དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟག་རྩེ་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟག་རྩེ་རྫོང་གི་གཞི་རིམ་ལོ་རྒྱུས། ༡༽

སྟག་རྩེ་རྫོང་།

ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས།

ལེ་ཚན་དང་པོ།  རྫོང་གི་མིང་ཐོགས་ཚུལ།

        ཡུལ་འདིར་གནའ་རབས་ཀྱི་ཡིག་ཚགས་དང་། དེང་གི་གཞུང་ཡིག  ཤོད་རྒྱུན་བཅས་སུ་སྟག་རྩེ་ཞེས་ཡོངས་སུ་གྲགས་རེད་འདུག དཔེར་ན། 《བཀའ་ཤག་རྒྱ་དེབ་》དང་། 《དཔྱིད་ཀྱི་རྒྱལ་ལོའི་གླུ་དབྱངས་》ལས། སྟ་རྩེ་རྫོང་གི་མིང་ལ་བྱི་རི་སྟག་རྩེ།[1] ཞེས་གསལ་བ་དང་། 《དུང་དཀར་ཚིག་མཛོད་》ལས་ཀྱང་། བྱེ་རི་སྟག་རྩེ།[2] ཞེས་གསལ་བས།

གོང་འོག་གཉིས་ཀས་རྫོང་འདིར་བྱེ་རི་སྟག་རྩེ་འབོད་ཞེས་འབོད་པ་འདྲ་ཡང་། ༸རྒྱལ་དབང་ལྔ་པ་ཆེན་པོས་བྱི་ཞེས་དབྱངས་འགྲེང་བུའི་དོད་དུ་གི་གུ་སྤྱད་གནང་འདུག 《སྟག་རྩེ་རྫོང་གི་ལོ་རྒྱུས་ལས།》ལས། དེ་སྔའི་སྟག་རྩེ་རྫོང་ངོས་འཛིན་གནང་སྐབས། སྟག་རྩེ་གྲོང་ཚོའི་ཤར་ངོས་རི་སྣའི་སྟེང་དུ་གྱང་འོག་ཆེན་པོ་ཞིག་ཡོད་པ་ནི་བྱེ་རི་སྟག་རྩེ་རྫོང་གི་ཤུལ་ཡིན་པ་དང་། རྫོང་དེ་ཕག་གྲུ་བྱང་ཆུབ་རྒྱལ་མཚན་(༡༣༠༢-༡༣༦༤)གྱིས་དབུས་གཙང་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་ཞིག་ཡིན་པར་གསུངས་འདུག[3]

གོང་གསལ་དཔྱད་ཡིག་དག་ལས་སྟག་རྩེ་རྫོང་ཞེས་དུས་རབས་བཅུ་བཞི་པ་དེའི་གོང་ནས་འབོད་སྲོལ་ཡོད་པ་ཤེས་ཐུབ་ཅིང་། 《མི་དབང་རྟོགས་བརྗོད་》ལས། བྱེ་རི་སྟག་རྣམ་པར་རྩེ་བ།[4] ཞེས་གསུངས་ཀྱང་དེ་ནི་གོང་གི་བྱེ་རི་སྟག་རྩེ་ཞེས་པར་རྒྱས་བཤད་མཛད་པ་ཙམ་ལས་གཞན་ཞིག་མིན་པ་ནི་རྟོགས་སླ་བས་སོ། སྟག་རྩེ་ཞེས་འབོད་དོན་ལ་སྔར་གྱི་གསུང་སྲོལ་དུ། ཡུལ་དེའི་རྒྱབ་རི་སྟག་གི་གཟུགས་བརྙན་འདྲ་བའི་རི་སྣ་ལག་པ་གཡོན་པ་ཐང་ལ་བརྐྱངས་པ་ལྟ་བུའི་སྡེར་མོའི་རྩེར་མཁར་རྫོང་བཏབ་པས་མིང་ལ་སྟག་རྩེ་ཐོགས་ཞེས་དང་།  དེ་མིན་གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་རྒན་རབས་རྣམས་ཀྱི་བཤད་སྲོལ་ལའང་སྔར་སྤུར་རྒྱལ་བཙན་པོའི་སྐབས། གཡུལ་འགྱེད་ནང་རང་སྲོག་བློས་བཏང་བའི་བྱས་རྗེས་ཅན་གྱི་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་ཕྱིར། དེའི་ཕ་ཡུལ་དུ་རྡོ་བརྩིགས་ཀྱི་རྟེན་མཁར་སྟེང་དུ་དཔའ་བོ་རབ་ལ་སྟག་གི་མགོ་དབྱིབས་ཀྱི་རྩེ་རྒྱན་འཛུགས་སྲོལ་བྱུང་ཞིང་། དྲན་རྟེན་དེ་རིགས་ཡོད་པའི་ཡུལ་གྱི་མིང་ལའང་སྟག་རྩེ་ཞེས་བཏགས་སྲོལ་ཡོད་པས། ཁུལ་འདིར་ཡང་སྔོན་གཡུལ་འགྱེད་སོགས་ལ་བྱས་རྗེས་བཞག་པའི་མཐུ་ལས་བྱུང་ཞེས་གྲགས།[5]

