དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷ་ས། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷ་ས། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ། ༢༽

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

དེ་སྔོན་ལྷ་སའི་ཉེ་འདབས་སུ་གཞུང་རྒྱུགས་ཀྱི་གཞིས་ཁག་ནི་འབྲས་གླིང་གཞིས་དང་། གྲ་བཞི་གཞིས། ལྷོ་མོས་གཞིས། གླང་རུ་གཞིས། གདོང་དཀར་རྫོང་། གནམ་གཞིས། ལྗངས་གཞིས། ཆོས་ལུང་གཞིས། སྣེའུ་གཞིས། ལུམ་པ་གཞིས། ཚལ་གཞིས།[1] བཅས་ཁྱོན་གཞུང་རྒྱུགས་གཞིས་ཀ་བཅུ་གཅིག་དང་། མཆོད་གཞིས་དགུ་བཅུ་གོ་གསུམ་དང་།

སྒེར་པ་སུམ་ཅུ་སོ་གཅིག་ཡོད་པ་གསལ།[2] དེ་ཡང་ཕྱི་ལོ་ ༡༨༣༠ གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་》ནང་གསལ་ལྟར་ན། པོ་ཏཱ་ལའི་འོག་ལྷོ་བྱང་གི་གཞུང་རྒྱུག་ཞིབ་གཞུང་བཀོར་པའི་ནང་བསྡོམས་གཞུང་རྒྱུགས་རྐང་ ཉིས་བརྒྱ་ཉིས་ཤུ་རྩ་དྲུག་དང་། བཅུ་གཉིས་ཀྱི་ཆ་གཅིག[3] ཆོས་གཞིས་འདོན་ ཕྱེད་གསུམ་བརྒྱ་བཅུ་མེད་བདུན་དང་དྲུག་ཆ་ཕྱེད་གསུམ། བཞི་བཅུ་ཞེ་བརྒྱད་ཀྱི་ཆ་གཅིག སྒེར་པ་འདོན་ཕྱེད་བརྒྱ་དང་ལྔ་བཅུ་ང་བདུན་དང་བཞི་བཅུ་ཞེ་བརྒྱད་ཀྱི་ཆ་གཅིག[4]

 

ས་བཅད་གསུམ་པ། ཡུལ་སྡེ་དང་། ར། ལ་མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།

སྐྱིད་རས། སྦྲ་ནག་ཞོལ། ཝ་པ་གླི། ཐལ་སྤུངས་སྒང་། བར་སྐོར། རབ་གསལ་གྲོང་། རྒྱལ་ཁ་ལམ། ཁྲོམ་གཟིགས་ཁང་། བདེ་སྐྱིད་ལམ། ཞོལ། བྲག་རི་ཁུག ལྷ་ཀླུ་དགའ་ཚལ། དན་བག།ཉང་བྲན། དོག་སྡེ། རྔ་ཆེན། ལྕགས་སྤྲ། རག ལྕང་གྲོང་། གཙང་རལ། ཚལ་གུང་ཐང་། གྲིབ་ཚེ་ཆོག་གླིང་། དཔལ་སྡིངས། ར་མོ་ཆེ། རྫོང་རྒྱབ་ཀླུ་ཁང་། ནོར་བུ་གླིང་ཁ། ལྷ་ས་ཟམ་ཆེན། གཡུ་ཐོག་ཟམ་པ། ཞང་འདབས།[5]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཆོས་རྒྱལ་བླ་རི། དགེ་འཕེལ་དབུ་རྩེ། ཇོ་བོ་བསིལ་ཟེར་རི། གདུགས་རི། བྱ་སྐྱག་དཀ་པོ། དམར་པོ། ལྕགས་པོ་རི།  བ་མ་རི་དང་། བན་ཁོས་བང་བ་རི། སྨིན་དྲུག་རྫ་རི། བྲང་ཕུའི་བྲག  མཁར་རྡོའི་བྲག་དང་། ཉང་བྲང་འཕན་དཀར་གྱི་རི། གྲིབ་ཀྱི་འཁྱགས་རོམ་ལ་དུང་། རྫོང་བཙན་རི། སྒོ་ལ་དང་། སྦྲགས་ལ། སྐམ་ལ། ཤར་ལ། དགའ་ལ།[6] སོགས་ཡོད། གཙང་པོ་ལྷ་ས་སྐྱིད་ཆུ་སོགས་ཡོད། དེ་དག་ལས་དགེ་འཕེལ་དབུ་རྩེ་ནི་གྲོང་ཁུལ་གྱི་ནུབ་བྱང་དུ་གནས་ཤིང་ཚིག་དོན་དགེ་བ་འཕེལ་བའི་རི་རྩེ་ཞེས་དང་། རི་འདབས་སུ་ལུང་རོང་གི་ཞིང་ས་ཡོད། འཕན་པོ་སྒོ་ལ་ནི་ལྷ་སའི་བྱང་ཕྱོགས་སུ་གནས་ཤིང་ལྷུན་གྲུབ་རྫོང་དང་ས་འབྲེལ་ཞིང་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༠༧༢ ཡོད།[7] ལྷ་ས་སྐྱིད་ཆུ་ནི་འབྱུང་ཁུངས་ལྷ་རི་རྫོང་སྨི་ཏི་ཁ་གཤོང་སའི་ཤར་ངོས་ཀྱི་ན་འདམ་ས་ཁུལ་ནས་ཡིན་ཞིང་། ལྷོ་ནུབ་ཕྱོགས་སུ་རྒྱུག་སྟེ་ལྷ་ས་གྲོང་ཁྱེར་བརྒྱུད་ཆུ་ཤུར་རྫོང་ཆགས་ཡུལ་གྱི་ཉེ་འཁོར་དུ་ཡར་ཀླུང་གཙང་པོར་འདུ། ཆུ་བོའི་སྟོད་ཕྱོགས་དོག་པ་དང་སྨད་ཕྱོགས་ཆུ་ལམ་དྲ་བའི་གཟུགས་སུ་གྲུབ་ཅིང་།[8]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

ལྷ་ས་ཁུལ་གྱི་ལས་རིགས་གཙོ་བོ་ཞིང་ལས་དང་ཚོང་ལས་ཡིན་ཞིང་། མཐའ་ཁུལ་གྱི་ལུང་ལག་རྣམས་སུ་འབྲོག་ལས་གཉེར་མཁན་ཡང་གང་འཚམ་ཡོད། ལོ་ཏོག་གཙོ་བོ་ནས་དང་། གྲོ། སྲན་མ། རྒྱ་སྲན། པད་ཁ། སྲོ་མ་ར་རྩ། ཞོག་ཁོག བོད་ལབ། རྒྱ་ལབ། ཆེན་ལབ། ལ་ཕུག་དཀར་རིལ། ཉུང་མ། པོ་ཚལ། པད་ཚལ། ཨོ་སུན། བྱིན་ཚལ། ཆིན་ཚལ། ཀོའོ་ཕིག ཀྲུའུ་མ་ཀྲུ། ལན་ཧ་པད། སྒོག་པ། ཙོང་།[9] སོགས་སྣ་ཚོགས་ཡོད། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་ཡོད། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་ཆད་ཡང་ཡོད།

ཕྱི་ལོ་ ༡༩༥༩ ལོའི་སྔོན་དུ་བོད་ཀྱི་ཁྲོམ་གཞུང་གཙོ་བོ་བར་སྐོར་ཡིན་པ་དང་། ཁུལ་དེར་མི་རིགས་འདྲ་མིན་གྱི་ཚོང་ཁང་དུ་མ་ཡོད། སྐབས་དེའི་ཁྲོམ་གཞུང་དུ་རྒྱའི་ཐོན་རྗས་དར་གོས་དང་། དཀར་ཡོལ། ཀན་ཚལ། ཇ་སོགས་དང་། རྒྱ་གར་གྱི་ཐོན་རྗས་རས་ཆ། ཐེར་མ། འགོ་སྣམ་སོགས། ཁ་ཆེ་བས་ཞྭ་མོ་སྣ་ཚོགས་དང་། ཕྱི་ནས་པགས་རིགས། བལ་པོས་སྐྱེན་ཁེབ་དང་། རྒྱ་སེ། རྒྱ་འདྲ། ཆུ་ཚོད། རས་ཆ། ཐེར་མ། མངར་ཆ་སོགས་ཚོང་བ་ཡིན། ཞེས་དང་། ད་དུང་གསེར་དངུལ་གཡུ་བྱུར་སོགས་རིན་པོ་ཆེ་དང་། མཛེས་ཆས། བཟའ་བཅའ། གྱོན་ཆས། སྤྱོད་ཆས་སྣ་ཚོགས་ཚོང་གཉེར་བྱེད་པ། དེ་བཞིན་ཞིང་འབྲོག་ཐོན་རྫས། ཐོན་སྐྱེད་ཡོ་ཆས། འཚོ་བའི་མཁོ་ཆས་སོགས་ཕྱི་ཟོག་ནང་འདྲེན་བྱེད་སྲོལ་ཡོད།[10] ཅེས་གསལ།

 

