༄༅། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་བཞུགས་སོ།།
༄༅། །པདྨ་སཾ་བྷ་་ཝ་ལ་ན་མོ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བསམ་ཡས་མཆིམས་ཕུའི་བྲག་ཕུག་ཏུ་སྒྲུབ་པ་མཛད་པའི་ཚེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཁམས་ཡུན་རིང་མ་བདེ་ཞིང༌། ཡུལ་དུ་བཙའ་སད་སེར་གསུམ་ནད་ཡམས་མུ་གེ་སོགས་མི་བདེ་བའི་མཚན་མ་མང་དུ་བྱུང་བས། བློན་པོ་རྣམས་ཀྱིས་གྲོས་བྱས་ནས་སྨན་པ་མོ་མ་རྩིས་པ་གང་ལ་གང་དགོས་བོས་ནས་ཕྱག་རྩ་བརྟགས་པས། སྨན་པའི་ཞལ་ནས་ནད་འདུ་བ་བཞིའི་རྩ་ནི་མི་འདུག
བྱིང་འཐིབས་ཀྱི་རྩ་ཞིག་འདུག་པས་མི་གཙང་བའི་བསྙུན་ནད་ཅིག་ཡིན་པ་འདྲ་ཟེར། དེར་མོ་མས་མོ་བཏབ། རྩིས་པས་རྩིས་བྱས་པ་ཐམས་ཅད་ཞལ་འཆམས་པར་མི་གཙང་བའི་མནོལ་གྲིབ་ཀྱིས་རྒྱལ་པོ་དང་ཡུལ་ལྷ་ཐམས་ཅད་འཁྲུགས་འདུག་ཟེར་བ་ལས། དེ་སྨན་པ་མོ་རྩིས་སོགས་ཀྱིས་རྒྱུན་རྐྱེན་གང་ལྟ་བུའི་མནོལ་བ་མ་ཤེས། རྒྱལ་པོའི་བཙུན་མོ་མང་བཟའ་ཁྲི་ལྕམ་བྱ་བ་ལ་རྩོག་མནོལ་གྱི་བུ་གཅིག་བྱུང་བ་བཙུན་མོས་གསང་ནས་ཁོལ་མོ་གཅིག་ལ་གཏད་དེ་ཁྱོད་ཀྱིས་སུས་ཀྱང་མི་མཐོང་བར་སྦས་པ་གལ་ཆེ་ཟེར་བ་བཞིན་ཁོལ་མོས་ས་ཕུག་ཅིག་ཏུ་སྦས་པས་བདག་གི་ལྟེ་བར་འཕྲད་པས་ས་བདག་ཡུལ་ལྷ་ཐམས་ཅད་ལ་མི་གཙང་བའི་གྲིབ་ཕོག་ནས་འཁྲུགས་པས་རྒྱལ་པོ་དང་ཡུལ་ཁམས་ཐམས་ཅད་དུ་མི་བདེ་བ་བྱུང༌། དེར་ཁོལ་མོ་ཡང་མི་གཙང་བའི་གྲིབ་ཕོག་ནས་ན་སྟེ་མགོ་དང་ཡན་ལག་ཐམས་ཅད་ཞ་གྲུམ་དུ་སོང༌། སྨན་པ་བོས་ནས་བསྟན་པས་འདུ་བ་རྣམ་བཞིའི་ནད་མི་འདུག མི་གཙང་བའི་མནོལ་གྲིབ་འདུག་པས་གང་གིས་མནོལ་མི་ཤེས་པས་ཁྱེད་ཀྱི་ནད་འདི་ལ་ཕན་པའི་ཐབས་གཞན་མེད་ཟེར་བ་ན། དེར་ཁོལ་མོས་ཁྲི་ལྕམ་གྱི་བུ་སྦས་ཚུལ་རྣམས་ཞིབ་ཏུ་བཤད་པས་གཅིག་སྨྲས་གཉིས་སྨྲས་རྒྱལ་པོའི་སྙན་དུ་གསན། རྒྱལ་པོས་ཁྲི་ལྕམ་བོས་ནས་དྲིས་པས། ཁྲི་ལྕམ་གྱིས་ཁོལ་ལོ་ལ་སྲོག་ཉེན་ཡོང་དགོངས་ནས་དྲང་པོར་མ་ཞུས་པས། རྒྱལ་པོ་ཐུགས་དགོངས་ཁྲེལ་ནས་ཁྲི་ལྕམ་ལ་ཆད་པ་གཅོད་དགོངས་པ་ལ། ཁྲི་ལྕམ་ཨོ་རྒྱན་རིན་པོ་ཆེའི་དྲུང་དུ་སྐྱབས་འཚོལ་དུ་སོང༌། དེར་ཨོ་རྒྱན་རིན་པོ་ཆེས་རྒྱལ་པོར་ཕྱག་མདུད་ཡི་གེ་དང་བཅས་པ་བསྐུར་ནས། ད་བཙུན་མོ་ཁྲི་ལྕམ་འདི་ལ་ཆད་པ་གཅོད་པར་དགོངས་པ་འདྲ་ཡང༌། ང་སྣང་སྲིད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་བ་ཡིན། སྣ་ཚོགས་ཀྱི་སྣང་བ་རྟེན་འབྲེལ་དུ་བསྒྱུར་ཤེས་པ་ཡིན་པས། མི་གཙང་བའི་མནོལ་གྲིབ་འདི་བས་ཉོན་མོངས་དུག་ལྔའི་གྲིབ་ཀྱང་སེལ་བར་བྱེད་ནུས། བྱ་སླ་བ་ཚིག་ཉུང་ལ་དོན་ཆེ་བའི་སེལ་ཐབས་ཡོད། རྫས་དང་ཡོ་བྱད་འདི་ལྟར་དགོས་པས་ཐམས་ཅད་ཚོགས་པར་གྱིས་ལ། རྒྱལ་པོ་ཐུགས་ཁྲེལ་མི་གནང་བར་སང་རྒྱལ་བློན་འཁོར་བཅས་བསམ་ཡས་ཡས་པོ་རིའི་རྩེ་མོར་བྱོན་ཅིག ཅེས་གསུངས་འདུག་པས། རྒྱལ་པོ་ཤིན་ཏུ་དགའ་སྟེ་རྫས་དང་ཡོ་བྱད་རྣམས་བསགས་ནས། སང་ཧས་པོ་རིའི་རྩེ་མོར་བྱོན་པ་ལ། དེར་སློབ་དཔོན་ཆེན་པོ་ཕེབས་ནས་བསང་གི་རྫས་རྣམས་ཐབ་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྲེགས་ཏེ་ཆོ་ག་ནི་འདི་ལྟར་གསུངས་སོ།།
བསང་རྫས་བྱིན་རླབས་ནི། རཾ་ཡཾ་ཁཾ། བསང་རྫས་རྣམས་ཀྱི་མ་དག་པའི་དྲི་མ་འབག་རྩོག་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། ཨོཾ་སྭབྷཱ་ཝ་ཤུདྡྷ༔སརྦ་དྷརྨཱ༔སྭབྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་བྷཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱ༔ཧཱུཾ་ཞུ་བ་ལས་བྱུང་བའི་བསང་རྫས་འདོད་ཡོན་གྱི་རྣམ་པ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ། ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་ཁྱབ་པའི་དུད་སྤྲིན་བསམ་གྱིས་མི་ཁྱབ་པ་མི་གཙང་བའི་དྲི་མ་ཉེས་སྐྱོན་ཐམས་ཅད་སྦྱོང་བར་བྱེད་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པས་ཡོངས་སུ་གང་བར་གྱུར། ན་མ༔སརྦ་ཏ་ཐཱ་ག་ཏེ་བྷོ་བི་ཤྭ་མུ་ཁེ་བྷ༔སརྦ་ཐཱ་ཁཾ་ཨུགཏ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་མཐར། བཛ་སཕ་ཎ་ཁཾ། ཞེས་སྤེལ་ལ། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། ། ཀྱཻ། སེམས་ཅན་ཀུན་ཀྱང་མ་རིག་འཐིབས་པས་མནོལ། །ཉོན་མོངས་དུག་ལྔས་ཡེ་ཤེས་ལྷ་ལྔ་མནོལ། །སྒོ་གསུམ་མི་དགེས་ལུས་ངག་ཡིད་གསུམ་མནོལ། །འདུལ་ཁྲིམས་ཉམས་པས་ལུས་ཀྱི་མཁའ་འགྲོ་མནོལ། །དམ་ཚིག་ཉམས་པས་རྡོ་རྗེ་སློབ་དཔོན་མནོལ། །ཚོགས་གཏོར་ཆུང་བས་མ་དང་མཁའ་འགྲོ་མནོལ། །ཕུད་ཉམས་ལྷག་མས་ཆོས་སྐྱོང་སྲུང་མ་མནོལ། །སེར་སྣ་བསགས་པས་བཀའ་སྲུང་དམ་ཅན་མནོལ། །ཏིང་འཛིན་འཁྲུགས་པས་སྲིད་པའི་མ་མོ་མནོལ། །བརྩེ་གདུང་འཁྲུགས་པས་མཆེད་དང་ལྕམ་དྲལ་མནོལ། །ཞེ་སྡང་འཁྲུགས་པས་ཞི་བའི་ལྷ་རྣམས་མནོལ། །ང་རྒྱལ་འཁྲུགས་པས་རྒྱས་པའི་ལྷ་རྣམས་མནོལ། །འདོད་ཆགས་འཁྲུགས་པས་དབང་གི་ལྷ་རྣམས་མནོལ། །ཕྲག་དོག་འཁྲུགས་པས་དྲག་པོའི་ལྷ་རྣམས་མནོལ། །གཏི་མུག་འཁྲུགས་པས་གསལ་བྱེད་ལྷ་རྣམས་མནོལ། །དཀར་དམར་ཐབ་གཞོབ་ཡུལ་ལྷ་གཉན་པོ་མནོལ། །འཐབ་མཁོན་འཁྲུགས་པས་བྱེས་ལྷ་གཉན་པོ་མནོལ། །མི་གཙང་ཐབ་ཀྱིས་ཁྱིམ་ལྷ་གཉན་པོ་མནོལ། །མི་གཙང་དྲི་མས་མགོན་སྐྱབས་ལྷ་རྣམས་མནོལ། །ཁྱད་པར་མི་གཙང་བུད་མེད་བང་སྨེ་ཡིས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་མནོལ། །ཕུག་ལྷ་སྒོ་ནོར་ཁྱིམ་ལྷ་ཁྱིམ་བདག་མནོལ། །ལུས་ངག་ཡིད་དང་དགྲ་ལྷ་ཕྲག་ལྷ་མནོལ། ། ཀྱཻ། ལུས་མནོལ་ལུས་ཀྱི་མདངས་ཉམས་ལུས་སྟོབས་ཤོར། །མགོ་མཇིང་རོ་སྟོད་ན་ཞིང་མིག་མི་གསལ། །ངག་མནོལ་སྐད་འགག་ལྐུག་ཅིང་སྨྲ་མི་བདེ། །མཆིལ་སྣབས་མང་ཞིང་སྣ་མཚུལ་ལྕེ་ལྐོག་སྐྲང༌། །ཡིད་མནོལ་ཡིད་མི་བདེ་ཞིང་ཚིག་པ་ཟ། །བརྗེད་ངེས་གཉིད་འཐིབ་བྱིང་ཞིང་མཚན་མོ་གཡེར། །མགོ་མནོལ་མགོ་འཁོར་མིག་འགྲིབ་རྣ་བ་འོན། །ཡན་ལག་མནོལ་བས་ཞ་གྲུབ་སྦྲིད་ཅིང་ན། །ཕོ་མཚན་མནོལ་བས་མི་འགྲེང་རྩ་དཀར་མང༌། །མོ་མཚན་མནོལ་བས་སྲིད་ཀྱི་སྐྱེ་འཕྲོ་ཆད། །རྒྱབ་བརྟེན་མནོལ་བར་གཞི་ཡི་ལས་མི་འགྲུབ། །དགྲ་ལྷ་མནོལ་བས་དགྲ་སྲི་ཐད་ཀར་ལྡང༌། །བྱེས་ལྷ་མནོལ་བས་མགོ་འཐོམ་གྲོགས་དང་བྲལ། །མགྲོན་ལྷ་མནོལ་བས་མགྲོན་རྣམས་དོན་མི་འགྲུབ། །གཞིས་ལྷ་མནོལ་བས་གཞི་ལ་སྡོད་མི་ཚུགས། །ཡུལ་ལྷ་མནོལ་བར་ནང་འཁྲུགས་མུ་གེ་འབྱུང༌། །ཁང་ལྷ་མནོལ་བས་འཚག་ཅིང་ཙག་སྒྲ་འབྱིན། །སྒྲ་ལྷ་མནོལ་ན་ཧྲུལ་ཞིང་ལྡོག་འགྱུར་མང༌། །ནོར་ལྷ་མནོལ་བས་སྟོང་ཞིང་འཕེལ་མི་འགྱུར། །ཕྱུག་ལྷ་མནོལ་བས་སྤུ་འབྱི་ལྟས་ངན་འབྱུང༌། །ཞིང་ལྷ་མནོལ་ན་ཞིང་ས་ཁོལ་བུར་སྟོང༌། །ཐབ་ལྷ་མནོལ་ན་བཅུད་མེད་སྟོང་ཞིང་འགོང༌། །གྲོགས་ལྷ་མནོལ་ན་ཟ་ཁར་འགོང་པོ་འཇུག །གོ་མཚོན་མནོལ་ན་གོ་རལ་རྣོ་མཚོན་རྟུལ། །རྟ་ཕོ་མནོལ་ན་རྒལ་རྔོག་མགོ་ལག་ཉམས། །སྒོ་ཁྱི་མནོལ་ན་སྐད་འགག་མཚན་རྫི་ཞན། །ཁ་རྗེ་མནོལ་ན་མ་རབས་ལན་མོ་ཤོམས། །དབང་ཐང་མནོལ་ན་བརྗེད་ངེས་དབང་པོ་ཞུམ། །རླུང་རྟའི་ལྷ་མནོལ་སེམས་སྟེར་དོན་མི་འགྲུབ། །ལུས་ཀྱི་ལྷ་མནོལ་གཉིད་འཐིབས་དྲན་པ་ཉམས། །ལུས་ཀྱི་ཀླུ་མནོལ་ཤ་འགུལ་ཤ་རོ་སྡང༌། །ཕྲག་ལྷ་མནོལ་ན་བཀྲག་དང་གཟི་མདངས་ཉམས། །རྒྱབ་བརྟེན་ལྷ་སྲུང་མནོལ་ན་སེམས་མི་བདེ། །ལུས་ལྷ་མནོལ་ན་ཤ་འཆོར་ཉམས་སྟོབས་ཆུང༌། །རུས་མནོལ་རུས་ཀུན་ཟུག་ཅིང་སྲིན་བུ་ལྡང༌། །ཁྲག་མནོལ་ཐིག་ལེ་སྨད་ལྷུང་རྣག་ཁྲག་འཛག །ལྤགས་མནོལ་ཆུ་བུར་བརྡོལ་ཞིང་ཟ་ཕྲུག་བྱེད། །ཆུ་རྒྱུས་རྩ་མནོལ་ཞ་གྲུབ་སྦྲིད་ཅིང་སྐྲང༌། །སྤུ་མནོལ་སྤུ་རྣམས་འབྱི་ཞིང་གློག་སྐྱི་འཐུལ། །གཞན་ཡང་དམེ་མནོལ་རྩོག་མནོལ་རྨུགས་ཀྱི་མནོལ། །ཡུགས་སའི་མནོལ་དང་རབས་ཆད་ཕོ་མོ་མནོལ། །ནལ་བུ་མོ་མཚན་ཟླ་མཚན་འཛག་པའི་མནོལ། །ཟས་མནོལ་གོས་མནོལ་ཐབ་གཞོམ་མཁོན་གྱི་མནོལ། །ཤི་བའི་དུར་སྲི་གསོན་པོའི་ནང་དམེ་མནོལ། །སྡིག་ཅན་བཤན་པ་མནའ་ཟན་གྲི་པོའི་མནོལ། །ཕུད་ཉམས་མི་གཙང་ཡས་དང་གླུད་ཀྱི་མནོལ། །དེ་ལ་སོགས་པའི་མནོལ་གྲིབ་ཐམས་ཅད་ཀུན། །འབྱུང་བའི་དྭངས་མ་ལྔ་ལས་གྲུབ་པ་ཡི། །ས་ལ་བརྟེན་ཅིང་ཆུ་ཡིས་རབ་ཏུ་བརླན། །མི་ཡིས་དྲོད་བསྐྱེད་རླུང་གིས་རབ་བསྐྱོད་པས། །རྩ་བ་ཀླུ་ཡི་གནས་ནས་སྐྱེས་པའི་ཤིང༌། །རྩེ་མོ་ལྷ་ཡི་གནས་སུ་སྨིན་པའི་ཤིང༌། །ལོ་འདབ་མི་ཡི་གནས་སུ་ཁྱབ་པའི་ཤིང༌། །དྲི་ཡིས་ཕྱོགས་རྣམས་མ་ལུས་ཁྱབ་པའི་ཤིང༌། །ཁ་དོག་དྲི་རོ་ནུས་བཅུད་ལྡན་པའི་ཤིང༌། །ཤིང་མཆོག་ཙནྡ་དཀར་དམར་ཨ་ག་རུ། །གསེར་ཤིང་མཁན་པ་གཡུ་ཤིང་ཤུག་པ་དང༌། །དུང་ཤིང་བ་ལུ་སྟག་པ་སྤེན་དཀར་དང༌། །འོམ་བུ་རྦ་སྨྱུག་ཉ་སྤྲིད་གསེར་མགོ་དང༌། །ཕོ་ཤིང་མོ་ཤིང་བུ་ཤིང་ཤིང་སྣའི་ཚོགས། །འབྲས་བུ་གསུམ་མངར་བཟང་དྲུག་སྨན་སྣའི་ཚོགས། །དྲི་ལྡན་རོ་ནུས་ཁ་དང་སྐ་བའི་རིགས། །ནས་འབྲས་གྲོ་དང་བོ་བ་ཡུངས་དཀར་དང༌། །འབྲུ་སྣ་དཀར་ནག་འབྲུ་ཡི་རིགས་བྱེད་དང༌། །དར་ཟབ་རིན་ཆེན་རྩི་བཅུད་ཕྱེ་མར་དང༌། །གསེར་སྐྱེམས་ཆང་དང་ཤིང་ཏོག་ཁུ་བའི་བཅུད། །དཀར་གསུམ་ཕུད་དང་མངར་གསུམ་དྭངས་མ་དང༌། །ཤ་ཁྲག་ལ་སོགས་དབང་པོ་རྣམ་ལྔའི་གསུར། །བྱིན་གྱིས་བརླབས་པའི་དམ་རྫས་དཀར་དམར་དང༌། །གུ་གུལ་དཀར་ནག་དྲི་སྤོས་སྣ་ཚོགས་སོགས། །ཕྱི་ནང་གསང་གསུམ་མནོལ་གྲིབ་བསལ་བའི་རྫས། །མེས་བསྲེགས་ཆུས་བཀྲུས་རླུང་གིས་རབ་གཏོར་བས། །ནམ་མཁའ་བཞིན་དུ་སྟོང་པར་གྱུར་བའི་ངང༌། །རཾ་ལས་སྐྱེས་པའི་མེ་ལ་བསྲེགས་པ་ཡི། །དྲི་མཆོག་དྲི་གསུར་རྣམ་པ་སྣ་ཚོགས་ཀྱིས། །ཡེ་ཤེས་སྒྲིབ་མེད་ངང་དུ་སངས་གྱུར་ཅིག ། ཀྱཻ། མ་རིག་དབང་གིས་མནོལ་ན་རང་བྱུང་ཡེ་ཤེས་བསངས། །སྒོ་གསུམ་མི་དགེས་མནོལ་ན་སྐུ་གསུམ་ལྷ་རྣམས་བསངས། །འདུལ་ཁྲིམས་ཞིག་པས་མནོལ་ན་ལུས་ཀྱི་མཁའ་འགྲོ་བསངས། །ཕུད་ཉམས་ལྷག་མས་མནོལ་ན་ཆོས་སྐྱོང་སྲུང་མ་བསངས། །ཚོགས་གཏོར་ཆུང་བས་མནོལ་ན་མ་དང་མཁའ་གྲོ་བསངས། །དམ་ཚིགས་ཉམས་པས་མནོལ་ན་རྡོ་རྗེ་སློབ་དཔོན་བསངས། །བརྩེ་གདུང་འཁྲུགས་པས་མནོལ་ན་མཆེད་དང་ལྕམ་དྲལ་བསངས། །དམ་རྫས་ནང་འདྲེས་མནོལ་ན་གཙང་རིས་མགོན་པོ་བསངས། །སེར་སྣ་བསགས་པས་མནོལ་ན་ནོར་ལྷ་གཡང་ལྷ་བསངས། །མཁོན་གྲིབ་མི་གཙང་མནོལ་ན་བཀའ་སྲུང་དམ་ཅན་བསངས། །ཏིང་འཛིན་འཁྲུགས་པས་མནོལ་ན་སྲིད་པའི་མ་མོ་བསངས། །བརྩེ་གདུང་འཁྲུགས་པས་མནོལ་ན་སྙིང་རྗེའི་མགྲོན་རྣམས་བསངས། །ཞེ་སྡང་འཁྲུགས་པས་མནོལ་ན་ཞི་བའི་ལྷ་རྣམས་བསངས། །ང་རྒྱལ་འཁྲུགས་པས་མནོལ་ན་རྒྱས་པའི་ལྷ་རྣམས་བསངས། །འདོད་ཆགས་འཁྲུགས་པས་མནོལ་ན་དབང་གི་ལྷ་རྣམས་བསངས། །ཕྲག་དོག་འཁྲུགས་པས་མནོལ་ན་དྲག་པོའི་ལྷ་རྣམས་བསངས། །གཏི་མུག་འཁྲུགས་པས་མནོལ་ན་གསལ་བྱེད་ལྷ་རྣམས་བསངས། །གནོད་གྲིབ་འཁྲུགས་པས་མནོལ་ན་ཁྱིམ་ལྷ་གཉན་པོ་བསངས། །ཉམས་ཆག་གྲིབ་མས་མནོལ་ན་ལྷག་པའི་ལྷ་རྣམས་བསངས། །མི་གཙང་དྲི་ཡིས་མནོལ་ན་མགོན་སྐྱབས་ལྷ་རྣམས་བསངས། །རབས་ཆད་དུར་སྲིས་མནོལ་ན་སྲིད་ཀྱི་ལྷ་རྣམས་བསངས། །མནའ་ཟན་གྲི་བོས་མནོལ་ན་ཕོ་ལྷ་དགྲ་ལྷ་བསངས། །སྡིག་ཅན་ཤན་པས་མནོལ་ན་ལྷག་པའི་ལྷ་རྣམས་བསངས། །དམེ་ཡུགས་མི་གཙང་མནོལ་ན་སངས་བྱེད་ལྷ་རྣམས་བསངས། །གཤིན་པོའི་རོ་གྲིབ་མནོལ་ན་ཕྲག་ལྷ་གཉན་པོ་བསངས། །གསོན་པོའི་བང་དམེས་མནོལ་ན་འགོ་བའི་ལྷ་ལྔ་བསངས། །ཐབ་ཀྱིས་མནོལ་ན་ཁང་ལྷ་སྦྲ་ལྷ་བསངས། །གཞོབ་ཀྱིས་མནོལ་ན་ཕ་ལྷ་མ་ལྷ་བསངས། །ཡུགས་སས་མནོལ་ན་མ་ལྷ་བུ་རྫི་བསངས། །ལུས་སྤྱི་མནོལ་ན་ལྷན་སྐྱེས་ལྷ་རྣམས་བསངས། །ངག་མནོལ་གསུང་སྙན་གྲགས་སྟོང་ལྷ་རྣམས་བསངས། །ཡིད་མནོལ་དྲན་བྱེད་གསལ་སྟོང་ལྷ་རྣམས་བསངས། །ཡན་ལག་མནོལ་ན་བྱེས་ལྷ་མགྲོན་ལྷ་བསངས། ། ཀྱཻ། རྨུག་པ་དྭངས་བར་བྱེད་པའི་ལྷ་རྣམས་བསངས། །འཐིབ་པ་སངས་པར་བྱེད་པའི་ལྷ་རྣམས་བསངས། །གཙང་རྩོག་དབྱེ་བར་བྱེད་པའི་ལྷ་རྣམས་བསངས། །མནོལ་བ་སངས་པར་བྱེད་པའི་ལྷ་རྣམས་བསངས། །ཁྱད་པར་མི་གཙང་བུད་མེད་བང་སྨེ་ཡིས། །སྟེང་འོག་བར་གསུམ་ལྷ་ཀླུ་གཉན་ལ་སོགས། །ཕུག་ལྷ་སྒོ་ནོར་ཁྱིལ་ལྷ་ཁྱིམ་བདག་དང༌། །ལུས་ངག་ཡིད་དང་དགྲ་ལྷ་འཕྲག་ལྷ་དང༌། །ནོར་ལྷ་གཡང་ལྷ་གོས་ནོར་ལོངས་སྤྱོད་ལ། །མནོལ་གྲིབ་མི་གཙང་དྲི་མས་གོས་པ་རྣམས། །རྩི་ཤིང་སྨན་མཆོག་དྲི་གསུར་སྣ་ཚོགས་དང༌། །ཕྱི་ནང་གསང་གསུམ་འདོད་ཡོན་དཔག་མེད་ཀྱིས། །མི་གཙང་མནོལ་གྲིབ་དྲི་མ་སངས་གྱུར་ཅིག ། དེ་ནས་བྱེ་བྲག་ཏུ་བསང་བ་འདི་སྐད། ཀྱཻ། ཤིང་རྩི་དྲི་བཟང་སྨན་གྱི་དུད་པ་འདིས། །བླ་མ་ཡི་དམ་མནོལ་བ་སངས་གྱུར་ཅིག །ཡེ་ཤེས་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྨན་སྣ་ཙན་དན་དྲི་ཡིས་སངས་གྱུར་ཅིག །འཇིག་རྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་ཤིང་སྣའི་དྲི་ཡིས་སངས་གྱུར་ཅིག །མ་སྲིང་མཁའ་འགྲོ་རྩོག་གིས་མནོལ་གྱུར་ན། །གདནྷ་བྷ་དྲའི་དྲི་ཡིས་སངས་གྱུར་ཅིག །ཆོས་སྐྱོང་སྲུང་མ་རྩོག་གིས་མནོལ་གྱུར་ན། །ཤ་ཁྲག་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །གཙང་རིས་མགོན་པོ་རྩོག་གིས་མནོལ་གྱུར་ན། །དཀར་གསུམ་མངར་གསུམ་དྲི་ཡིས་སངས་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་རྩོག་གིས་མནོལ་གྱུར་ན། །ཤིང་རྩི་སྨན་མཆོག་དྲི་ཡིས་སངས་གྱུར་ཅིག །བཀའ་སྲུང་དམ་ཅན་རྩོག་གིས་མནོལ་གྱུར་ན། ཕྱེ་མར་འོ་སྐོལ་དྲི་ཡིས་སངས་གྱུར་ཅིག །ལྷ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །སྤོས་དཀར་གཡུ་ཤུག་དྲི་ཡིས་སངས་གྱུར་ཅིག །ཀླུ་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །ཀླུ་སྨན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །གཉན་རྣམས་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྟག་གཟིག་དྲི་ཡིས་སངས་གྱུར་ཅིག །ས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །ཉ་སྡིད་གསེར་མགོ་དྲི་ཡིས་མནོལ་གྱུར་ཅིག །གནས་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །སྟག་པ་སུར་དཀར་དྲི་ཡིས་སངས་གྱུར་ཅིག །གཞི་བདག་མི་གཙང་རྩོག་གིས་མནོལ་གྱུར་ན། །མཁན་པ་གསེར་མདོག་དྲི་ཡིས་སངས་གྱུར་ཅིག །ཡུལ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །རྦ་སྨྱུག་དཀར་གསུམ་དྲི་ཡིས་སངས་གྱུར་ཅིག །ནོར་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་ཟས་ཕུད་དྲི་ཡིས་སངས་གྱུར་ཅིག །གཡང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །རིན་ཆེན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །ཁང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཟབ་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །ཐབ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཤ་ཕུད་ཆང་ཕུད་དྲི་ཡིས་སངས་གྱུར་ཅིག །ཞིང་ལྷ་མི་གཙང་རྩོག་པས་མནོལ་གྱུར་ན། །འབྲུ་ཟན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །ཕོ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །དར་ཚོན་སྣ་ཚོགས་དྲི་ཡིས་སངས་གྱུར་ཅིག །དགྲ་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཕྱེ་མར་དཔའ་སྐྱེམས་དྲི་ཡིས་སངས་གྱུར་ཅིག །བྱེས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །འབྲས་དཀར་རྩི་བཅུད་དྲི་ཡིས་སངས་གྱུར་ཅིག །མགྲོན་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ཤ་ཆང་གསེར་སྐྱེམས་དྲི་ཡིས་སངས་གྱུར་ཅིག །ཚོང་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །ལྷ་ཤིང་སུར་དཀར་དྲི་ཡིས་སངས་གྱུར་ཅིག །ལུས་ལྷ་མི་གཙང་རྩོག་གིས་མནོལ་གྱུར་ན། །གུ་གུལ་དཀར་ནག་དྲི་ཡིས་སངས་གྱུར་ཅིག །སྲུང་སྐྱོབས་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །ཤིང་འབྲས་མེ་ཏོག་དྲི་ཡིས་སངས་གྱུར་ཅིག །རིག་བྱེད་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །གཡུ་ཤུག་བ་ལུའི་དྲི་ཡིས་སངས་གྱུར་ཅིག །རྒྱབ་བརྟེན་ལྷ་རྣམས་རྩོག་གིས་མནོལ་གྱུར་ན། །སྤོས་སྣ་ཤིང་སྣའི་དྲི་ཡིས་སངས་གྱུར་ཅིག །ལུས་ཀྱི་གོ་མཚོན་རྩོག་གིས་མནོལ་གྱུར་ན། །ལྷ་ཆབ་སྨན་སྣའི་དྲི་ཡིས་སངས་གྱུར་ཅིག །ཟས་ནོར་ལོངས་སྤྱོད་རྩོག་གིས་མནོལ་གྱུར་ན། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཤེལ་སྒོང་བཞིན་དུ་ཕྱི་ནང་གསལ་གྱུར་ཅིག ། དེ་ནས་བསང་དུད་སྐུ་གསུང་ཐུགས་རྟེན་སོགས་ལ་བདུག་ཅིང་འདི་སྐད་དོ། ། ཀྱཻ། བླ་མ་ཡི་དམ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །དཔའ་བོ་མཁའ་འགྲོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཆོས་སྐྱོང་སྲུང་མ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་ཡིས་སྨན་གྱིས་སངས་གྱུར་ཅིག །ཕོ་ཉ་ལས་མཁན་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཙང་རིས་ལྷ་རྣམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་སྲིན་སྡེ་བརྒྱད་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འཇིག་རྟེན་སྐྱོང་བ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྟེང་གི་ལྷ་རྣམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བར་གྱི་གཉན་རྣམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འོག་གི་ཀླུ་རྣམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཞི་བདག་གནས་བདག་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མཆེད་དང་ལྕམ་དྲལ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འཇིག་རྟེན་ལྷ་སྲུང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །རྒྱུད་ཀྱི་ལྷ་སྲུང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འགོ་བའི་ལྷ་ལྔ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །རྟ་ལྷ་འཕེན་པོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ནོར་ལྷ་ཕྱུག་པོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལུག་ལྷ་མེན་པོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ར་ལྷ་ཚེར་མོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཞིང་ལྷ་ཚངས་པ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕུག་ལྷ་གེ་ཐུང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྒོ་ལྷ་སྟག་གཡག་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཐབ་ལྷ་ཡུལ་མོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕོ་ལྷ་དགྲ་ལྷ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ནོར་ལྷ་གཡང་ལྷ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕྱུགས་ལྷ་མཛོད་ལྷ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག། །ཟས་ལྷ་གྲོགས་ལྷ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བྱེས་ལྷ་མགྲོན་ལྷ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག ། དེ་ནས་སྲུང་མའི་རྟེན་རྫས་སོགས་ལ་བདུག་ཅིང་འདི་སྐད་དོ། ། ཀྱཻ། བདག་ཅག་རྣལ་འབྱོར་སློབ་དཔོན་འཁོར་བཅས་ཀྱི། །ལྷ་དང་སྲུང་མ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་ཁང་དྲི་མེད་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་གོས་བེར་ཀྲབ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་རྒྱན་ལྷབ་ལྷུབ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་མཚོན་རྣོ་ངར་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་ཟས་རོ་བརྒྱ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་བཏུང་གསེར་སྐྱེམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་རྟ་བཙན་པོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་གཡག་ཞོལ་པོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་ལུག་གྲོ་མོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་ར་ཀྲ་བོ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྲུང་མའི་དམ་རྫས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྲུང་མའི་སྤྱན་གཟིགས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མཆོད་རྫས་སྒྲུབ་རྫས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །རྟེན་རྫས་སྣ་ཚོགས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ལྷ་སྲུང་ཐུགས་དང་འགལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག ། དེ་ནས་སྦྱིན་བདག་མི་ནོར་ཕྱུགས་ལ་བདུག་ཅིང་འདི་སྐད་དོ། ། ཀྱཻ། བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱི། །སྲིད་ཀྱི་དབང་ཐང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མཁས་པའི་ལྕེ་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཙོ་བོ་བློ་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཞོན་ནུའི་དཔའ་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྐྱེན་པོའི་མཐེབ་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མང་པོའི་ཚོགས་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །རྟ་ཕོའི་མགྱོགས་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕྱུགས་ཀྱི་འཕེལ་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཟས་ཀྱི་བཅུད་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བཙན་པོའི་སྟོབས་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕྱུག་པོའི་ནོར་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འཕན་པོའི་དར་གཡང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བཙན་ཕྱུག་འཕན་གསུམ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་དང་བཅས། །གྱོན་པའི་བེར་གོས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བཏགས་པའི་གོ་མཚོན་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བཏུང་བའི་ཟས་སྐོམ་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཞི་མ་གནས་ས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །འདུག་པའི་ལམ་སྟན་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །མི་ནོར་རིགས་བརྒྱུད་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཟས་ནོར་ལོངས་སྤྱོད་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྟོབས་དང་མངའ་ཐང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བཀྲག་དང་གཟི་མདངས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཚེ་དང་བསོད་ནམས་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཁ་རྗེ་དབང་ཐང་མནོལ་བ་ཡོད་ན་ཡང༌། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག ། དམིགས་བསལ་གྱི་ནད་པ་འདྲ་ཡོད་ན་འདི་ལྟར་བྱ། ཀྱཻ། ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཉོན་མོངས་དུག་ལྔའི་གདུང་བ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འདོད་ཆགས་ལས་བྱུང་རླུང་ནད་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །ཞེ་སྡང་ལས་བྱུང་མཁྲིས་ནད་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །གཏི་མུག་ལས་བྱུང་བད་ཀན་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འདུ་བ་རྣམ་བཞིའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྙིང་རླུང་རྒྱལ་གོང་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཆིན་རྒྱུ་ས་བདག་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཚེར་གློ་གྲོ་བོའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མཁལ་གྲུམ་ཀླུ་གཉེན་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཕོ་གཅོང་ཡིད་འགོང་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མགོ་དང་ཡན་ལག་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཤ་དང་ལྤགས་པའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁྲག་དང་ཆུ་སེར་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རུས་དང་སྲིན་བུའི་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རྩ་དང་ཆུ་རྒྱུས་ནད་རྣམས་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མདངས་དང་དབང་པོ་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དབུགས་དང་རྣམ་ཤེས་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །དཔལ་དང་མཐུ་སྟོབས་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཚེ་དང་བསོད་ནམས་ཉམས་པ་སངས་གྱུར་ཅིག །ཤིང་མཆོག་དྲི་བཟང་སྨན་གྱི་དུད་པ་འདིས། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁ་རྗེ་དབང་ཐང་ཉམས་པ་སངས་གྱུར་ཅིག ། དེ་ལྟར་གྱི་དམིགས་བསལ་མེད་ན་གོང་གི་འཕྲོས་ནས་འདི་བཞིན་བྱ། གཞན་ཡང་བདག་ཅག་དཔོན་སློབ་འཁོར་བཅས་ལ། །དམེ་མནོལ་རྩོག་གིས་མནོལ་དང་གྲིབ་གྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཐབ་དང་གཞོབ་ཀྱིས་མནོལ་དང་ཡུགས་སས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །བྱི་བྱས་རབ་ཆད་ཟླ་མཚན་ནལ་བུའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུག་ཅིག །མཛེ་ཅན་གཅོང་པོ་དམ་ཉམས་གྲིབ་ཀྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །དྲི་ཅན་དྲི་ངན་ཅན་དང་རྨུག་དྲིའི་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཤི་བོའི་དུར་སྲི་གསོན་པོའི་བང་དམེས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །སྡིག་ཅན་ཤན་པ་མནའ་ཟན་གྲི་བོས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །ཕུད་ཉམས་མི་གཙང་ཡེ་དང་གླུད་ཀྱིས་མནོལ། །ཤིང་མཆོག་དྲི་བཟང་སྨན་གྱིས་སངས་གྱུར་ཅིག །གཞན་ཡང་མི་གཙང་མནོལ་གྲིབ་མ་ལུས་ཀུན། །ཤིང་མཆོག་དྲི་བཟང་སྨན་གྱི་དྲི་གསུར་གྱིས། །ནམ་མཁའ་སྤྲིན་བྲལ་བཞིན་དུ་སངས་གྱུར་ཅིག །ཉི་ཟླ་གཟའ་སྐར་བཞིན་དུ་གསལ་གྱུར་ཅིག །ཟླ་བ་ཡར་ངོ་བཞིན་དུ་འཕེལ་གྱུར་ཅིག །མེ་ཏོག་འདབ་སྟོང་བཞིན་དུ་རྒྱས་གྱུར་ཅིག །སྟོན་ཀའི་འབྲུ་དྲུག་བཞིན་དུ་སྨིན་གྱུར་ཅིག །ཆབ་སྲིད་ལྷུན་པོ་བཞིན་དུ་བརྟན་གྱུར་ཅིག །དགོས་འདོད་ནོར་བུ་བཞིན་དུ་འབྱུང་གྱུར་ཅིག །ཆོས་བརྒྱུད་ཉི་ཟླ་བཞིན་དུ་འཕེལ་གྱུར་ཅིག །ནོར་ཕྱུགས་རྩི་ཤིང་བཞིན་དུ་རྒྱས་གྱུར་ཅིག །སྙན་གྲགས་འབྲུག་སྒྲ་བཞིན་དུ་ཁྱབ་གྱུར་ཅིག །ཚེ་རིང་ནད་མེད་བདེ་དང་ལྡན་གྱུར་ཅིག །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག ། ཅེས་གསུངས་ནས། རྒྱལ་བློན་འཁོར་དང་བཅས་པ་རྣམས་ཐེ་ཚོམ་མ་བྱེད། འདི་ལྟ་བུར་ཉམས་ལེན་བྱས་ན་དོན་དང་ལྡན་པ་ཡིན་ནོ་གསུངས་སོ། །དེ་ནས་རྒྱལ་བློན་འཁོར་བཅས་དགའ་ཞིང་མགུ་ནས་ཡི་རང་སྟེ། གསེར་གྱི་མཌཎལ་ཕུལ་ཏེ་ཕྱག་དང་བཅས་སྐོར་བ་བྱས་ནས་འདི་སྐད་དོ། ། ཀྱཻ། སློབ་དཔོན་ལགས། རྒྱུན་དུ་ཉམས་ལེན་ཇི་ལྟར་བྱ། དོན་ཇི་ལྟར་ལགས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། ཀྱཻ། རྒྱལ་པོ་ཆེན་པོ་ལགས། སྤྱིར་དལ་འབྱོར་གྱི་མི་ལུས་ཐོབ་པ་དོན་ལྡན་དུ་བྱེད་དགོས། དེའི་ཐབས་སུ་བྱང་ཆུབ་ཀྱི་རྒྱུ་སྒྲུབ་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དང་སྲུང་མ་ལ་གསོལ་བ་གདབ་ནས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བར་ཆད་སེལ་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་མཐུན་རྐྱེན་བསྒྲུབ་པ་ཡིན་པས་དེའི་ཆེད་དུ་ལྷ་དང་སྲུང་མ་བསྟེན་དགོས་པ་ཡིན། བསང་བྱ་བ་ནི་ཉོན་མོངས་དུག་ལྔའི་སྒྲིབ་མནོལ་སྦྱོང་ཞིང༌། ལྷ་དང་སྲུང་མ་མི་འབྲལ་བར་འཁོར་བའི་ཐབས་ཡིན་པས། རྒྱུན་དུ་བསང་བྱ་བ་དོན་དང་ལྡན་པ་ཡིན། ལྷ་བསང་མནོལ་གྲིབ་མི་གཙང་བ་མྱུར་དུ་སེལ་བའི་ཐབས་སུ་སྔ་དྲོ་ལྷ་བསང་བྱ། ཕྱི་དྲོ་མནོལ་བསང་དང་མནོལ་ཁྲུས་བྱས་ན་གྲིབ་དང་མི་གཙང་བ་ཐམས་ཅད་སྦྱངས། ལྷ་དང་སྲུང་མ་འཁོར། ཟས་ནོར་ལོངས་སྤྱོད་ལ་བྱིན་ཆགས། ལུས་ཀྱི་འབྱུང་བ་ཆ་སྙོམས། བཀྲག་དང་གཟི་མདངས་བསྐྱེད། ཁམས་དང་དབང་པོ་གསལ། ཀུན་གྱིས་ཡིད་དུ་འོང༌། སྣང་སྲིད་ལྷ་འདྲེས་བཀའ་ལ་ཉན། འགལ་རྐྱེན་བར་ཆད་ཀྱི་དྲི་མས་མི་གོས་པ་སོགས་ཡོན་ཏན་མང་པོ་དང་ལྡན་པ་ཡིན་གསུངས་སོ། །དེར་རྒྱལ་པོ་ཞལ་ནས་ལེགས་སོ། །སློབ་དཔོན་ཆེན་པོ་ལགས། མནོལ་ཁྲུས་བྱ་བ་ཇི་ལྟར་ཡིན་ལགས་ཞུས་པས། སློབ་དཔོན་ཆེན་པོའི་ཞལ་ནས། མནོལ་ཁྲུས་བྱ་བ་ནི་སྤྱིར་མདོ་སྔགས་སོ་སོའི་ལུགས་དང་འདྲ། རྫས་སྦྱོར་སོགས་དབྱེ་བ་མང་དུ་ཡོད། བྱ་བ་འདིའི་སྐབས་སུ་གོང་གི་སྨན་རྫས་དང་དྲི་སྣ་ཚོགས་ཆུ་གཙང་དང་སྦྱར་ནས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་ལ་ཡུལ་ཕྱོགས་སུ་ཆབ་གཏོར་བྲན་ན་ཡུལ་ཁྲུས་དང༌། ཡང་སྐུ་གསུང་ཐུགས་རྟེན་རྣམས་ལ་ཁྲུས་གསོལ་བྱ་བ་ནི་ཁྲུས་དང༌། མི་ནད་ཕྱུགས་ནད་སོགས་ལ་རྡོ་རྗེ་རྣམ་འཇོམས་ཁྲོ་བོ་རྨེ་བརྩེགས་བདུད་རྩི་འཁྱིལ་བ་སོགས་ཀྱི་ང་རྒྱལ་དང་ལྡན་པས་གྲིབ་ཁྲུས་དང་ནོར་རྫས་སོགས་ལ་གྲིབ་ཕོག་ན་ཁྲུས་ཆབ་བྲན་པས་ཆོག་པ་ཡིན་གསུངས་སོ། །དེ་ནས་རྒྱལ་པོས་དགྱེས་ཤིང་གུས་པས་ཐལ་མོ་སྦྱར་ཏེ་ཕྱག་དང་བསྐོར་བ་མང་དུ་བྱས་ནས་སླར་ཕོ་བྲང་དུ་གཤེགས་སོ། །དེ་ནས་ཡུན་རིང་མ་ལོན་པར་རྒྱལ་པོ་བསྙུན་ནད་དྭངས་ཏེ། ཡུལ་ཁམས་བོད་དུ་བཀྲ་ཤིས་པའི་དགེ་ལྟས་མང་པོ་བྱུང་ངོ༌། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་མནོལ་བསང་ལྷ་ཆབ་སྔོན་མོ་ཞེས་བྱ་བ་རྫོགས་སོ།།
མནོལ་བསང་འདི་དང་བསང་བརྔན་བདེ་ལེགས་ཀུན་འབྱུང་བཅས་གཏེར་དུ་མ་སྤྲས་པར་པེ་ཧར་དཀོར་མཛོད་གླིང་གི་ཕྱི་ཁྱམས་ལྡེབས་རིས་སུ་བཏབ་པར་མཛད་པས་བསམ་ཡས་ལོགས་བྲིས་མར་གྲགས། དེ་ལས་དཔེ་རྒྱུན་འཕེལ་ཏེ་དབུས་གཙང་ཕྱོགས་སུ་རྒྱ་ཆེར་འཕེལ་ཞིང༌། ལྷག་པར་སློབ་དཔོན་བཻ་རོ་ཙ་ནས་དཔེ་བསྣམས་ཏེ་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་ཞོར་མདོ་སྨད་དུ་ལྡི་རི་ཆོས་ཀྱི་གྲགས་པ་ལ་གནང་བ་ནས་རིམ་པར་བརྒྱུད་དེ་མདོ་སྨད་ཕྱོགས་སུ་ད་ལྟའི་བར་དར་རྒྱས་ཤིན་ཏུ་ཆེའོ། །འདི་ལ་གྲོང་སྔགས་མཁས་བླུན་མང་པོའི་ཁ་ཏོན་ལག་བྲིས་ཀྱི་དཔེ་རྒྱུན་ཚིག་རིས་ཅུང་ཟད་འདྲ་མིན་མང་དུ་སྣང་བ་ལས་དཔེ་དག་པ་འགའ་ཞིག་ལ་གཞི་བཅོལ་ཏེ་ཞུས་དག་པར་དཔྱད་བཟོད་པའི་ཁུལ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཙང་བཤུས་སུ་སྤེལ་བ་དགེ། སརྦ་མངྒ་ལཾ།། །།གློག་ཀླད་དུ་འཇུག་འགོད་པ་རྩོམ་སྒྲིག་པའོ།།