གོང་གི་གསུང་རྒྱུན་གོང་འོག་གཉིས་ལས་ཕྱི་མ་དེ་དོན་དང་ལྡན་པར་སྣང་སྟེ། སྔོན་བཙན་པོའི་དུས་སུ་དམག་དོན་སོགས་ལ་བྱས་རྗེས་འཇོག་པའི་དཔའ་བོར་སྟག་ལྤགས་ཀྱི་ཆེ་བསྟོད་གནང་ཚུལ་དང་། དཔའ་བོའི་མཚོན་རྟགས་སུ་སྟག་སྟོད་སོགས་སྤྱོད་ཚུལ་དེ་ལ་བསམས་ན་ཡུལ་དེ་ནི་དཔའ་བོ་རབ་ཀྱི་ཕ་ཡུལ་བྱ་བའི་དོན་དང་ལྡན་པར་སྣང་ལ། དེ་མིན་བོད་རང་དུ་རྫོང་གཞན་དག་གི་མིང་ལའང་འཕྱོངས་རྒྱས་ཕྱིང་བ་སྟག་རྩེ་དང་། འོལ་དགའ་སྟག་རྩེ་ཟེར་བ་སོགས་ཡོད་པ་མ་ཟད། ཉིང་ཁྲི་རྫོང་དང་། རྣམ་གླིང་རྫོང་སོགས་ཀྱི་ཁོངས་སུ་ཡང་སྟག་རྩེ།[6] ཞེས་པའི་གྲོང་ཚོ་འགའ་ཞིག་ཡོད་པ་དེ་དག་ལ་དཔག་ན་ཐ་སྙད་དེའི་བྱུང་ཚུལ་དེ་ལྟར་མིན་ནམ་སྙམ་ཞེས་གསལ།

 

ལེ་ཚན་གཉིས་པ། རྫོང་གི་ས་བབ་ཆགས་ཡུལ།

སྟག་རྩེ་རྫོང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ངོས་ལེ་དབར་ ༧༠[7] ས། བོད་དབུས་ཀྱི་ལྷོ་ངོས་ལྷ་ས་སྐྱིད་ཆུའི་དཀྱིལ་བརྒྱུད་བྱང་གི་འཕྲེད་ཐིག་ཏུའུ་གྲངས་ ༢༩༚ ༦’ 〜    ༩༚ དང་། ཤར་གི་གཞུང་ཐིག་ཏུའུ་གྲངས་ ༩༡༚ ༢’ 〜     ༦༚ བར་ལ་གནས་ཤིང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་སྐྱིད་ཆུ་གཙང་པོའི་གཤོང་སའི་ཁུལ་གྱི་ཁོངས་སུ་གཏོགས། ལྷོ་ཤར་དང་ནུབ་བྱང་གི་ཕྱོགས་རྣམས་རི་མཐོའི་ཁུལ་ཡིན་ཞིང་། གཉིས་ཀར་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༥༠༠ ཡས་མས་དང་དཀྱིལ་ཁུལ་རོང་ཁུལ་རེད། ས་བབ་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་འཁྱོག་ཅིང་ཆ་སྙོམས་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༥༠༠ ཡོད།  མཐོ་སྒང་དྲོ་ཁུལ་ཕྱེད་ཐན་པའི་དུས་རླུང་གནམ་གཤིས་ཁུལ་གྱི་ཁོངས་སུ་འདུ་བས་ས་རྒྱུ་གཤིན་ལ་རྩྭ་ཆུ་ཐོན་ཁོངས་ཕུན་སུམ་ཚོགས་པས་ཞིང་ལས་ཐོན་སྐྱེད་བྱེད་ཡུལ་འཚམ་པོ་ཞིག་ཡིན།