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

ལྷ་ས་ཁུལ་གྱི་ཐུན་མིན་ཐོན་ལས་ཐད་ལྷ་སའི་ལྗགས་སྨིན་ཆུ་འཁོར་གྱི་བཟོ་རྩལ་ནི་མིང་གྲགས་ཆེ་ཤོས་ཀྱི་ཆུ་འཁོར་ཞིག་ཡིན་ཞིང་། ཆུ་འཁོར་དེ་ནི་ལྷ་ས་གྲོང་ཁྱེར་བྱང་ཉང་བྲན་ཏེ་ལྷ་ས་གྲོང་ཁྱེར་གྱི་ལྟེ་བ་ནས་བར་ཐག་སྤྱི་ལེ་དྲུག་གི་སར་གནས་ཡོད། ལྗགས་སྨིན་ཆུ་འཁོར་ནི་ལྗགས་སྨིན་གསོལ་ཞིབ་འཐག་ལས་གནང་ཡུལ་གཅིག་པུ་དེ་རང་ཡིན་ཞིང་། ལྗགས་ཞེས་པ་ལྕེ་ཡི་ཞེ་ས་དང་སྨིན་ཞེས་པ་ནི་གསོལ་ཞིབ་འབུལ་ཡུལ་ཁོ་ནའི་ཞལ་དུ་འགྲོ་བ་ལས་བར་དུ་བོར་བརླག་དང་ཆུད་ཟོད་མེད་པར་ཞལ་ལ་སྨིན་པས་ན་ལྗགས་སྨིན་ཞེས་ཐ་སྙད་དུ་ཆགས། དུས་རབས་བཅུ་བདུན་པའི་ནང་༸གོང་ས་ལྔ་པ་ཆེན་པོ་བོང་ཁར་སྐུ་མཚམས་ལ་བཞུགས་སྐབས། ཡུལ་འདི་ནས་གསོལ་ཞིབ་དང་གསོལ་ཆས་མ་སྐུལ་དང་བླངས་ཀྱིས་ཕུལ་མྱོང་བ་དང་། གྲོང་སྨད་པའི་སྡེ་སྲིད་རིམ་བྱུང་སྐབས་ཡུལ་འདི་ནས་ཐོན་པའི་རྩམ་པར་གཟེངས་བསྟོད་མཛད། ༸གོང་ས་སྐུ་ཕྲེང་བདུན་པའི་སྐུ་དུས་དངོས་སུ་ལྗགས་སྨིན་གསོལ་ཞིབ་འཐག་ལས་གནང་ཡུལ་དུ་གཏན་འཁེལ་བྱུང་བར་གྲགས་ཤིང་། ལྗགས་སྨིན་ཆུ་འཁོར། ཞེས་པའི་མིང་དེ་ད་བར་མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད།[11]

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་ཀྱི་རིགས་ལ་གཟིག ས་གཟིག སྤྱང་ཀི ཝ་མོ། གྲུམ་པ། གཡི། སྲམ། སེ་ལེ་ཞི་མི། ཨོག་དཀར། གླ་བ་དང་། གནའ་བ། དགོ་བ། འཕྱི་བ། རི་བོང་། བྱ་རྒོད། གོ་བ། བྱ་རོག། སྐྱུང་ག། ཁུ་བྱུག། གོང་མོ། བྱ་གླག། ནེ་ལེ། བྱང་ངང། སྲེག་པ། ཁྲུང་ཁྲུང་། ངང་པ་དཀར་པོ། ངང་པ་སེར་པོ། ཆུ་སྐྱར། དུད་དུད་གུག་གུག  སྤུ་ཤུད། ཁྲ། འུག་པ། སྲིང་བྱ། སྐྱ་ཀ། ཕུག་རོན། འཇོལ་མོ། རྡོ་ཏིའི། འདག་བྱིའུ། བྱ་ཕ་ཝང་། ཁང་བྱིའུ། རི་བྱིའུ། ཏིང་ཏིང་མ། བྱིའུ་ཆུང་མཐེབ་རྡོག ཅོ་ག། ཤིང་ཏ་མོ་སོགས་བྱ་དང་བྱིའུའི་རོགས་སྣ་ཚོགས་དང་། གཞན་ཡང་ཨ་བྲ་དང། རྫ་བྲ། སྲེ་མོང་། སྦྲུལ། ཆུ་ཕིར། རྩངས་པ་ཁ་རལ། བྱེ་མ་ཉུ་གུ། ཉའི་རིགས་སྣ་ཚོགས་ཡོད།

སྨན་རྩ་དང་མེ་ཏོག་རིགས། ཨཏྤལ་སྔོན་པོ་དང་། སྲོ་ལོ་དམར་པོ། གཡའ་སྐྱ་རིལ། དབྱར་རྩྭ་དགུན་འབུ། ཀླུ་བདུད་རྡོ་རྗེ། ཏིག་ཏའི་རིགས། བྲག་སྐྱ་ཧའོ། པི་པི་ལིང་། ཨུག་ཆོས་སོགས་སྨན་རྒྱུའི་རྩྭ་དང་། མེ་ཏོག་མང་པོ། དེ་བཞིན་རྩྭ་དྲེད་མ་དང་། ཆོ་ལོ། སུག་པ། འབྲི་སྨུག  རམ་བུ། ཧྲེ་ཆགས། རི་སྒོག  འཛིན་བུ་སོགས་ཐོན་སྐྱེད་རྒྱུ་ཆ་དང་། འཚོ་བྱད་ལ་སྤྱོད་ཆོག་པའི་རྩྭ་དང། མེ་ཏོག་མང་པོ་སྐྱེ་གི་ཡོད། ཤིང་སྣའི་རིགས་ལ་སྦྱར་པ་དཀར་ནག། རྒྱ་ལྕང། སྐྱེ་ལེགས། ཆུ་ལྕང། ལྕང་ནག། ཤུག་པ། ཐང་ཤིང་། སྙུག་མ། ཡོམ་སྦོམ་སོགས་འབྲས་བུ་མེད་པའི་བཙུགས་ཤིང་དང་། ཁམ་བུ། མངར་ཁམ། སྟར་ཁ། ཀ་ར། ཀུ་ཤུ། སིའུ། ལི། ཆུ་རྒུན་འབྲུམ་སོགས་འབྲས་ལྡན་ཤིང་། སྒྲོ་བ། གླ་ཙེར། གླང་མ། ཚར་པ། སེ་བ། སྐྱེར་པ། མཛོ་མོ་ཤིང་། སྐྱ་ཚེར། ཆུ་ཤིང་འུམ་བུ། སྤ་མ། བ་ལུ། སུ་ལུ། སྤེན་མ། བྲ་མ། སྐལ་བཟང་ཤིང།[12] སོགས་རང་བྱུང་སྐྱེ་ཤིང་སྣ་ཚོགས་ཡོད་ཅེས་གསལ།

གཏེར་ཁའི་རིགས་ལ་ལྕགས་རྡོ་དང་། རྡོ་སོལ། རྡོ་མཉེན། ཅོང་ཞི། རྡོ་གཡམ། ཨར་འདམ་རྒྱུ་ཆར་མཁོ་བའི་རྡོ་དང་། ཨར་ཀ། ས་དམར། བ་དཀར་དང་། ཨར་ཀ།ས་མཚུར། རྡོ་ཛང་དཀར། སྨན་རྡོ།[13] ད་དུང་དུས་རབས་བཅུ་དགུ་པའི་ནང་རྩེ་དྲུང་བསམ་མཁར་མཁྱེན་རབ་ཀུན་བཟང་གིས་བྲག་རི་ཁུག་ནས་གསེར་བཏོན་སྐད།[14] མདོར་ན། ལྕགས་དང་། ཟངས། ཞ་ཉེ། བཤའ་ཚེ། རྨུའུ། གསེར། ལྕགས་རྡོ་སེར་པོ། རང་བྱུང་མུ་ཟིའམ་རྫ་རྩི། ཤེལ་རྡོ། དཀར་གོང་། ཚུར་དཀར་རྡོའམ་དར་ཚུར། མེ་རིིའི་ཐལ་བ། ཅུ་གང་། ཉི་མ་ཁ་ཆུ། བྱེ་མ་དཀར་གོང་། བྱེད་མ་ཤེལ་རྡོ། རྡོ་ཐལ་བྲག  བྲག་རྡོ་ཧྭ་ཀང་ཡན། རྡོ་ཀ་མ་རུ་པ། མྱགས་ས། རྡོ་སྣག  རྡོ་སོལ། ས་འོག་ཚ་ནུས་སོགས་གཏེར་དངོས་ ༡༢[15] ཡོད་ཅེས་གསལ། དེ་བཞིན་གསང་ཡིབ་ཆུ་ཚན། ཆུ་ཚན་དེ་ཆུ་མིག་ཁག་གསུམ་ནས་བཞུར་ཞིང་དྲོད་ཚད་ ༢༢˚C ཆུ་ཚན་དེས་མཁལ་གྲུམ་དང་། པགས་ནད། ཕོ་བ་སོགས་ཕན་པ་ཆེ་སྟབས་སྟོན་དཔྱིད་གཉིས་ལ་ཆུ་ཚན་རྒྱགས་མཁན་མང་པོ་ཡོད།[16] ཅེས་གྲགས། བྱང་གི་གཏུན་ཁུང་ཆུ་མིག འཇའ་ཚོན་ཆུ་མིག་ཅེས་པའི་ཆུ་མིག་ཞིག་ཡོད་པ་དེར་དབྱར་དུས་གླིང་གཏོང་སྤྲོ་གསེང་དུ་ཡོང་མཁན་མང་པོ་ཡོད།[17]

