ནུའི་བརྟུལ་ཞུགས། ཀུན་ཏུ་རྒྱུའི་རིམ་པ་རྣམས་ཡོད་པར་བཤད་འདུག་པའི་ཕྱི་མ་འདིའི་རྟགས་ཆས་ཇི་ལྟར། ཞེས་ཕེབ་པ། དེ་ནི་སྒྲ་འགྲེལ་ཉིད་དུ་གསལ་བ་ལྟར། ཨཱ་ཤྲ་མ་ལ་བཞིར་དབྱེ་བའི་ཕྱི་མ། པ་རི་པྲ་ཛ་སྟེ་ཀུན་ཏུ་རྒྱུ་ཡིན་པས། དེ་ལ་བྷིཀྵུ་སྟེ་དགེ་སློང་ཡང་ཟེར། ཆ་ལུགས་སྐྲ་དང་ཁ་སྤུ་བྲེགས་ཤིང་གོས་ངུར་སྨྲིག་ཅན། དབྱུག་གུ་ཐོགས་པ། སློང་མོས་འཚོ་བ། དེར་ནང་གསེས་སུ། ཀུ་ཊི་ཙཱ་ར། བ་ཧཱུ་ད་ཀ ཧཾ་ས། པ་ར་མ་ཧཾ་ས་སྱེ་བཞི་ཡོད་པས། དེ་དག་སུ་ཡིན་ཡང་རུང་རི་མོ་བྲི་ཚེ། ཨ་ནུ་བྷུ་ཏིའི་སྐབས་སུ་སྨོས་པ་ལྟར་ལགས། ཞེས་བཀོད་གནང་འདུག་གོ །འདིའི་རྒྱབ་ལྗོངས་ཞིབ་པར་མཁྱེན་པར་འདོད་ན། རྒྱ་གར་གྱི་ཆོས་ལུགས་ལོ་རྒྱུས་སྐོར་དང་། ནང་པའི་གཞུང་རྟོག་གེ་འབར་བ་སོགས་དང་། བྱེ་བྲག་ཏུ་ར་མ་ཎའི་གཏམ་རྒྱུད་རྒྱས་པ་བོད་འགྱུར་དེབ་བརྒྱད་བཞུགས་པ་རྣམས་ལ་གཟིགས་པར་མཛད་ནའང་། སྔར་མེད་བློ་བསྐྱེད་ཅི་རིགས་པར་འབྱུང་སྲིད་པ་ཡིན་འདུག་སྙམ་ལ། འདིར་སི་ཏུ་པན་ཆེན་གྱི་གསུང་རྩོམ་དཔེ་ཀློག་སྐབས་སུ་འབྲེལ་ཡོད་འགའ་ཞིག་ཟིན་བྲིས་སུ་བཏབ་པ་ཙམ་ལགས་སོ།། ༢༠༢༡/༦/༡༥

བརྒྱུད་སྐུལ།

མཆན་སྤེལ།