ལོ་རེའི་ཆ་སྙོམས་དྲོད་ཚད་ ༧ ༚C‚ ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༦ ༚C‚ ཡིན། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༤ ༚C‚ དང་ལོ་རེའི་ཆར་ཆུ་འབབ་ཚད་ལི་སྨི་ ༤༤༤ ཡིན། འཚོ་རླུང་ཉུང་ལ་དྲོད་ཚད་དམའ་ཞིང་ཉིན་མོའི་དྲོད་ཁྱད་ཆེ་བ། ཉི་འོད་ཕོག་ཚད་ཕྱུག་ཅིང་ལོའི་ཉི་འོད་ཕོག་ཡུན་ཆུ་ཚོད་ ༣༠༦༥.༣ ཡིན་པ་དང་། དགུན་དཔྱིད་སྐམ་ཤས་ཆེ་ཞིང་རླུང་ཆེན་པོ་མང་ལ་ལོ་རེར་ཐན་སྐྱོན་མེད་པའི་དུས་ཉིན་ ༡༣༠ ཡས་མས་རེད།[8] ས་བབས་དམའ་ཤོས་ལྷ་ས་སྐྱིད་ཆུའི་རོང་དུ་སྨི་ ༣༦༧༠ དང་ལྷོ་བྱང་མཐའ་མཚམས་ཀྱི་རི་མཐོའི་ས་ཁུལ་དུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༥༥༠༠ བཅས་ཡོད། རང་བྱུང་གནོད་འཚེ་གཙོ་བོ་ཐན་པ་དང་། ཆུ་ལོག ཤྭ་འོད། འདམ་རྡོའི་ཆུ་ལོག སེར་བ། སད་སྐྱོན། འབུ་སྐྱོན་སོགས་ཡོད།[9]

ས་བཅད་གཉིས་པ། རྫོང་གི་ལོ་རྒྱུས།

ལེ་ཚན་དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྟག་རྩེ་རྫོང་།

        སྟག་རྩེ་རྫོང་ཁུལ་འདི་བཞིན་དུས་རབས་བདུན་པའི་གོང་རྗེ་ཕྲན་སུ་ཞིག་གི་དབང་བསྒྱུར་འོག་ཡོད་མིན་ད་ཕན་ཡིག་ཚང་མ་མཇལ་ཡང་། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས། བོད་དབུས་གཙང་རུ་བཞི་ལས་དབུ་རུའི་ཁོངས་ས་སུ་གཏོགས་པ་དང་། དུས་རབས་དགུ་པའི་ནང་བོད་སིལ་བུར་འཐོར་བའི་སྐབས། སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཡུམ་བརྟན་གྱི་ཡང་ཚ་ཉི་འོད་དཔལ་མགོན་གྱི་དབང་བསྒྱུར་བའི་ས་ཁོངས་ཡིན་འདུག དུས་རབས་བཅུ་གསུམ་པའི་ནང་དཔལ་ལྡན་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་རྒྱ་མ་ཁྲི་སྐོར་གྱི་མངའ་ཁོངས་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས། དབུས་གཙང་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་བཞི་པར་དབུས་སྟོད་བྱི་རི་སྟག་རྩེ་རྫོང་བརྩིགས་ཤིང་། དེ་ཡང་སྣེ་གདོང་རང་ནས་རྫོང་དཔོན་བསྐོ་གཏོང་བྱེད་པ་ཡིན་འདུག་ཀྱང་། གོང་མ་གྲགས་པ་རྒྱལ་མཚན་སྐབས་རྫོང་མི་རྒྱུད་ལ་གནང་བའི་སྐབས། སྟག་རྩེ་རྫོང་དཔོན་ལའང་སྐྱིད་ཤོད་སྟག་རྩེ་བ་ཞེས་མིང་ཆགས་ནས་དེའི་མི་རྒྱུད་ཀྱིས་བཟུང་འདུག[10]

དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པའི་ནས་དགའ་ལྡན་ཕོ་བྲང་པའི་སྐབས། བྱེ་རི་སྟག་རྩེ་རྫོང་ནི་བྱ་རི་སྟག་རྩེ་བའི་མི་རྒྱུད་དེ་རང་གིས་བཟུང་བའི་སྡེ་དཔོན་ཞིག་ཡིན་འདུག་ཅིང་། མི་རྒྱུད་ལ་ཐའི་ཇིའི་གོ་གནས་ཀྱང་ཡོད། ཕྱི་ལོ་ ༡༧༡༧ ལོར་ཇུན་གར་དམག་བོད་དུ་ལྷགས་ཤིང་བོད་ལ་དབང་ལུང་བསྒྱུར་སྐབས། སྟག་རྩེའི་མི་ངོ་ལྷ་རྒྱལ་རབ་བརྟན་བོད་ཀྱི་དབང་འཛིན་དུ་བསྐོས་ནས་སྡེ་སྲིད་སྟག་རྩེ་བ་ཞེས་འབོད་ལམ་བྱུང་འདུག ཕྱི་ལོ་ ༡༧༢༠ ལོར་སྟག་རྩེ་སྡེ་པ་སྡེ་སྲིད་ཀྱི་ཁྲི་ལས་ཕབ་པ་དང་སྦྲགས། སྟག་རྩེ་འདི་བཞིན་གཞུང་ས་དགའ་ལྡན་ཕོ་བྲང་པའི་གཞུང་འཛིན་རྫོང་གཞིས་ཁོངས་ཚུད་དེ། རིམ་དྲུག་རྫོང་སྡོད་སྐྱ་བོ་གཅིག་གི་འགྲོ་ཁུངས་ཡིན་འདུག[11] ཕྱི་ལོ་ ༡༩༣༤ ལོར་སྟག་རྩེ་རྫོང་འདི་སྐབས་དེའི་སྲིད་སྐྱོང་རྭ་སྒྲེང་གི་ཐབ་སྣོན་དུ་ཆོད་རྭ་སྒྲེང་བླ་བྲང་གི་ངོ་ཚབ་རྫོང་དཔོན་ཟུང་སྦྲེལ་གཏོང་ལམ་ཆགས་འདུག་ཀྱང་། ཕྱི་ལོ་ ༡༩༤༧ ལོར་རྭ་སྟག་དོན་རྐྱེན་བྱུང་བའི་རྗེས། སྟག་རྩེ་རྫོང་སླར་ཡང་གཞུང་བཞེས་ཀྱིས་སྔར་ལམ་བཞིན་རྫོང་སྡོད་ཤོད་དྲུང་རེ་ཡི་འགྲོ་ཁུངས་སུ་ཆགས་པ་བཤད།