 

ས་བཅད་བདུན་པ། དགོན་སྡེ་དང་གྲགས་ཅན་མི་སྣ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
རྨེ་རུ་དགོན། དུས་རབས་དགུ་པ། བཙན་པོ་ཁྲི་རལ་པ་ཅན། དགེ་ལུགས།
བཞི་སྡེ་དགོན། དུས་རབས་དགུ་པ། བཙན་པོ་ཁྲི་རལ་པ་དང་།ཚལ་པ་ཁྲི་དཔོན་དགའ་བདེ་བཟང་པོ་སུ་ཡིན་ཁ་གསལ་དབེན། དགེ་ལུགས།
དཔལ་ལྡན་རྒྱུད་སྨད་གྲྭ་ཚང་། ༡༤༣༣ རྗེ་བཙུན་ཤེས་རབ་སེང་གེ། དགེ་ལུགས།
དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་། ༡༤༧༤ རྗེ་བཙུན་ཀུན་དགའ་དོན་གྲུབ། དགེ་ལུགས།
མཚམས་ཁུང་ཨ་ནི་དགོན། དུས་རབས་བདུན་པ། བཙན་པོ་སྲོང་བཙན་སྒམ་པོ། རྙིང་མ།
རྩེ་རྣམ་རྒྱལ་གྲྭ་ཚང་། ༡༥༧༤ རྒྱལ་མཆོག་གསུམ་པ་བསོད་ནམས་རྒྱ་མཚོ། དགེ་ལུགས།
ཚེ་སྨོན་གླིང་དགོན། ༡༨༢༥ ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས། དགེ་ལུགས།
ཀུན་བདེ་གླིང་དགོན། ༡༧༩༢ རྟ་ཚག་རྗེ་དྲུང་བསྟན་པའི་མགོན་པོ། དགེ་ལུགས།
ཚལ་གུང་ཐང་དགོན། ༡༡༧༤ བླ་མ་ཞང་ངམ་གཡུ་བྲག་པ་བཙོན་འགྲུས་གྲགས་པ། བཀའ་བརྒྱུད།
༡༠ ཚལ་དབུས་གླིང་གྲྭ་ཚང་། དུས་རབས་བཅུ་གསུམ། རྗེ་ཀུན་མཁྱེན་དད་པ། དགེ་ལུགས།
༡༡ གྲིབ་ཚེ་མཆོག་གླིང་། ༡༧༨༩ བླ་མ་དཀར་ཆེན་ཡེ་ཤེས་རྒྱལ་མཚན། དགེ་ལུགས།
༡༢ དཔལ་ལྡན་འབྲས་སྤུངས་དགོན། ༡༤༡༦ འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན། དགེ་ལུགས།
༡༣ སེ་ར་ཐེག་ཆེན་གླིང་། ༡༤༡༩ བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། དགེ་ལུགས།
༡༤ སེ་ར་ཆོས་སྡིངས་དགོན། ༡༤༠༧ རྗེ་ཙོང་ཁ་པ། དགེ་ལུགས།
༡༥ གནས་སྒོང་གདོང་བཙུན་དགོན། དུས་རབས་བཅུ་དྲུག། སྒོམ་སྡེ་ཤར་ཆེན་ནམ་མཁའ་རྒྱལ་མཚན། དགེ་ལུགས།
༡༦ ནེ་ཕྱུང་བཙུན་དགོན། དུས་རབས་བཅུ་གཉིས། རབ་འབྱམས་ཆོས་རྗེ། དགེ་ལུགས།
༡༧ རི་སྐྱ་བསམ་གཏན་གླིང། དུས་རབས་བཅོ་བརྒྱད། རི་སྐྱ་སྤྲུལ་སྐུ་མངའ་རིས་བློ་བཟང་། དགེ་ལུགས།
༡༨ བཀྲ་ཤིས་ཆོས་གླིང་དགོན། དུས་རབས་བཅུ་གཅིག དགེ་བཤེས་བྲག་དཀར་བ། དགེ་ལུགས།
༡༩ གར་དགོན་བསམ་གཏན་གླིང་། དུས་རབས་བཅུ་གཉིས། ཕ་དམ་པ་སངས་རྒྱས། དགེ་ལུགས།
༢༠ ཀརྨ་དགོན་གསར་དགོན། ༡༥༠༣ རིན་སྤུངས་པ་དོན་ཡོད་རྡོ་རྗེ། བཀའ་བརྒྱུད།
༢༡ ག་རི་དགོན། དུས་རབས་བཅུ་གཉིས། རྒྱ་གར་གྲུབ་ཆེན་ཕ་དམ་པ་སངས་རྒྱས། དགེ་ལུགས།
༢༢ བསྟན་རྒྱས་གླིང་། ༡༧༦༢ དེ་མོ་འཇམ་དཔལ་བདེ་ལེགས་རྒྱ་མཚོ། དགེ་ལུགས།
༢༣ ཚལ་ཡང་དགོན། ༡༡༧༥ གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ། བཀའ་བརྒྱུད།
༢༤ ཟངས་བྲག་དམར་དགོན། དུས་རབས་བཅུ་དྲུག། སྤྲུལ་སྐུ་ངག་དབང་འཇིགས་བྲལ་རིན་པོ་ཆེ། བཀའ་བརྒྱུད།
༢༥ སྟག་བསྟན་གཟིམ་ཕུག། ༡༩༣༠ ཕ་བོང་ཁ་བྱམས་པ་བསྟན་འཛིན། དགེ་ལུགས།
༢༦ རག་གི་བཙུན་དགོན། དུས་རབས་བཅོ་བརྒྱད། སྡེ་དཔོན་མཁར་བའི་མི་ངོ་བཙུན་མ་ཞིག
༢༧ གནས་ཆུང་དགོན། མཁན་པོ་ལྕོག་པ་བྱང་ཆུབ་དཔལ་ལྡན། དགེ་ལུགས།
༢༨ དར་པོ་གླིང་། རྗེ་དགེ་འདུན་གྲུབ་པ། དགེ་ལུགས།
༢༩ གུང་ཐང་གཟིམ་ཁང་ཤར་གྲྭ་ཚང་། ས་སྐྱ།
༣༠ གཙུག་ལག་ཁང་། ༦༣༩ བཙན་པོ་སྲོང་བཙན་དང་བལ་བཟའ།
༣༡ རྨེ་རུ་རྙིང་པ། དུས་རབས་དགུ་པ། བཙན་པོ་ཁྲི་རལ་པ་ཅན།
༣༢ བྱམས་ཁང་ལྷ་ཁང་། དུས་རབས་བཅུ་དྲུག་པ། ལོ་སེམས་དཔའ་བློ་གྲོས་རྒྱལ་མཚན།
༣༣ རྗེ་འབུམ་སྒང་ལྷ་ཁང་། དུས་རབས་བཅོ་བརྒྱད། ༸རྒྱལ་མཆོག་སྐུ་ཕྲེང་བདུན་པ།
༣༤ ཚེ་དཔག་ལྷ་ཁང་། ཚལ་པ་ཁྲི་དཔོན་བདེ་དཔོན་བཟང་པོ
༣༥ བཞི་སྡེ་སྨྱུང་གནས་ལྷ་ཁང་། དུས་རབས་བརྒྱད་པ། སྙུང་གནས་བླ་མ་ཡེ་ཤེས་བཟང་པོ།
༣༦ ཡུན་རིང་ལྷ་ཁང་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོ།
༣༧ ལྷ་མོ་ཁང་།
༣༨ ལྷ་ཁང་རྨེ་རུ། དུས་རབས་བརྒྱད་པ། མྱང་ཤ་མི་གོ་ཆ། ( མྱང་ཏིང་འཛིན་བཟང་པོའི་གཅུང་པོ་ཡིན།)
༣༩ གཞང་རྒྱང་གི་ལྷ་ཁང་། དུས་རབས་བརྒྱད་པ། མྱང་ཤ་མི་གོ་ཆ། ( མྱང་ཏིང་འཛིན་བཟང་པོའི་གཅུང་པོ་ཡིན།)
༤༠ རྒུན་འབྲུམ་གྱི་ལྷ་ཁང་། དུས་རབས་བརྒྱད་པ། མྱང་ཤ་མི་གོ་ཆ། ( མྱང་ཏིང་འཛིན་བཟང་པོའི་གཅུང་པོ་ཡིན།)
༤༡ ལྷ་སའི་ཕྱོགས་བཞིའི་རིགས་གསུམ་ལྷ་ཁང་། སྲོང་བཙན་སྐབས་བཞེངས་སྐད།
༤༢ ཚལ་གཞི་མེའོ་ལྷ་ཁང་།
༤༣ ཡུན་ལན་ལྷ་ཁང་།
༤༤ སྨོན་གྲོང་སྒྲོལ་མ་ལྷ་ཁང་།
༤༥ ར་ཆེའི་རྡོ་ཟམ་གེ་སར་ལྷ་ཁང་།
༤༦ ཏན་རྡ་མེའོ་ལྷ་ཁང་།
༤༧ གྲ་བཞི་ཡ་མོན་ལྷ་ཁང་།
༤༨ རག་རི་ཁྲོད། དུས་རབས་བཅུ་དྲུག་པ། སྡེ་དྲུག་མཁྱེན་རབ་དབང་ཕྱུག། དགེ་ལུགས།
༤༩ རག་རི་ཁྲོད། དུས་རབས་བཅུ་དགུ། སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག དགེ་ལུགས།
༥༠ གནས་ནང་རི་ཁྲོད། དུས་རབས་བཅོ་བརྒྱད། མཁར་རྡོ་གསུམ་པ་རིག་འཛིན་ཆོས་རྡོར། དགེ་ལུགས།
༥༡ མཁར་རྡོ་རི་ཁྲོད། ༡༧༠༦ མཁར་རྡོ་བཟོད་པ་རྒྱ་མཚོ། དགེ་ལུགས།
༥༢ ཀེའུ་ཚང་ནུབ་རི་ཁྲོད། དུས་རབས་བཅོ་བརྒྱད། མཁན་པོ་བྱམས་པ་སྨོན་ལམ། དགེ་ལུགས།
༥༣ ཕུར་ལྕོག་རི་ཁྲོད། དུས་རབས་བཅོ་བརྒྱད། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། དགེ་ལུགས།
༥༤ བྲག་རི་རི་ཁྲོད། དུས་རབས་བཅོ་བརྒྱད། ཕ་བོང་ཁའི་མཁན་པོ་རྒྱ་མཚོ་མཐའ་ཡས། དགེ་ལུགས།
༥༥ དགོན་གསར་རྩེ་རི་ཁྲོད། དུས་རབས་བཅོ་བརྒྱད། ཡོངས་འཛིན་ངག་དབང་ཆོས་གྲགས། དགེ་ལུགས།
