གསང་སྔགས་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་བྱ་བ་གླེང་བ།

གསང་སྔགས་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་བྱ་བ་གླེང་བ།

གསང་སྔགས་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་བྱ་བ་གླེང་བ།

 

ར་སེ་དཀོན་རྒྱམ།

 

བོད་ཀྱི་ནང་པའི་ཆོས་འབྱུང་ཀུན་ན་དབུས་སུ་མ་གྷ་དྷ་རྡོ་རྗེ་གདན། ཤར་དུ་རི་བོ་རྩེ་ལྔ།ལྷོ་རི་བོ་གྲུ་འཛིན། ནུབ་ཏུ་ཨུ་རྒྱན་ཡུལ། བྱང་དུ་ཤམ་བྷ་ལ་ཞེས་པ་ཡང་ཡང་འབྱུང་ལ། ལྷག་པར་དུ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཞེས་ཡོངས་སུ་གྲགས་ཤིང་། དེ་ནི་རྒྱ་གར་དབུས་ཀྱི་ནུབ་ཕྱོགས་སུ་ཡོད་པར་གསུངས་ལ།

 

རང་ཅག་བོད་མི་ཡུལ་དེར་དངོས་སུ་བྱོན་པ་ལ་ཨུ་རྒྱན་པར་ཐོགས་པའང་བཞི་ཙམ་བྱུང་ལ། ཉེ་དུས་མཁས་དབང་དགེ་ཆོས་ཞབས་ཀྱང་གནས་དེར་བྱོན་པ་ཡིན་པས། སྔ་ཕྱི་ཀུན་གྱི་ལམ་ཡིག་རྣམས་མཐུན་ཞིང་། ད་ཆ་རྒྱ་གར་ཡུལ་དབུས་མ་གྷ་དྷའི་ནུབ་ཕྱོགས་སུ་གནས་པའི་ཡུལ་གྲུ། སྤ་ཁེ་སི་ཋན་གྱི་རྒྱལ་ཁོངས་སུ་གཏོགས་པའི་ནང་ཚན། སྭ་ཝ་ཏོ་ཞེས་བྱ་བའི་ལུང་པ་དེ་ཉིད་ལམ་ཡིག་དང་མཐུན་པ་ཅིག་ཡིན་པར་ཤར་ནུབ་ཞིབ་འཇུག་པ་ཕལ་མོ་ཆེ་མཐུན་ཡོད་ལ། ལ་ལས་དེ་མ་ཡིན་པར་ཨ་ཧྥུ་གྷ་ནི་སི་ཋན་ནང་དུ་ཡིན་པར་ཡང་བཞེད། ལ་ལས་ས྄ིན་དྷུ་གཙང་པོ་ཨ་ར་བྷིའི་རྒྱ་མཚོར་འབབས་ས་དེ་ན་ཡིན་ཟེར་བ་དང་། ཁ་ཅིག་གིས་ཤར་ཕྱོགས་ཨོ་ཌི་བི་ཥའམ་ཨོ་རི་སའམ། ཤར་ཕྱོགས་བྷ་ག་ལའི་ཕྱོགས་སུ་གསང་སྔགས་འབྱུང་གནས་ཨོ་རྒྱན་ཆ་མཐུན་ཅིག་ཡོད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་སྟེ། ཟ་ཧོར་ཡུལ་དང་ཛམ་གླིང་སྟེ་རྒྱ་གར་ཤར་རམ་ཤར་ལྷོར་རྒྱལ་པོ་ཛ་ལ་གསང་སྔགས་ཀྱི་བཀའ་བབས་པར་ལོ་རྒྱུས་སྔ་མ་རྣམས་སུ་གྲགས་པའི་ཕྱིར་རོ། །འདིར་གླེང་བྱ་ནི་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་པ་གསང་སྔགས་ཀྱི་གནས་ཤིག་ཡོད་པའི་ཚུལ་ཡིག་རྙིང་ཁག་ཅིག་མཚམས་སྦྱོར་བྱ་རྒྱུ་ཡིན། བོད་ཡུལ་དུ་བྱང་ཕྱོགས་ཨུ་རྒྱན་ཡུལ་ཞེས་པའི་གནས་མཆོག་འདི་དེ་སྔ་མ་གྲགས་པའམ་ཆེར་མ་གྲགས་པ་ཙམ་ལས། རྒྱ་གར་གྱི་ནང་པའི་གསང་སྔགས་པ་ལ་སྔོན་ཆད་གྲགས་ཆེ་བའི་གནས་ཤིག་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ད་ཡོད་རང་རེའི་མཇལ་ཡུལ་དུ་བཞུགས་པའི་རྒྱ་གཞུང་ཁུངས་ཐུབ་ཁག་ན་གསལ་པོར་འཁོད་འདུག་པའི་ཕྱིར། འདིར་དཔེར་མཚོན་ཙམ་དྲངས་ན། སྡེ་དགེ་བསྟན་འགྱུར་རྒྱུད་པོད་ཇ་པར་བཞུགས་པ། སློབ་དཔོན་ཨཱ་ཙཱརྱ་ཛྙཱ་ན་པ་ར་མས་མཛད་པའི་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་དེ་ཁོ་ན་ཉིད་ཅེས་བྱ་བ་ལེའུ་ཉི་ཤུ་བདུན་པ་ལས།  །དེ་སྐད་དུ། མ་འོངས་དུས་ན་བྱང་ཕྱོགས་སུ། །དཔལ་ལྡན་རྡོ་རྗེ་འཛིན་པའི་གནས། །ཨུ་རྒྱན་ཡུལ་ཞེས་བྱ་བ་རུ། །རྒྱལ་པོའི་རིགས་སུ་སྐྱེས་པ་ཡི། །ཨིནྡྲ་བྷཱུ་ཏི་ཞེས་བྱ་བས། །ཤེས་པ་དང་ནི་བཤད་པ་དང་། །སེམས་ཅན་རྣམས་ལ་གསལ་བྱེད་འགྱུར། །ཞེས་གསུངས་སོ། །ཞེས་གསལ་བར་འཁོད་ཡོད་པ་དང་། དེ་བཞིན་སྡེ་བསྟན་རྒྱུད་པོད་ཤ་པར་བཞུགས་པའི་མཁའ་འགྲོ་རྡོ་རྗེ་ལྡན་མས་གསུངས་པའི་བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ཨུ་རྒྱན་གྱི་རིམ་པའི་སྒྲུབ་ཐབས་ལས། སྡུག་བསྔལ་བློ་ཅན་ལ་མིན་སློབ་དཔོན་གྱིས། །གཞན་ལ་སྒྲུབ་ཐབས་འདི་སྦྱིན་བྱང་ཕྱོགས་ཀྱི། །ཨུ་རྒྱན་ནས་འོང་བྲམ་ཟེའི་གནས་ཀྱི་ནང་། །ཞིང་གི་བུ་མོའི་རྣལ་འབྱོར་མ་ཚོགས་རྡོ་རྗེའི་ཚིག་དེ་གྲུབ། །བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ་ཨུ་རྒྱན་གྱི་རིམ་པའི་སྒྲུབ་ཐབས་རྫོགས་སོ།།ཞེས་གསལ་བར་འཁོད་འདུག་པའི་ཕྱིར་རོ། །