ཕྱི་ལོ་ ༡༩༥༤ ལོར་རྒྱ་ཁྱབ་རྫོང་གཞིས་གཞུང་སྐྱོང་གནང་སྐབས་སྟག་རྩེ་རྫོང་ཡང་སེར་སྐྱ་ཟུང་སྦྲེལ་བསྐོ་གཞག་བྱས་པའི་མི་འགྲོ་རྩེ་དྲུང་བློ་གླིང་བློ་བཟང་བསྟན་འཛིན་དང་། ཤོད་དྲུང་དགའ་བཞི་བ་གཉིས་བཏང་འདུག་ལ། བོད་ལ་དུས་འགྱུར་མ་བྱུང་གོང་གི་རྫོང་སྡོད་མཐའ་གཉིས་ནི་རྩེ་དྲུང་བློ་གླིང་ངག་དབང་ཆོས་འཕེལ་དང་། ཤོད་དྲུང་སྒོ་ཡངས་པ་བསོད་ནམས་རྒྱལ་པོ་གཉིས་ལ་བསྐོ་གཞག་བྱས་འདུག བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ལོར་སྟག་རྩེ་དང་། འབྲོམ་ཐོད། བདེ་ཆེན། ཆོས་ལུང་བཅས་དེ་སྔའི་རྫངོ་གཞིས་བཞིག་དང་། ཤར་ངོས་ནས་མལ་གྲོ་གུང་དཀར་ཁོངས་ལོ་སྐལ་བཟང་ཟམ་པ་མན་གྱི་ཐེམ་གྲངས་ལྔ་བཅུ་སྐོར་ཟླ་སྒྲིལ་ནས་ད་ལྟའི་སྟག་རྩེ་རྫོང་དུ་བསྒྱུར་འཛུགས་བྱས།[12] དེ་སྔའི་སྟག་རྩེ་རྫོང་གི་ཁྱབ་ཁོངས་ནི། བྱང་ངོས་ལྷུན་གྲུབ་རྫོང་གི་ས་མཚམས་འཕན་པོ་ས་ནག་མར་རྒྱབ་ནས་ནུབ་འབྲོམ་ཐོད་སྤྱི་ཁྱབ་པའི་ས་མཚམས་བྲག་རལ་རི་ཟུར་གྱི་བྱང་གི་རྒྱབ་ཕྱོགས་མཆོད་རྟེན་ཡར་རྒྱབ་དང་། ཤར་རྒྱུད་དུ་མལ་གྲོ་གུང་དཀར་གྱི་ས་མཚམས་ཆུམ་མདའ་འབུམ་ནག་བར་གྱི་སྐྱིད་ཆུའི་བྱང་ངོས་དང་སྐྱིད་ཆུའི་ལྷོ་ངོས་ནས་མལ་གྲོ་གུང་དཀར་གྱི་ས་མཚམས་རྒྱ་མ་སྣོན་མདའ་མན་གྱི་བཙུན་མོ་ཚལ་དང་། ལ་མོ། ར་ཤ་ཁུག ཆ་བཅས་ཡིན་པར་དེ་རྣམས་ཚོ་ཁག་ལྔ་ལ་དབྱེ་བར་ལྷོ་བྱང་བརྒྱ་ཚོ་ལྔ་ཞེས་བརྗོད་པ་ནི། འཕན་པོ་སྟོད་ཆར་རྒྱལ་གྲོང་བརྒྱ་ཚོ་དང་། སྨད་ཆར་ལྕགས་ཁྲ་བརྒྱ་ཚོ། སྐྱིད་ཆུའི་བྱང་འགྲམ་ནས་ཤར་དུ་ཞོགས་ཞོལ་བརྒྱ་ཚོ་དང་། འཕྲང་སྟོད་བརྒྱ་ཚོ། སྐྱིད་ཆུའི་ལྷོ་ངོས་སུ་ལྷོ་རྒྱུད་བརྒྱ་ཚོ།[13] ཞེས་འབོད་སྲོལ་མཆིས།

 