༥༦ ཉང་བྲན་ཆོས་བཟང་རི་ཁྲོད། ༡༦༩༧ སྡེ་སྲིད་སངས་རྒྱས་རྒྱ་མཚོ། དགེ་ལུགས།
༥༧ སེ་ར་རྩེ་སྒྲིབ་ཁང་རི་ཁྲོད། དུས་རབས་བཅོ་བརྒྱད། དགེ་ལེགས་སྙན་གྲགས་རྒྱ་མཚོ། དགེ་ལུགས།
༥༨ དགེ་འཕེལ་རི་ཁྲོད། ༡༦༡༧ པཎ་ཆེན་བཞི་པ་བློ་བཟང་ཆོས་རྒྱན། དགེ་ལུགས།
༥༩ འཇོག་པོ་རི་ཁྲོད། དུས་རབས་བཅུ་དགུ་པ། སེ་རའི་འཇོག་རེ་ངག་དབང་བསྟན་འཛིན། དགེ་ལུགས།
༦༠ རག་རི་ཁྲོད། དུས་རབས་བཅུ་དགུ། སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག
༦༡ སྒར་པ་རི་ཁྲོད། གླིང་སྤྲུལ་བཞི་པ་ངག་དབང་ལུང་རྟོགས་རྒྱ་མཚོ། དགེ་ལུགས།
༦༢ བྱང་ཁང་རི་ཁྲོད། གུང་ཐང་བླ་མ་ཞང་གི་སྒྲུབ་ཁང་ཡིན། བཀའ་བརྒྱུད།
༦༣ ལྷ་ལུང་རི་ཁྲོད། གནས་ཆུང་སྐུ་རྟེན་ཤཱཀྱ་ཡར་འཕེལ། དགེ་ལུགས།
༦༤ དགོན་གསར་རི་ཁྲོད། པཎ་ཆེན་བདུན་པའི་ཡུམ་ཆོས་ཀྱི་སྒྲོལ་མ། དགེ་ལུགས།
༦༥ སྒར་པ་རི་ཁྲོད། དགའ་ལྡན་ཁྲི་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ། དགེ་ལུགས།
༦༦ སྒར་པ་རི་ཁྲོད། དགའ་ལྡན་ཁྲི་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ།
༦༧ ར་ཁ་བྲག་རི་ཁྲོད། དགེ་ལུགས།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
གུང་རི་གུང་བཙན།
གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ། སྐྱིད་ཤོད་ཚ་བ་གྲུ། ༡༡༢༢-༡༡༩༣ ཚལ་པ་བཀའ་བརྒྱུད་ཀྱི་སྲོད་གཏོད་པོ་ཡིན།
ཚལ་པ་ཀུན་དགའ་རྡོ་རྗེ། ༡༣༠༩-༡༣༦༥ དེབ་ཐེར་དམར་པོ་བརྩམས།
དགའ་ལྡན་དམག་དཔོན་བསོད་ནམས་རྒྱལ་པོ། ཚལ་གུང་ཐང་། དུས་རབས་བཅུ་དྲུག
བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། ཚལ་གུང་ཐང་། ༡༣༥༤-༡༤༣༥ རྗེ་རིན་པོ་ཆེའི་སྐུ་ཚབ་མཛད་དེ་རྒྱ་ནག་ཏུ་ཕེབས་པ་དང་།གདན་ས་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་ཕྱབ་བཏབ།
འཇམ་དབྱངས་ལེགས་པ་ཆོས་འབྱོར། གུང་ཐང་། ༡༤༢༩-༡༥༠༣ འབྲས་སྤུངས་དགོན་གྱི་གདན་རབས་བརྒྱད་པ་ཡིན།
གྲུབ་ཐོབ་ཐར་པའི་རྒྱལ་མཚན། ཉང་བྲན། ༡༥༣༥-༡༥༨༩
ཁྲི་ཆེན་དགེ་འདུན་རྒྱལ་མཚན། ལུམ་པ་ཤག ༡༥༣༢-༡༦༠༦ དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་ཡིན།
གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། གྲོང་སྨད། -༡༦༦༨ དགའ་ལྡན་ཕོ་བྲང་གི་སྡེ་སྲིད་ཀྱི་ཐུགས་འགན་བཞེས།
༡༠ གྲོང་སྨད་པ་སངས་རྒྱས་རྒྱ་མཚོ། གྲོང་སྨད། ༡༦༥༣-༡༧༠༥ རྩེ་ཕོ་བྲང་དམར་པོ་གསར་བཞེངས།རྒྱལ་མཆོག་དྲུག་པའི་ཡང་སྲིད་རྩད་གཅོད་སོགས་དགའ་ལྡན་ཕོ་བྲང་པའི་སྡེ་སྲིད་ཆོས་སྲིད་གཉིས་ཀར་མཛད་པ་ཆེ་ཤོས་ཤིག་ཡིན།
༡༡ མཁར་རྡོ་བཟོད་པ་རྒྱ་མཚོ། སྟེང་ཁང་སྦུག ༡༦༨༢-༡༧༤༡
༡༢ ཆོས་དབྱིངས་བདེ་ཆེན་མཚོ་མོ། ལྷ་ཀླུ་དགའ་ཚལ། གསང་ཐིག་རྡོ་རྗེ་ཕག་མོ་སྐུ་ཕྲེང་དགུ་པ་ཡིན།
༡༣ མཁན་ཆེན་བསྟན་པ་ཆོས་འཕེལ། དོག་བདེ། ༡༨༤༠-༡༩༠༧
༡༤ གསེར་ཀོང་ངག་དབང་ཚུལ་ཁྲིམས་དོན་ལྡན། ཡབ་གཞིས་གཡུ་ཐོག ༡༨༥༦-༡༩༡༨
༡༥ ཕ་བོང་ཁ་པ་བྱམས་པ་བསྟན་འཛིན། ཡབ་གཞིས་གཡུ་ཐོག ༡༨༧༨-༡༩༤༡
༡༦ བཀྲ་ཤིས་དོན་གྲུབ། དུས་རབས་ཉི་ཤུ། ལྷ་སའི་ཁུལ་དུ་སྐད་གྲགས་ཡོད་པའི་ལྕགས་བཟོ་བ་ཞིག་ཡིན།
༡༧ སྐྱིད་ཤོད་ཀྱི་ཞབས་དྲུང་ཨ་དཔལ། ༡༥༨༦- སྡེ་པ་དེས་གཙང་དམག་དང་འཐབས་ཏེ་ཕམ་ཉེས་བྱུང་རྗེས།པོ་ཏཱ་ལར་ཡོད་པའི་འཕགས་པ་ལོ་ཀེ་ཤཱ་རའི་སྐུ་བརྙན་ཁྱེར་ནས་མཚོ་སྔོན་གྱི་སོག་པར་སྐྱབས་བཅོལ་བྱ་དགོས་བྱུང་།
༡༨ སྐྱིད་ཤོད་དགའ་ལྡན།
༡༩ སྐྱིད་ཤོད་སྡེ་པ་ཆོས་རྗེ། ༡༥༩༣-༡༦༣༨ གུང་རུ་སྐྱིད་ཤོད་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་དང་པོ་དེ་ཡིན།
༢༠ སྐྱིད་ཤོད་ཞབས་དྲུང་ཡིད་བཞིན། ༡༥༨༩-
༢༡ སྐྱིད་ཤོད་ཞབས་དྲུང་ཨ་ཁུ་བཀྲིས། ༡༥༣༡-༡༥༨༩
༢༢ ཁང་གསར་ངག་དབང་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག སྦྲ་ནག་ཞོལ ༡༨༨༨-༡༩༤༡
༢༣ ཁྲི་ཆེན་ངག་དབང་ཆོས་འཕེལ། ལྷ་སའི་བྱང་རྒྱུད་མར་རྐྱང་། ༡༧༦༠-༡༨༣༩ དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་དང་།ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན།
༢༤ ཁྲི་ཆེན་ཐུབ་བསྟན་ཀུན་དགའ། ལྷ་སའི་ཉེ་འཁོར། -༡༩༦༤ དགའ་ལྡན་ཁྲི་ཐོག་གོ་དྲུག་པ།
༢༥ མཁན་ཆེན་གྲགས་པ་གཞོན་ནུ། ལྷ་སའི་དབུས་སྟོད་ཀྱི་ལྷ་ལྕང་རི་མོ་ཅན། ༡༢༥༧-༡༣༡༥
༢༦ གྲུབ་ཐོབ་ཐར་པའི་རྒྱལ་མཚན། ཉང་བྲན་ན་ཁ་ཅན། ༡༥༣༥-༡༥༨༩
༢༧ འཇམ་དབྱངས་བདེ་བའི་རྡོ་རྗེ། ལྷ་ས། ༡༦༨༢-༡༧༤༡ མི་དབང་ཕོ་ལྷ་བའི་མཆོད་གནས་ཡིན།
༢༨ ཉང་གི་ཁྲི་བཟང་ཡང་སྟོན། ཉང་བྲན། དུས་རབས་བདུན་པ། བཙན་པོ་སྲོང་བཙན་གྱི་བློན་ཆེན་བཞིའི་གྲས་དང་།བོད་མཛངས་བློན་བདུན་གྱི་ལྔ་པ།མཛངས་ལས་སུ་རི་ཁྱིམ་རྣམས་ཀླུང་ཐང་དུ་སྤོས་ནས་གྲོང་དུ་བསྒྱུར།
༢༩ སྡེ་སྲིད་ངག་གི་དབང་པོ།
༣༠ ཚལ་པ་དགའ་བདེ་དཔལ།
༣༡ ཚལ་པའི་དཔོན་རབས་རིམ་བྱུང་།
༣༢ བསོད་ནམས་དཔལ་འབྱོར། ལྷ་ས། ༡༩༣༢-༡༩༩༥
༣༣ རྭ་སྒྲེང་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག། ཐལ་ཕུང་སྒང་། ༡༩༤༩-༡༩༩༧ རྭ་སྒྲེང་སྐུ་ཐོག་དྲུག་པ་ཡིན།
༣༤ རྡོར་བྲག་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ། ར་མོ་ཆེ། ༡༨༨༦- རྡོར་བྲག་སྐུ་ཕྲེང་དགུ་པ་དང་།དགུང་ལོ་ཞེ་བདུན་བཞུགས།