 

སངས་རྒྱས་ཡེ་ཤེས།

དེ་བཞིན་དུ་སྡེ་བསྟན་རྒྱུད་པོད་ཀི་པར་བཞུགས་པ་སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བའི་ཊིཀ་སྐལ་ལྡན་གྲགས་པས་མཛད་པ་ལས།ཨུ་རྒྱན་གྱི་རི་ནི་བྱང་ཕྱོགས་ཀྱི་གནས་ཀྱི་རི་ལའོ། །ཞེས་གསལ་བ་དང་། དེ་བས་ཀྱང་སྡེ་བསྟན་རྒྱུད་པོད་དི་པར་བཞུགས་པ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྡུས་པའི་སྒོམ་རིམ་ཞལ་ལུང་ངམ་འཇམ་དཔལ་ཞལ་ལུང་ཆེན་མོ་ལས། དེ་ནས་ཡོན་ཏན་ཀུན་འབྱུང་ཨུ་རྒྱན་ཡུལ་དུ་བགྲོད། །འཇོ་སྒེག་རྡོ་རྗེ་ཞེས་བྱར་མཚན་གསོལ་རབ་ཏུ་གྲགས། །དེ་ལ་མང་ཐོས་རྣམ་པར་དཔྱད་ཅིང་དེ་ཉིད་དུ། །གུ་ནེ་ནུ་གྲགས་བླ་མ་དེ་ཡང་མཉེས་བྱས་ཏེ། །ལུང་ཐོབ་གནས་དེའི་བྱང་ཕྱོགས་ཆབ་སྒོ་བདག །ཛཱ་ཐིག་ཛ་ལ་ཞེས་བྱའི་བུ་མོ་བཅུ་དྲུག་པ། །ལཀྵྨཱི་ཆེན་མོ་མཉེས་བྱས་ཟླ་བ་བརྒྱད་ཀྱི་བར། །དེ་ཡི་ལུང་ནི་རབ་ཐོབ་མནོས་ནས་གྲུབ་པ་ཐོབ། །ཅེས་གསལ་བར་བཀོད་ཡོད་དོ། །འོ་ན་བྱང་ཕྱོགས་ཞེས་པ་དེ་ས་ཆ་གང་ནས་བརྩིས་པའི་བྱང་ཕྱོགས་ཡིན་ནམ། སྤ་ཁེ་སི་ཋན་དུ་ཡོད་པའི་ཨུ་རྒྱན་ཡུལ་གྱི་ལྷོ་ངོས་ནས་བརྩིས་པ་ཡིན་ནམ་ཞེ་ན། དེ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཡིན་པས་བརྟགས་ན། ཡུལ་དབུས་མ་གྷ་དྷ་འམ་རྡོ་རྗེ་གདན་ཡོད་ས་ནས་བརྩིས་པའི་བྱང་ཕྱོགས་ཡིན་པར་ཤིན་ཏུ་གསལ་བར་གསུངས་ཏེ། སྡེ་བསྟན་རྒྱུད་པོད་དི་པར་བཞུགས་པའི་སློབ་དཔོན་ཤྲཱི་ཕ་ལ་བཛྲས་མཛད་པའི་སྒྲུབ་ཐབས་ཀུན་བཟང་གི་འགྲེལ་བ་ལས། དེ་ནས་ཡུལ་དབུས་ལས་བྱང་དུ་དཔག་ཚད་ཉིས་བརྒྱ་སུམ་ཅུའི་ཕྱོགས་ན་ཡོན་ཏན་ཀུན་འབྱུང་ཞེས་ཏེ་མཁའ་འགྲོ་མས་བྱིན་གྱིས་རློབ་པ་ཕལ་ཆེར་དེ་ལས་འབྱུང་བའི་ཕྱིར། ཨུ་རྒྱན་གྱི་ཡུལ་ལ་བྱའོ། །དེར་བགྲོད་ནས་དེའི་ཕྱོགས་གཅིག་ནོར་བུའི་གླིང་དུ་སྐུ་འཁྲུངས་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ། དཔལ་སྣ་ཚོགས་གཟུགས་ཞེས་ཀྱང་གྲགས་པ། སློབ་དཔོན་ཆེན་པོ་འཇོ་སྒེག་རྡོ་རྗེ་ཞེས་བྱ་བ་ཡོད་དེ། དེ་ལ་བྱ་བ་དང་རྣལ་འབྱོར་གྱི་རྒྱུད་མང་དུ་ཐོས་ནས། འབད་པས་རྣམ་པར་དཔྱད་པ་ཡང་བྱས་སོ། །ཡང་གནས་དེ་ཉིད་ཀྱི་ཕྱོགས་གཅིག་ན་བསམ་གྱིས་མི་ཁྱབ་པའི་རིམ་པའི་མན་ངག་ཐོབ་པ། རྣལ་འབྱོར་མ་ཆེན་མོ་དེ་ཉིད་བརྙེས་པ་གུ་ནེ་རུ་ཞེས་བྱ་བ་ཞིག་གནས་པ་དེའི་དྲུང་དུ་བགྲོད་ནས་དེ་མཉེས་པར་བྱས་ཏེ། བླ་ན་མེད་པའི་རྒྱུད་མང་དུ་ཐོས་པར་བྱས་ནས། ཇི་སྐད་དུ་གསུངས་པའི་དམ་ཚིག་དང་དབང་ལ་སོགས་པས་བླ་མ་དེའི་ལུང་ཐོབ་ནས་གཟོད་བསྒོམ་པ་ལ་ཞུགས་སོ། །ལྷས་རྨི་ལམ་དུ་བསྟན་པ་ཨུ་རྒྱན་གྱི་གནས་དེ་ཡི་བྱང་ཕྱོགས་ཀྱི་ཆབ་སྒོ་ན། གདོལ་པའི་རིགས་ཛཱ་ཐིག་ཛྭ་ལ་ཞེས་བྱ་བ་ལ་བུ་མོ་ལོ་བཅུ་དྲུག་ལོན་པ་ཞིག་ཡོད་ཀྱིས། དེ་ནི་རིགས་ལས་སྐྱེས་པའི་རྣལ་འབྱོར་མ་ལཀྵྨཱི་ཆེན་མོ་ཞེས་བྱ་བ་ཡིན་གྱིས་དེར་སོང་དང་ཁྱོད་ཀྱི་དགོངས་པ་འགྲུབ་པར་འགྱུར་རོ་ཞེས་པ་དང་། འཕྲལ་དུ་སོང་ནས་དེ་དང་བཤེས་སུ་འཐམས་ནས། ཟླ་བ་བརྒྱད་ཀྱི་བར་དུ་མཉེས་པར་བྱས་སོ། །དེས་ཀྱང་ཕྱག་རྒྱ་ཆེན་པོ་ལ་བྲོད་པ་ཡིན་པར་རྟོགས་ནས།་་ཞེས་སོགས་བཀོད་འདུག་པའི་ཕྱིར་རོ། །