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་གནོན།

དང་པོ། རྫོང་གཞིས་འགྲོ་སྟངས།

དེ་སྔའི་སྟག་རྩེ་རྫོང་གི་སྒྲིག་གཞི་ནི་རིམ་དྲུག་རྫོང་དཔོན་སེར་སྐྱ་གཉིས་དང་། རྒྱུན་གཏན་ལས་ཀ་བྱེད་མཁན་གླིང་གསར་གཉིས་ཞེས་གླིང་སྲུང་པ་དང་། ཁྲལ་པ་གསར་པ་ཞེས་ཁྱིམ་ཚང་གཉིས་ལ་ཁྲལ་རྟེན་ས་ཞིང་སོན་ཁལ་ལྔ་བཅུ་ཙམ་རེ་ཡོད་པ་དེ་གཉིས་ལ་གཞུང་རྒྱུག་པ་གཉིས་ཀྱང་ཟེར། ཁོང་གཉིས་ཁྱིམ་རྒྱུད་བརྒྱུད་འཛིན་གྱིས་བྱེད་ཅིང་རྒྱུན་དུ་རྫོང་གི་གཞུང་དོན་ལས་ཀ དཔེར་ན། བཀའ་རྒྱ་དང་། སྐུལ་ཐམ་སྐྱེལ་རྒྱུ། བཙོན་པ་སྲུང་རྒྱུ་སོགས་བྱེད་དགོས་པ་ཡིན། རྫོང་གི་ལས་དོན་སྤྱིར་བཏང་རྣམས་ལ་ཚོགས་འདུ་ཧྲག་བསྡུས་ཞེས་པ་སྐོང་ཚོགས་བྱས་ནས་དེས་གྲོས་ཐག་གཅོད་ཀྱི་ཡོད། ཚོགས་འདུ་ཧྲག་བསྡུས་ལ་ཞུགས་ནི་ཁྱིམ་སྟོད་རྒྱ་མཚོའི་ཁོངས་ནས་བྱང་ཁུ་གཞིས་(ཚེ་སྨོན་གླིང་།)དང་། ལོ་བླ་བྲང་། ལྷ་བུ་རྟ་ར། ལྐོག་པོ། ཕུན་ཚོགས་གླིང་(ཚེ་སྨོན་གླིང་།)བཅས་དང་། ལྕགས་ཁྲ་བརྒྱ་མཚོའི་ཁོངས་ནས་ལྕང་ལོ་ཅན་(རྣམ་རྒྱལ་གྲྭ་ཚང་།)དེའི་གོང་ཕུན་ཚོགས་ཁང་གསར། གཅུང་པ་(སྒེར་རམ་པ།)རྒྱལ་གྲོང་བརྒྱ་མཚོའི་ཁོངས་ནས་ལྕང་ར་ཤར་དང་། འབྱོར་ལྡན། བརྒྱ་ཚོ་རྒན་པོ། དམག་ཞབས། ཞོགས་ཞོལ་བརྒྱ་མཚོ། ཐར་པ་གླིང་། གྲ་ཚང་གཞིས་ཀ(རྣམ་རྒྱལ་གྲྭ་ཚང་།)གྲོང་སྨད་(རྡོ་རིང་།)ཞོགས་རྒན་པོ། ལྷོ་རྒྱུད་བརྒྱ་མཚོའི་ཁོངས་ནས་ལ་མོ་གཞུང་རྐྱང་། ཆ་གཞིས་ཀ། ར་ཤ་ཁུག་(དགའ་ལྡན་བྱང་རྩེ།)སྣོན་མདའ་གཞིས་(འོན་ཆོས་སྡིང་།)བཅས་ལ་གཙོ་དྲག་ཟེར། གལ་ཆེའི་ཡིག་ཆ་ཁྱབ་བསྒྲགས་སོགས་བྱེད་དགོས་ཚེ་རྫོང་གི་སྐུལ་ཐམ་ནང་ལྷ་སྡེ་མི་སྡེ་ཞེས་གཞུང་སྒེར་ཆོས་གསུམ་གྱི་འཐུས་མི་ཡོང་དགོས་པ་སོགས་ཡིན་འདུག གྱོན་དོན་ཆུང་ཁག་རྫོང་རང་ནས་ཁྱིམ་གནོན་གྱིས་ཐག་གཅོད་བྱེད་པ་དང་། མི་གསོད་སོགས་ཀྱི་གྱོད་དོན་ཆེ་རིགས་བཀའ་ཤག་ལ་སྙན་སེང་ཞུ་དགོས་ཀྱི་ཡོ་པ་རེད། སྟག་རྩེ་རྫོང་དཔོན་ནི་བཀའ་ཤག་ནས་འོས་ཕུལ་གྱིས་༸གོང་ས་མཆོག་ནས་ཐད་ཀར་བསྐོ་གཞག་གནང་གི་ཡོད།[14]

 

༡ འབྲོམ་སྟོད་སྤྱི་ཁྱབ།

འབྲོམ་ཐོད་སྤྱི་ཁྱབ་ནི་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། དེའི་ཁྱབ་ཁོངས་སུ་ཤར་དུ་འཕན་པོའི་གྲོང་ཆུང་དང་། ཚེ་བརྟན་སྒང་ནས་ནུབ་སྒར་པ་གྲོང་ཚོ་བར་དང་། བྱང་ཐང་ཀ་ནས་ལྷོ་སྐྱིད་ཆུའི་བྱང་འགྲམ་བར་ཡིན།[15] ལྷོ་མོས་གཞིས་ནི་ལྷ་ས་ནས་ལེ་དབར་ ༡༥ སར་ཡོད་ཅིང་། རིམ་བདུན་རྫོང་གཞིས་ཆུང་གྲས་རྫོང་སྡོད་སྐྱ་བོ་གཅིག་གིས་བསྐྱོངས་བའི་གཞིས་ཀ་ཞིག[16] འདི་ཀོང་ཞུའི་ཁྲི་བཞུགས་བཅུ་གཅིག་པ་ཤིང་བྱ་ལོ་ཞུ་འགོ་མཆན་དགོངས་ཡོངས་འཛིན་ཕུར་ལྕོག་སྤྲུལ་སྐུའི་ཆོས་གཞིས་སུ་བསྕལ་འདུག[17] འབྲོམ་ཐོད་སྤྱི་ཁྱབ་ཀྱི་སྒྲིག་གཞི་ནི་འབྲོམ་ཐོད་སྤྱི་ཁྱབ་པ་དགའ་ལྡན་བླ་སྤྱི་ནས་འབྲོམ་ཐོད་ཁུལ་གྱི་ཁྱིམ་ཚང་ཆེ་གྲས་འོག་བསྡུས་ཀྱིས་ཞོལ་པ་ལས་ཁུངས་ལ་ཕུལ་ཏེ་ཞོལ་ལས་ཁུངས་ནས་བསྐོ་གཞག་བྱེད། འབྲོམ་ཐོད་སྤྱི་ཁྱབ་འོག་རྒྱུན་དུ་ལས་ཀ་བྱེད་མཁན་གླིང་ཤར་མ་དང་། ཆུ་འཁོར་བ་ཞེས་ཁྲལ་པ་དུད་ཚང་གཉིས་ལ་ཁྲལ་རྟེན་ས་ཞིང་སོན་ཁལ་ཉིས་བརྒྱ་ཡས་མས་རེ་ཡོད་པ་དང་། ཁྱིམ་ཚང་དེ་གཉིས་ཀྱི་མི་མུས་རྒྱུན་བཅས་ནས་ལས་འཁུར་བྱེད་དགོས་ལ་རྒྱུན་གཏན་སྐུལ་ཐམ་སྐྱེལ་རྒྱུ་དང་། བཙོན་སྲུང་བྱེད་རྒྱུ་སོགས་ཡིན། ཚོགས་འདུ་ཆེ་རིགས་ལ་ཆོས་གཞིས་ཁག་གི་གཞིས་སྡོད་དང་རྒན་པོ་རྣམས་ཡོང་དགོས། རང་ཁོངས་སུ་གྱོད་དོན་ཆུང་ཙག་ཡིན་ན་དེ་གར་ཐག་གཅོད་བྱས་ཆོག་ཅིང་། གྱོད་དོན་ཆེ་རིགས་བྱུང་ན་ཞོལ་པ་ལས་ཁུངས་སུ་སྐྱེལ་སྲོལ་ཡོད། ཕྱི་ལོ་ ༡༩༥༩ ལོར་འབྲོམ་ཐོད་སྤྱི་ཁྱབ་པ་སྒར་པ་རྡོ་བཀྱག་པའི་བྱམས་པ་བསྟན་དར་ཡིན།[18]

 