༣༥ རྡོར་བྲག་འཇམ་དཔལ་བློ་བཟང་། སྦྲ་ཞོལ། ༡༩༣༦- རྡོར་བྲག་སྐུ་ཕྲེང་བཅུ་པ་ལགས།
༣༦ ཁྲི་ཆེན་དགེ་འདུན་རྒྱལ་མཚན། ལུམ་པ་ཤག ༡༥༣༢-༡༦༠༧ དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ།
༣༧ དགེ་བཤེས་བྲག་དཀར་བ། ཉང་བྲན། དུས་རབས་༡༡
༣༨ རྒྱལ་བ་འཕྲིན་ལས་རྒྱ་མཚོ། ལྷ་ཀླུ། ༡༨༥༦-༡༨༧༥ ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ།
༣༩ མཉམ་མེད་ཤཱཀྱ་ཡེ་ཤེས། ཚལ་གུང་ཐང་། ༡༡༤༧-༡༢༠༧
༤༠ སྨོན་གྲུབ་སྦུག་ཐུབ་བསྟན་རྒྱལ་པོ། ལྷ་ས། ༡༩༠༢-༡༨༧༣
༤༡ སྒོ་མང་བསྟན་པ་ཆོས་འཕེལ། གནས་ནང་། ༡༨༤༠-༡༩༠༧
༤༢ དེ་མོ་བསྟན་འཛིན་ཕུན་ཚོགས། ལྷ་ས།བསྟན་རྒྱས་གླིང་། ༡༩༨༡- དེ་མོ་སྐུ་ཕྲེང་བཅུ་གཅིག་པ་ཡིན།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
ཕོ་བྲང། ཕོ་བྲང་པོ་ཏཱ་ལ། དམར་པོ་རི་སྟེང། ༸རྒྱལ་མཆོག་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱག་བཏབ།༸གོང་ས་སྐུ་ཕྲེང་རིམ་བྱོན་གྱིས་ཆབ་སྲིད་སྐྱོང་ཡུལ་གྱི་བསྟི་གནས་མཛད།
ཕོ་བྲང། ནོར་བུ་གླིང་ཁ། ལྷ་སའི་གྲོང། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་དབྱར་བཞུགས་ཕོ་བྲང་ཡིན།
ཕོ་བྲང། རྫོང་རྒྱབ་ཀླུ་ཁང། པོ་ཏ་ལའི་རྒྱབ། པོ་ཏཱ་ལའི་རྒྱབ་ཏུ་༸རྒྱལ་མཆོག་དྲུག་པས་བཞེངས་པའི་ཕོ་བྲང་ཞིག
རྡོ་རིང། ཞོལ་རྡོ་རིང་ཕྱི་མ། པོ་ཏ་ལའི་ཞོལ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རང་བློན་མྱང་ཏིང་འཛིན་བཟང་པོར་དབུ་བསྙུང་གནང་བའི་རྩ་ཚིག་འཁོད་པའི་རྡོ་རིང་ཞིག།
རྡོ་རིང། དབོན་ཞང་རྡོ་རིང་། གཙུག་ལག་ཁང་གི་གཞུང་སྒོའི་མདུན། བཙན་པོ་ཁྲི་རལ་སྐབས་ཐང་གོང་མོའུ་ཙུང་ཆིངས་གྲོས་བྱུང་བའི་རྩ་ཚིག་འཁོད་པའི་རྡོ་རིང་ཞིག།ཕྱི་ལོ་༨༢༣ལོར་བཞེངས་པ་ཡིན།
རྡོ་རིང། འབྲུམ་བཙུགས་རྡོ་རིང་། གཙུག་ལག་ཁང་མདུན། རྡོ་རིང་དེར་ཆིང་གོང་མ་ཆན་ལུང་སྐབས་སུ་ལྷ་སར་འབྲུམ་ནད་སྔོན་འགོག་སྨན་བཙུགས་པའི་སྐོར་གྱི་ཡི་གེ་འཁོད་ཡོད།
རྡོ་རིང། ཁང་སེར་རྡོ་རིང་གཉིས། ཞོལ་གྱི་གཞུང་སྒོ། ཞོལ་གཞུང་སྒོའི་ཤར་ནུབ་གཉིས་ཀྱི་རྒྱ་ལུགས་ཀྱི་རྡོ་རིང་གཉིས་པོ་དེ་ནི་ཕྱི་ལོ་༡༧༢༠ལོར་ཇུན་དམག་དང་།ཕྱི་ལོ་༡༧༩༢ལོར་གོར་དམག་བོད་ནས་མཐར་སྐྲོད་བཏང་སྐོར་སོགས་འཁོད་པའི་རྡོ་རིང་རྒྱས་བཙུགས་པ་ཞིག་ཡིན།
དུར། དོག་བདེ་ཧུད་རིགས་དུར་ས། མཆོད་རྟེན་སེར་པོ་གྲོང། ལྷ་སར་ཡོད་པའི་ཧུད་རིགས་ཀྱི་ཕུང་པོ་དུར་འཇུག་བྱེད་ཡུལ་ཡིན།
ཕྱག་ཁང། རྐྱང་ཐང་སྒང་ཁ་ཆེའི་ཕྱག་ཁང། རྐྱང་ཐང་སྒང། ༸རྒྱལ་མཆོག་ལྔ་པ་ཆེན་པོས་ཀ་ཤི་རྨིར་ནས་ཡོང་བའི་ཁ་ཆེའི་ཆོས་པ་སྦི་ཡར་གུར་ཞེས་པར་ཕྱག་བྱེད་ཡུལ་དུ་གནང།
ཕྱག་ཁང། ལྷ་སའི་ཁ་ཆའི་ཕྱག་ཁང་ཆུང་བ། ལྷ་ས། ལྷ་སར་ཡོད་པའི་ཕྱི་རྒྱལ་ཁ་ཆེ་ཚོས་ཕྱག་འཚལ་བྱེད་ཡུལ།
ཕྱག་ཁང། ཝ་པཱ་གླིང་ཕྱག་ཁང་ཆེན་མོ། ཝ་པཱ་གླིང། ཕྱག་ཁང་དེ་ནི་རྒྱ་ནས་ཧུད་རིགས་ལྷ་སར་ཚོང་ལ་ཡོང་མཁན་དང་།དེར་གཞིས་ཆགས་ནས་བཙུགས་པའི་ཕྱག་བྱེད་ཡུལ་དེར་ཟེར།
བང་སོ། གཙང་རལ་རྒྱ་རིགས་བང་སོ། གཙང་རལ་གྲོང། ལྷ་ས་གཞིས་ཆགས་པའི་རྒྱ་རིགས་ཨམ་བན་དང་།དམག་དཔོན་སོགས་ཀྱི་པུང་པོ་དུར་འཇུག་བྱེད་ཡུལ་ཡིན།
བྲག་བརྐོས། ཁ་ལྔ་གདོང་གི་བྲག་བརྐོས་ཡི་གེ། ལྷ་ས་གྲོང། པོ་ཏ་ལའི་ཤར་ངོས་རི་ཟུར་ཁ་ལྔ་གདོང་གྱི་བྲག་ལྡེབས་སུ་རྒྱ་བོད་ཤན་སྦྱར་གྱིས་ཇུན་གོར་གཉིས་དམག་བོད་ནས་མཐར་སྐྲོད་བྱས་ཚུལ་བརྐོས་ཡོད།
རྡོ་བརྐོས། ཁྲོམ་གཟིགས་ཁང་གི་རྡོ་བརྐོས། བར་སྐོར། ཆིང་གོང་མ་ཆན་ལུང་གིས་ཕྱི་ལོ་༡༧༥༠ལོར་ཝང་འགྱུར་དབང་ལ་ཉེས་ཁྲིམས་གནང་བའི་སྐོར་འཁོད་ཡོད།
རྡོ་བརྐོས། ལྕགས་རི་བཻཌཱུརྱ་ཡི་རྡོ་བརྐོས། ལྕགས་པོ་རི་གཤམ། ཁུལ་དེར་རྡོ་རིང་པཎྜིཏས་ཡོན་སྦྱར་ནས་བཞེངས་པར་གྲགས་པའི་སངས་རྒྱས་མི་འཁྲུགས་པ་དང་།རྐུ་བརྙན་མང་པོ་བརྐོས་ཡོད།
མཁར། ཆོས་གོང་གྲོང་ཚོའི་གནའ་ཤུལ། ཆོས་གོང་གྲོ། དུས་རབས་ཉི་ཤུའི་ནང་ཁུལ་དེ་ནས་སྟེའུ་དང་།རུས་པའི་སྙུང་བུ་སོགས་སོགས་བརྙེད་པར་ལོ་ངོ་བཞི་སྟོང་ལྔ་སྟོང་གི་ལོ་རྒྱུས་ཡོད་པར་གསུངས།
ཅོང། ལྷ་ལྡན་གཙུག་ལག་ཁང་གི་ཅོང་།
མཁར། བྱང་སྡིང་དང་།ནང་ནུབ་སོགས། སྐྱིད་རས་ཁུལ། བཙན་པོ་སྲོང་བཙན་བཞུགས་ཡོང་བའི་གནའ་ཤུལ་དུ་བརྩི།དེར་བཙན་པོ་སྲོང་བཙན་གྱིས་བེད་སྤྱད་གནང་མྱོང་བའི་ཁྲོ་ཟངས་ཆེ་ཆུང་སོགས་ཡོད།
མཁར། ཇུས་འདིང་གནས་ཁང་གསེར་ཁག ལྷ་ས་གྲོང། ཁང་ཆེན་ཞིག་གི་མིང་དང་།སྡེ་པ་བསོད་ནམས་ཆོས་འཕེལ་དང་སྐྱིད་ཤོད་སྡེ་པ་གཙང་སྡེ་པ་ཕམ་ཉེས་གཏོང་རྒྱུའི་ཇུས་འདོན་གྲོས་མོན་བྱས་པས་དེ་ལྟར་ཐོགས།
མཁར། མོ་སྐྱིད་ཡ་མོན། རྡོ་སེང་གེ་ལམ། དེང་རྡོའི་སེང་གེ་འབོད་ཅིང་།གནའ་དུས་རྡོ་རིང་གི་ས་ཁོངས་ཡིན་ཡང་ཕྱིས་ཨམ་བན་གྱི་བཞུགས་གནས་སོགས་བྱེད་ཡུལ་ཞིག
མཁར། ཁྲོམ་གཟིགས་ཁང་། བར་སྐོར། ཆིང་གོང་མོའི་ཨམ་བན་རྣམས་ཀྱི་བཞུགས་གནས་ཡིན།
མཁར། བསམ་གྲུབ་ཕོ་བྲང་། བར་སྐོར། གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་།༸རྒྱལ་མཆོག་བདུན་པ་ཆེན་པོའི་ཡབ་གཞིས་ལགས།
མཁར། དགའ་ལྡན་ཁང་གསར། ལྷ་ས་གྲོང། སྔ་མོ་སྡེ་པ་སྐྱིད་ཤོད་པའི་གཞིས་ཁང་དང་།ཕྱིས་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དང་།མི་དབང་ཕོ་ལྷ་བ་སོགས་བཞུགས་མྱོང་།དུས་རབས་བཅུ་དགུ་པའི་འགོར་ཚེ་སྨོན་གླིང་སྲིད་སྐྱོང་འཇམ་དཔལ་ཚུལ་ཁྲིམས་ནས་ཁུལ་དེར་ཚེ་སྨོན་གླིང་དགོན་ཕྱག་བཏབ།
མཁར། སྨན་རྩིས་ཁང་། ལྷ་ས་གྲོང། ༸རྒྱལ་མཆོག་བཅུ་གསུམ་པས་ཕྱི་ལོ་༡༩༡༦ལོར་ཕྱག་བཏབ།
མཁར། ལྷ་ཀླུ་དགའ་ཚལ། ལྷ་ས་གྲོང། ༸རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་དང་།བཅུ་གཉིས་པའི་ཡབ་གཞིས།
མཁར། ཉང་བྲན་གྲོང་སྨད་པ། ཉང་བྲན་གྲོང། ཉང་བྲན་ཁུལ་གྱི་སྒེར་གཞིས་ཆེ་བ་ཞིག་ཡིན།༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་ཀྱི་སྡེ་སྲིད་ཆེ་ཁག་རྣམས་སྒེར་གཞིས་དེ་ནས་ཡིན།
ཆུ་འཁོར། ཉང་བྲན་ལྗགས་སྨིན་ཆུ་འཁོར། ཉང་བྲན། ༸རྒྱལ་དབང་མཆོག་དང་།སྐུ་འཁོར།རྩེ་གསོལ་ཐབ་སོགས་ཀྱི་རྩམ་འཐག་བྱེད་མིའི་ཁྱིམ་ཚང་ཞིག་གི་མིང་ཡིན།
ཆུ་འཁོར། དོག་བདེ་ལྗགས་སྨིན་ཆུ་འཁོར། དོག་བདེ་གྲོང། རྩེ་གསོལ་ཐབ་ཀྱི་ལྗགས་སྨིན་གྲོ་ཞིབ་དེ་ནས་འཐག་ལས་བྱེད་དགོས་པས་དེ་ལྟར་འབོད།
མཁར། ལྕགས་རི་གསོ་རིག་འཕྲོ་ཕན་གླིང་། ལྕགས་པོ་རི་སྟེང། ཕྱི་ལོ་༡༦༩༦ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་གསོ་རིག་སློབ་གླིང་ཞིག་ཡིན།
མཁར། དོག་བདེའི་གློག་ཁང་རྙིང་པ། དོག་བདེ། ཕྱི་ལོ་༡༩༢༤ལོར་དབྱིན་ཡུལ་དུ་སློབ་སྦྱོང་བྱེད་མྱོང་བའི་བྱང་ངོས་པ་རིག་འཛིན་རྡོ་རྗེས་འགན་འཁུར་བླངས་ནས་བསྐྲུན་པའི་བོད་ཀྱི་གློག་ཁང་དང་པོ་དེ་ཡིན།
དམག་སྒར། གྲ་བཞི་དམག་སྒར། གྲ་བཞི ༸རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་༡༩༡༤ལོར་གསར་བཙུགས་གནང་བའི་གྲོང་དྲག་དམག་དཔུང་དེར་ཟེར།
གྲུ་ཁ། ལྷ་གདོང་ཤན་ཁ། ཚལ་གུང་ཐང། དུས་རབས་བཅོ་ལྔ་པའི་ནང་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བཙུགས་པའི་ལྕགས་ཟམ་ཞིག  ལྷ་སའི་ལྷོ་བྱང་བར་འགྲུལ་པ་སྐྱེལ་སྒྲོལ་བྱེད་སའི་གྲུ་ཁ་གཙོ་བོ་ཞིག་ཡིན།
རྟ་རྭ། ཀ་མེད་རྟ་རྭ། བར་སྐོར། དུས་རབས་བདུན་པའི་སྐབས་ཆིབས་རྭ་ཡིན་སྐད།
མཁར། སྦྲག་ཏར་ལས་ཁུངས། ལྷ་ས་གྲོང། དུས་རབས་ཉི་ཤུའི་ནང་བཙུགས་པའི་བོད་གཞུང་གི་སྦྲག་ཏར་ལས་ཁུངས།
ཁྲོམ་གཞུང། ལྷ་སའི་བར་སྐོར། ལྷ་ས་གྲོང། ཁུལ་དེ་ནི་ཁྲོམ་གཞུང་དང་།ལས་ཁུངས་སྣ་ཚོགས་ཡོད་པའི་གྲོང་ཁྱེར་ལྷ་སའི་ས་གནས་འཁྲུག་ཆ་དོད་ཤོས་དེ་ཡིན།
ལམ། ཀླུ་སྒུག་གཞུང་། ཀླུ་སྒུག་གཞུང། གཙུག་ལག་ཁང་ནས་བྲག་ལྷ་ཀླུ་བར་གྱི་ཐང་ཆེན་ལ་ཟེར།
ཚོང་འདུས། སྦྲ་ནག་ཞོལ། སྦ་ནག་ཞོལ། དེ་སྔ་ཁམས་པ་དང་།འབྲོག་པ་ཚོང་པ་རྣམས་སྦྲ་ཕུབ་སྟེ་སྡོད་གནས་བྱེད་ཡུལ།
ཟམ་པ། གཡུ་ཐོག་ཟམ་པ། གཡུ་ཐོག་ལམ། པོ་ཏཱ་ལ་དང་ལྷ་སའི་བར་གྱི་འགྲུལ་ལམ་གཙོ་བོ་ཞིག།ཤོད་རྒྱུན་ལ་ཝུན་ཁྲེང་ཀོང་ཅོས་བསྐྲུན་ཟེར་བ་དང་།ཡང་ལ་ལས་ཆིང་རྒྱལ་རབས་ཀྱི་ཨམ་བན་ཞིག་ནས་བསྐྲུན་པར་གྲགས།
གནས་རི། བོང་བ་རི། ལྷ་ས་གྲོང། ལྕགས་པོ་རིའི་ནུབ་ངོས་སུ་ཡོད་པའི་རི་ཆུང་སྟག་མོ་ཚང་ལ་འཛུལ་བ་ལྟ་བུ་ཞིག་ཡོད་པ་དེ་ཡིན།དེའི་སྟེང་རྒྱ་བཟོའི་ལྷ་ཁང་ཞིག་ཡོད།
གནས། ཇོ་བོའི་དབུ་སྐྲ། གཙུག་ལག་ཁང་གི་གཞུང་སྒོའི་མདུན། སྲོང་བཙན་གྱི་བཙུན་མོ་རྒྱ་བཟའ་ཀོང་ཅོས་བཙུགས་པའི་རྒྱ་ལྕང་དེ་ཡིན།
གནས། ཐལ་ཕུང་སྒང་། ཐལ་ཕུང་སྒང། ཁ་ཆེའི་ཕྱག་ཁང་དང་།ཁ་ཆེ་བ་སྡོད་ཡུལ་ཡིན།༸རྒྱལ་མཆོག་བཅུ་གསུམ་པས་ཁ་ཆེ་རྣམས་ཁུལ་དེར་གནས་སྡོད་ཆོག་པའི་ཞལ་བཞེས་མཛད།
གནས། འོང་སྟོད་ཞིང་ཁ། བར་སྐོར་ཤར། གཙོ་བོ་གཙུག་ལག་ཁང་གི་གནས་སྲུང་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཁོག་ཞུགས་པའི་ལྕོག་དང་།འདུ་ཁང་།ཤག་འཁོད་བཅས་ཡོད།
གནས། ནོར་འཛིན་སྐྱིད་ཚལ། ཀླུ་སྦུག པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་ལྷ་སར་ཕེབས་དུས་སུ་བཞུགས་གནས།
གནས། དུང་མཚོའི་ཟུར། བར་སྐོར། བར་སྐོར་ཤར་ལྷོའོ་ཟུར་དུ་ཚ་ཁང་དེའི་ནང་ཚ་ཙཱ་རྣམས་བཙན་པོ་སྲོང་བཙན་གྱི་ཡིན་སྐད།
གནས། བླ་བྲང་རྙིང་པ། བར་སྐོར། རྗེ་ཙོང་ཁ་པ་ཆེན་པོ་དང་།༸གོང་ས་ལྔ་པ་ཆེན་པོ་བཞུགས་མྱོང།
རགས། བྱེ་རགས། ལྷ་སའི་བྱང་ངོས། བྱེ་རགས་དེ་ནི་དོག་བདེའི་ཕུ་ཆུ་རྒྱས་ནས་ལྷ་སའི་གྲོང་ཁུལ་དུ་གནོད་འཚེ་བཟོ་བ་འགོག་ཕྱིར་ཡུར་བུའི་ནང་གི་བྱེ་མ་རྣམས་གཡས་གཡོན་དུ་སྤུངས་པ་ལས་ཆགས་པ་ཞིག་ཡིན།
རགས་ཁ། ཇོ་བོ་རགས་ཁ། སྐུ་འབུམ་ཐང་གྲོང་། ལྷ་སར་སྐྱིད་ཆུའི་ཆུ་ཉེན་ཆེ་སྟབས་ཉང་ཉི་མ་འོད་ཟེར་གྱིས་རགས་ཁ་ཐོག་མར་བཟོས།དེ་རྗེས་ལྷ་རྗེ་དགེ་བ་འབུམ་དང་།༸རྒྱལ་མཆོག་གསུམ་པ་ཆེན་པོས་སེ་འབྲས་ཀྱི་གྲྭ་པ་རྣམས་ཆུ་རགས་ཁར་རགས་རྡོ་སྐྱེལ་བའི་སྲོལ་གཏོད།ཆུ་རགས་ཀྱི་ཁ་དེར་རྡོ་ཕུང་ཆེན་པོ་ཞིག་ཡོད་པ་དེར་ཇོ་བ་རགས་ཁ་ཟེར།
གནས། སྐྱིད་ཚལ་ཀླུ་སྡིངས། ནོར་གླིང་བྱང་ངོས། ༸རྒྱལ་མཆོག་བརྒྱད་པའི་འཁྲུངས་ལྷ་གསོལ་ཡུལ་ཡིན།
གནས། དོག་བདེ་ཆབ་རྫིང་། དོག་བདེ་གྲོང། ཕུར་ལྕོག་རི་ཁྲོད་དུ་ཡོད་པའི་༸རྒྱལ་མཆོག་བཅུ་གསུམ་པས་ཆབ་བཞེས་གནང་སའ་ཆབ་རྫིང་དེར་ཟེར།
གནས། བྲག་སྒོ་ཀཀྞི། ལྷ་ས་གྲོང། དམར་པོ་རི་དང་ལྕགས་པོ་རིའི་བར་ལ་ཡོད་པའི་མཆོད་རྟེན་ཆེན་པོ་ཞིག་དང་ཆུང་བ་གཉིས་ཡོད་པ་དེར་ཟེར།མཆོད་རྟེན་ཆེན་པོ་དེ་དུས་རབས་བརྒྱད་པའི་ནང་རྒྱ་བཟའ་ཕྱི་མས་བཞེངས་སྐད།