ཐེག་ཆེན་རྗེས་འབྲང་ཤཱཀྱ་བཤེས་གཉེན།

དེ་བཞིན་དུ་གོང་གསལ་འགྲེལ་བར་བརྟགས་ན། ཡུལ་དབུས་ཀྱི་ལྷོ་ན་ཀོང་ཀ་ནའི་ཡུལ་དང་། དབུས་ཀྱི་བྱང་ན་ཨུ་རྒྱན་ཡུལ་འདི་ཉིད་གནས་ཡོད་པར་གསལ་པོར་བསྟན་ཡོད་ལ།དུས་རབས་བརྒྱད་པར་བྱོན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་བྱང་ཕྱོགས་ཨུ་རྒྱན་ཡུལ་དེར་བྱོན་ཏེ། གསང་སྔགས་པར་གྲགས་ཆེ་བའི་རྒྱལ་པོ་ཨིན་དྲ་བྷུ་ཏི་མཇལ་བར་མཛད་ཡོད། དེའི་ཚུལ་སྡེ་བསྟན་རྒྱུད་པོད་ཡི་པར་བཞུགས་པ་ཁོང་གིས་མཛད་པའི་དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས། །ཀོང་ཀ་ནིར་ནི་དྲ་མི་ཌ་དང་དབང་ཕྱུག་དཔལ་འདུས་དང་། །ཆོས་སྡེ་ཆོས་ཀྱི་འབྱུང་གནས་དགའ་བས་བསྙེན་བཀུར་བྱས། །ས་ཧྱེར་ཆོས་ཀྱི་རྡོ་རྗེ་མཆོག་ཏུ་མཚན་གསོལ་དང་། །གཙུག་ཏོར་རྡོ་རྗེའང་མང་དུ་ལེགས་པར་བསྙེན་བཀུར་བྱས། །ཡོན་ཏན་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་བགྲོད་དེ། །རྒྱུད་དོན་དེ་ཉིད་འཛིན་རྒྱལ་ཨིནྡྲ་བྷཱུ་ཏི་བསྙེན། །ཏག་ཀྱེར་གྲོང་ཁྱེར་ཀ་ཤ་ལ་ཡི་སློབ་དཔོན་ནི། །བློ་བརྟན་བློ་གྲོས་འབྱུང་གནས་ཚུལ་མཁས་གུས་པས་བསྟེན། །ཞེས་སོགས་སྐབས་དེའི་གནས་ཚུལ་གསལ་བར་བཀོད་འདུག་པའི་ཕྱིར་རོ། །དེས་ན་གསང་སྔགས་བླ་མེེད་སྤྱི་ལ་ཧ་ཅང་གྲགས་ཆེ་བའི་རྒྱལ་པོ་ཨིན་དྲ་བྷུ་ཏི་དང་། ལྕམ་ལཀྵཱིམ་ཀ་ར་སོགས་ཀྱི་བཞུགས་གནས་ཀྱང་བྱང་ཕྱོགས་ཨུ་རྒྱན་གྭི་ཡུལ་འདི་ཉིད་ཁོ་ན་ཡིན་པར་ཤིན་ཏུ་གསལ་བ་དང་། ལྷན་ཅིག་སྐྱེས་གྲུབ་མཛད་པོ་ཨིན་དྲ་བྷུ་ཏི་དང་། དེའི་འགྲེལ་བ་མཛད་པོ་ལྕམ་དཔལ་མོ་སྟེ། འགྲེལ་བ་དེར་གསལ་བའི་ཨོ་རྒྱན་ཡུལ་དང་། དེར་བྱོན་པའི་གྲུབ་ཐོབ་དཔའ་བོ་རྡོ་རྗེ་ནས་དགེ་སློང་གཉིད་ལོག་པ་ལ་བ་པ་སོགས་བཅུ་ཕྲག་བཤད་པའང་གནས་འདི་ཉིད་དུ་གྲུབ་པ་ཐོབ་པ་ཡིན་པར་བསྟན་འདུག་པའི་ཕྱིར་རོ། །དེས་ན་ནུབ་ཕྱོགས་ཨུ་རྒྱན་ཡུལ་དེ་ཉིད་གོང་གསལ་སྭ་ཝ་ཏི་ཞེས་པ་དེར་རྒྱལ་སྤྱིའི་ཐོག་ཞིབ་འཇུག་པ་མང་པོ་བྱུང་སྟེ། དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་བཞིན་ཉན་ཐོས་ཀྱི་གནའ་ཤུལ་དང་མཆོད་རྟེན། རྡོ་བརྐོས་རིགས། ཐེག་ཆེན་དང་འབྲེལ་ཡོད་མང་དུ་མཆིས་པ་ལས་སྔགས་བླ་མེད་དང་འབྲེལ་བ་ནི་གང་ཡང་མ་ཐོན་པར་བཤད། ཁ་ཅིག་གིས་གསང་སྔགས་བླ་མེད་ཀྱི་གནས་ནུབ་ཕྱོགས་ཨུ་རྒྱན་ཡུལ་ཞེས་པའི་མགོ་ཁུངས་བསྐྱར་ཞིབ་དགོས་ལུགས་བསྟན། ཉམས་ཞིབ་པ་ལ་ལས་ཤར་ཕྱོགས་ཨོ་ཌི་བི་ཤའམ་ཨོ་རི་སར་སྔགས་བླ་མེད་འབྲེལ་བའི་གནའ་རྫས་མང་པོ་ཐོན་པས། དེ་ཉིད་ཨུ་རྒྱན་ཡུལ་ཡིན་པར་དོགས་མཁན་ཡང་ཡོད་འདུག་ལ། བྷ་ག་ལར་སྔགས་བླ་མེད་དང་འབྲེལ་བའི་འཛུགས་སྐྲུན་ཐོན་པ་སོགས་ལ་ཤར་ནུབ་མཁས་པས་ཞིབ་འཇུག་བྱེད་བཞིན་འདུག་གོ །འོན་ཏེ་གནའ་བོའི་འཕགས་ཡུལ་བའི་མཁས་གྲུབ་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཞེས་པ། ལོ་རྒྱུས་མི་སྣ་དངོས་ཡིན་པར་ཚང་མས་ཁས་ལེན་ཐོབ་པ་དེ་ཉིད་ཀྱིས་དངོས་སུ་ཕེབས་པའི་སྒོ་ནས་གསུངས་པའི་གནས་མཆོག  ཡུལ་དབུས་མ་གྷ་དྷ་སོགས་ཀྱི་བྱང་ཕྱོགས་སུ་དཔག་ཚད་ཉིས་བརྒྱ་ལྷག་ན་ཡོད་པའི་ཨུ་རྒྱན་ཡུལ་ཞེས་པ་འདི་ཉིད་གོང་གསལ་ནང་པའི་གནའ་དཔེའི་ཁྲོད་དུ་གཟི་འོད་ལམ་མེར་གསལ་ཡོད་ཅིང་། འདི་ཉིད་གཟིགས་མཁན་ནི་བུ་སྟོན་རིན་པོ་ཆེས་རྒྱུད་སྡེ་སྤྱི་རྣམ་དུ་ལུང་དྲངས་པར་མཛད་པ་སོགས་བླ་མ་མང་པོ་བྱོན་ཡོད་ངེས་པར་གསལ་བའི་ཕྱིར།  