ས་བཅད་བརྒྱད་པ། དམངས་སྲོལ།

༡• སྨོན་ལམ་ཆེན་མོ།

        ལྷ་སར་བོད་ཟླ་དང་པོའི་ཚེས་གསུམ་གྱི་དགོང་དྲོ་སྨོན་ལམ་གྱི་གྲལ་འཛིན་འགོ་ཚུགས་པ་ནས་ཆོས་སྡེ་སེ་འབྲས་དགའ་གསུམ་གཙོ་བོར་འགྱུར་བའི་དགེ་འདུན་ཉིས་ཁྲི་ནས་སུམ་ཁྲི་བར་འཚོགས། འདུས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་སྤེལ་བའི་སྨོན་ལམ་ཆེན་མོ་ཚུགས་སྲོལ་ཡོད་པ་དེ་ནི། སྔོན་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་གཉན་ཡོད་ཅེས་པའི་ཡུལ་དུ་ཕྱི་ལོ་སྔོན་གྱི་ལོ་ ༥༡༡ ལོ་མེ་འབྲུག་བོད་ཟླ་དང་པོའི་ཚེས་གཅིག་ནས་ཚེས་བཅོ་ལྔ་བར་མུ་སྟེགས་པའི་སྟོན་པ་དྲུག་དང་རྫུ་འཕྲུལ་འགྲན་པ་དང་། ཚེས་བརྒྱད་ཉིན་རྫུ་འཕྲུལ་གྱི་དངོས་གཞིའི་ཉིན་མུ་སྟེགས་པའི་སྟོན་པ་དྲུག་འཁོར་ཚར་བཅད་དེ་རྣམ་པར་རྒྱལ་བ་དེར་དྲན་གསོ་ཞུ་ཆེད་རྒྱ་གར་དུ་ཆོ་འཕྲུལ་མཆོད་པའི་དུས་སྟོན་ཆེ་མོ་བྱ་སྲོལ་ཡོད་པ་དང་དུས་མཚུངས་པར། བོད་རབ་བྱུང་བདུན་པའི་ས་གླང་ཕྱི་ལོ་ ༡༤༠༩ ལོར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཙན་དང་། སྣེའུ་རྫོང་དཔོན་སོགས་ཀྱི་སྦྱིན་བདག་གནང་ཆོ་འཕྲུལ་སྨོན་ལམ་གྱི་ལུགས་སྲོལ་གཏོད་པ་ཞིག་རེད། ཕྱིས་སྨོན་ལམ་གྱི་བྱེད་སྒོའི་བརྒྱུད་རིམ་ནང་བཅོ་ལྔ་མཆོད་པ་དང་། ཇོ་བོ་རགས་གསོ། བཅོ་བརྒྱད་ཐོག་མདའ། ཀླུ་སྦུག་སྒར་སྒྲིག གྲྭ་བཞི་རྩིས་བཤེར། སྨོན་ལམ་གཏོར་རྒྱག བྱམས་པ་གདན་འདྲེན་སོགས་ཀྱི་མཛད་སྒོ་ཚར་རྗེས་སྨོན་ལམ་གྲོལ་བ་ཡིན།[18]