བྱང་ཕྱོགས་ཞེས་པ་འདི་ཉིད་འགྱུར་སྐྱོན་མིན་པ་ནི་ཡིག་ཆ་ཁག་དུ་མར་གསལ་བས་ཀྱང་མཚོན་ཐུབ་པའི་ཕྱིར་རོ། །བྱང་ཕྱོགས་ཨུ་རྒྱན་ཡུལ་འདི་ཉིད་ནི་ད་ལྟའི་བར་ལྐོག་གྱུར་དུ་ལུས་ཡོད་དེ། ད་ལྟ་ནང་པའི་ཆོས་འབྱུང་སྨྲ་བ་དང་ལོ་རྒྱུས་གནའ་དཔྱད་སྨྲ་བར་ཁས་འཆེ་བ་མང་དུ་ཡོད་པ་གང་ཞིག གང་གིས་ཀྱང་འདི་ཉིད་རྩལ་དུ་བཏོན་ནས་ས་གནས་ས་ཐོག་ཏུ་ཉམས་ཞིབ་གནང་མཁན་ནི་མ་བྱུང་བར་སྣང་ལ། དེ་ནི་ཆེས་ཕངས་པའི་གནས་ཏེ། མི་ལོ་བཞི་ཅུ་ལྷག་རིང་དུ་རྒྱ་བལ་དུ་གནས་གཟིགས་མཛད་བཞིན་བཞུགས་པའི་བོད་པའི་ནང་པའི་མཁས་པ་དང་གྲུབ་པ་དང་། ནང་པའི་སྔགས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྩད་བཅད་བྱ་ཚུལ་མ་དམིགས་པས་སོ། །གཞན་དུ་རང་རེས་ཡིག་ངག་གཉིས་ཀར་ཨུ་རྒྱན་ཡུལ་ཞེས་མང་དུ་ལབ་རྒྱུ་དང་གྱེར་རྒྱུ་ཡོད་པ་ལ། བྱང་ཕྱོགས་ཨུ་རྒྱན་ཡུལ་དེ་ས་ལ་བབས་ནས་འདི་ན་ཞེས་མཛུབ་མོོ་འཛུགས་ས་མེད་པའི་གནའ་སྒྲུང་གི་ཟླ་བོར་མི་འགྱུར་བའི་ངེས་པ་ག་ལ་ཡོད་དེ། ལོ་རྒྱུས་དངོས་དང་འབྲེལ་བའི་ས་ཆ་ནི་དད་པ་ཡོད་མེད་ཚང་མའི་ཐུན་མོང་གི་མིག་ལམ་དུ་བསྟན་རྒྱུ་ཡོད་དགོས་པའི་ཕྱིར་རོ། །དེས་ན་ནང་པའི་ཆོས་འབྱུང་ཞིབ་མོ་དང་ལྷག་པར་དུ་གསང་སྔགས་ཀྱི་ཆོས་འབྱུང་ལོ་རྒྱུས་སྨྲ་བ་རྣམ་པས་ཡོད་ཚད་དག་སྣང་ཁོ་ན་ལ་སྦྱར་ནས་འཆད་པ་ཙམ་མ་ཟད། མི་ཡུལ་ཁམས་ཀྱི་ཐོན་རྫས་ཡིན་པའི་ཆ་ནས་ཡུལ་དུས་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་མི་སྣ་དངོས་ཡིན་པའི་ཆ་ནས་ས་གནས་ས་ཐོག་ལ་བབས་པའི་སྒོ་ནས་འཆད་ཐུབ་ན་དག་སྣང་ལ་སྦྱར་ནས་འཆད་པ་ལས་ཀྱང་ངོ་མཚར་ཤིན་ཏུ་ཆེ་བར་འོང་བས། འདིར་དོ་སྣང་ཡོང་ཆེད་དཔེ་ཀློག་གི་འབྲས་བུ་ཅུང་ཟད་སྤྱན་ལམ་དུ་བཤམས་པ་ལགས་སོ། །༢༠༢༢/༡༡/༡༠

བརྒྱུད་སྐུལ།

མཆན་སྤེལ།