 

༢• ཞོལ་སྟོན།

        བོད་ཟླ་བདུན་པའི་ཚེས་གཉིས་ཉིན་ཞོ་སྟོན་དངོས་གཞིར་ནོར་གླིང་བསྐལ་བཟང་ཕོ་བྲང་གི་ལྕགས་རི་ནང་མའི་ཤར་ངོས་གཟིགས་ཞིབ་གཟིམས་ཆུང་ཁམས་གསུམ་ཟིལ་གནོན་དུ་༸གོང་ས་ཆེན་པོ་ཞབས་སོར་འཁོད་ཐོག གཟིངས་མཐོངས་སྡིངས་ཆའི་གཡས་གཡོན་ལ་སྲིད་བཀས་གཙོས་གཞུང་སའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་དང་། མཐའ་བཞིའི་རྒྱལ་ཕྲན་གྱི་སྐུ་ཚབ་དབུ་གུར་གོ་ཐོབ་ལྟར་གྲ་སྒྲིག་སྔོན་སོང་དང་། གོང་ཚེས་ཉིན་བོད་ཀྱི་གྲགས་ཅན་ལྷ་མོ་ཚོགས་པ་བཞིས་གཙོས་ཟློས་གར་འཁྱུག་ཙམ་གཟིགས་འབུལ་བསྟར་སྲོལ་ལ་བརྟེན་སྔོན་ཚུད་ནས་རྩེ་ཕྱག་ལས་ཁུངས་ནས་ཞིབ་འཇུག་ཐོག ཚེས་གཉིས་ཉིན་རིན་སྤུངས་རྒྱལ་མཁར་ཆོས་རྫོང་དང་། ཚེས་གསུམ་ཉིན་ངམ་རིང་གཅུང་རི་བོ་ཆེ་བ། ཚེས་བཞི་ཉིན་ཤངས་གྲམ་བཀྲ་ཤིས་རྩེ་བ། ཚེས་ལྔ་ཉིན་སྟོད་ལུང་སྐྱོར་མོ་ལུང་བཅས་ཀྱི་འཁྲབ་སྟོན་བྱེད། ཉིན་དེ་དག་རིང་བོད་གཞུང་སྲིད་བཀའ་ལྷན་རྒྱས་གཙོས་དྲུང་སེར་རྣམས་དང་། ལྷ་ས་ཞོལ་པའི་མང་ཚོགས་རྣམས་ལྟད་མོ་དང་། གླིང་སྐོར། གླིང་ཀ་སོགས་གཏོང་སྲོལ་ཡོད།[19]

 

༢• རྡབ་རྡོབ་ཀྱི་མཆོང་རྒྱུག

རྡབ་རྡོབ་ཀྱི་མཆོང་རྒྱུག་ཅེས་པ་ནི་ལྷ་སའི་སེ་འབྲས་དགའ་གསུམ་སོ་སོར་གླིང་ཁག་སྟོད་སྨད་ཅེས་གྲྭ་ཤར་རྡབ་རྡོབ་ཚོས་རང་མོས་ངང་བཙུགས་པའི་ཚོགས་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་ཁོངས་ནི་གྲྭ་སའི་ནང་མདོ་སྔགས་གཉིས་ལ་སློབ་གཉེར་མི་བྱེད་པར་དགོན་པ་གྲྭ་ཚང་གི་ངལ་ལས་ཕལ་ཆེར་བྱེད་དགོས། ཁོང་ཚོས་མཆོང་རྒྱུག་ལ་སྦྱོང་བརྡར་བྱས་མཐར་རྡབ་རྡོབ་དང་། ཕྱོགས་རྒྱག་ཅེས་མཆོང་རྩལ་འགྲན་སྡུར་བྱས་རྗེས་ཚོགས་པ་དེ་ཁ་གྱེས་ནས་ཚོགས་པ་གསར་པ་འཛུགས་སྲོལ་ཡོད། རྡོབ་རྡོབ་ཚོའི་མཆོང་རྩལ་རྣམ་གྲངས་ལ། མཆོང་རྒྱག་དང་། རྐྱང་རྡོ། མོན་རྡོ། རྒྱབ་རྡོ། རྐུབ་རྡོ།[20] བཅས་ལུས་རྩལ་སྣ་ལྔའི་སྦྱོར་བརྡར་བྱེད་སྲོལ་ཡོད།

དེ་མིན་རྟག་རྒྱུགས་སོགས་ནི་ཆོ་འཕྲུལ་ཟླ་བའི་སྨོན་ལམ་ཆེན་མོ་བསྒྲུབས་ཏེ་བྱམས་པ་གདན་འདྲེན་ཉིན་མི་རྒྱུག་རྟ་རྒྱུག་དང་། རྗོང་རྒྱབ་ཞབས་འཕེན་སྐབས་རྟ་རྒྱུག་མདའ་འཕེན། དེ་མིན་ལོ་རེའི་སྨོན་ལམ་རྗེས་ཀྱི་གནམ་མདའ་དང་། དགུང་གསར་གྲོལ་སྟོན། དྲུང་འཁོར་རྩལ་རྒྱུ་སོགས་མདའ་རྒྱང་མ་འཕེན་སྲོལ། མ་ཚད་ལོ་ལྟར་བོད་ཟླ་ ༨ ནང་བྱང་འཕུར་འགྲན་བསྡུར་བྱེད་པ་དང་དེ་མིན་སྐྱེས་པ་ཚོས་རྡོ་སྐོར་དང་། བུད་མེད་ཚོས་ཐེ་པེ་དང་། ཐང་མཆོང་རྒྱག་པ། བྱིས་པ་ཚོས་ཨ་ཅུག་རྒྱག་པ། དེ་མིན་ཤོ་དང་། མིག་མངས།[21] སོགས་དར་སྲོལ་ཆེ།

 

༣• སྣ་རུ་གཞས་ཆེན།

         སྣ་རུ་ནི་ས་གནས་ཀྱི་མིང་ཡིན་ལ། གནའ་མཁར་ལྷ་སའི་དོག་བདེ་ལུང་པའི་འདབས་རོལ་དུ་ཡོད། གནས་འདི་རུ་བླངས་པའི་གཞས་ལ་སྐད་གདངས་མཐོ་བའི་ཁྱད་ཆོས་ལྡན་པས་གཞནས་ཆེན་ཞེས་མིང་བཏགས་པ་རེད། སྣ་རུ་གྲོང་ཚོའི་གཞས་ཆེན་དང་ལྷོ་ཁའི་ཡར་ལུང་གཙང་པོའི་འགྲམ་གྱི་གཞས་ཆེན་གཉིས་ལ་དབྱངས་རྟ་དང་གཞས་གདངས། གཞས་ཚིག་བཅས་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་ཡོད། བཤད་སྲོལ་ལ་སྣ་རུ་གྲོང་ཚོའི་གཞས་ཆེན་དེ་ལྷོ་ཁའི་ཡར་ལུང་གཞས་ཆེན་གྱི་ཤུལ་བཞག་ཡིན་པར་བཤད། སྣ་རུ་གྲོང་དུ་ཡབ་གཞིས་སྐུ་དྲག་ཁྱིམ་རྒྱུད་(ཕུན་ཁང་།)ནས་རྟེན་འབྲེལ་མཛད་སྒོ་དང་། དུས་ཆེན། གལ་ཆེའི་ཆོས་ལུགས་དུས་ཆེན་སྐབས་སྣ་རུ་གྲོང་མི་རྣམས་བཀོད་སྒྲིག་བྱས་ཏེ་གཞས་ཆེན་གཏོང་དུ་བཅུག་པ་རེད།

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡།

[2] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༦།

[3] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡།

[4] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༡།

[5] (1)武振华. 西藏地名.中国藏学出版社 1995年.

(2)西藏地名资料简编,西藏自治区革命委员会测绘局.1979.

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨།  ཤོག ༡༠༨།

[7] (1) 武振华. 西藏地名.中国藏学出版社 1995年.

(2)西藏地名资料简编,西藏自治区革命委员会测绘局.1979.

[8] (1) 武振华. 西藏地名.中国藏学出版社 1995年.

(2)西藏地名资料简编,西藏自治区革命委员会测绘局.1979.

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨།  ཤོག ༡༢།

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག ༡༦།

[11] བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༩༧།

[12] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག་ ༡༠ ནས་ ༡༡།

[13] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག ༡༠།

[14] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག་ ༡༠།

[15] ལྕགས་དང་། ཟངས། ཞ་ཉེ། རང་བྱུང་མུ་ཟི། དཀར་ཡོལ་ས། ལྗིད་ལྡན་ཤེལ་གཟུགས་རྡོ། ཀང་གཡུལ། བྱེ་མ་དཀར་གོང་། མེ་རིའི་ཐལ་བ། ཅུ་ གང་། མྱགས་ས། རྡོ་ཀ་མ་རུ་པ། སྲན་རྡོ། རྡོ་ཐལ་བྲག  རྡོ་སོལ། འདམ་སོལ།

[16] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག་ ༡༠༧།

[17] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག་ ༡༠༦ ནས་ ༡༠༨།

[18] ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག ༤༨༦།

[19] ཀྲུང་གོའི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༨། ཤོག ༥༡༡།

[20] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག ༢༤༠།

[21] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དྲུག་པ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༨། ཤོག ༢༤༣།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།