༢ བདེ་ཆེན་རྫོང་།

བདེ་ཆེན་རྫོང་ནི་དུས་རབས་བཅུ་གསུམ་པའི་ནང་ས་སྐྱ་པས་བོད་ལ་དབང་ལུང་བསྒྱུར་སྐབས་ཚལ་པ་ཁྲི་དཔོན་གྱི་ཁོངས་གཏོགས་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་གྲུའི་དབང་སྒྱུར་སྐབས། རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་བྲག་དཀར་བདེ་ཆེན་རྫོང་ཞེས་པ་དེ་ཡིན་པ་དང་། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པའི་ནང་དགའ་ལྡན་ཕོ་བྲང་པས་དབང་ལུང་བསྒྱུར་སྐབས། ཞོལ་འོག་རྫོང་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་གཞིས་ཀ་གཅིག་ཡིན་པ་དང་། དེ་རྗེས་དགའ་ལྡན་དགོན་གྱི་ཆོས་གཞིས་སུ་བསྒྱུར་ཏེ་བདེ་ཆེན་རྫོང་དེ་དགའ་ལྡན་བླ་སྤྱི་ནས་འཛིན་སྐྱོང་བྱེད། རྫོང་འདིའི་ཁྱབ་ཁོངས་ནི་ཤར་གཙང་རྟོགས་ནས་ནུབ་ཀློ་ཁང་གསར་གྱི་རི་ཟུར་བར་དང་། ལྷོ་རྒོད་མཁར་ལའི་རི་རྒྱུད་ནས་བྱང་སྐྱིད་ཆུའི་ལྷོ་འགྲམ་བར་ཡིན།[19] དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ནས་རྫོང་དཔོན་རེ་གཏོང་གི་ཡོད་པ་ཁོང་གཉིས་དུས་རྒྱུན་ཤར་རྩེའི་རྫོང་དཔོན་པད་ནག་གཞིས་ཀར་སྡོད་པ་དང་། བྱང་རྩེའི་རྫོང་དཔོན་ཁ་རབས་འོག་གཞིས་ཀར་སྡོད་ཅིང་། རྫོང་ལྷན་རྒྱས་བྱ་ཡུལ་བདེ་ཆེན་དུ་ཡོད་པའི་རྫོང་ལྷན་ཁང་ཞེས་པ་དེ་ཡིན། རྫོང་དཔོན་གྱི་འོག་ཏུ་གཉེར་དྲུང་གཉིས་དང་། ཁང་གཉེར་གཅིག ཞབས་གྲས་བརྒྱད་ཙམ་བཅས་ཡོད།

བདེ་ཆེན་རྫོང་འོག་བརྒྱ་ཚོ་སྟོད་སྨད་ཅེས་བརྒྱ་ཚོ་སྟོད་ཀྱི་ཁོངས་གཙང་རྟོགས་ནས་བྲག་དཀར་ཞོལ་བར་དང་། བརྒྱ་ཚོ་སྨད་ཁོངས་ལྡན་ནས་བསམ་གྲུབ་གླིང་བར་ཡིན། ཚོགས་འདུ་ཚོགས་སྐབས་ཁ་རབས་ཤན་ཁ་དང་། ལྡན་བྱ་ཚང་། གུང་རུ་གཞིས། (སེ་ར་སྤྱི་བསོ།) བདེ་མཆོག (རྒྱུད་སྨད།) བསམ་གྲུབ་གླིང་གཞིས་སོགས་གཙོ་དྲག་རྣམས་འཛོམས་དགོས་པ་ཡིན། གྱོད་དོན་ཆེ་རིགས་བྱུང་ན་ཞོལ་ལས་ཁུངས་སུ་སྐྱེལ་དགོས་ལ། གྱོད་དོན་ཆུང་རིགས་ས་གནས་རང་ནས་ཐག་གཅོད་བྱེད་ཀྱི་ཡོད། བོད་མ་ཤོར་གོང་མཚམས་སུ་ཤར་རྩེ་གྲ་ཚང་ནས་སོག་པ་ཁང་ཚན་གྱི་ཐུབ་བསྟན་ཕུལ་བྱུང་དང་། བྱང་རྩེ་གྲ་ཚང་ནས་ཚ་བ་ཁང་ཚན་གྱི་བག་གྲོ་གཉིས་ཀྱིས་རྫོང་དཔོན་བྱེད་བཞིན་ཡོད་འདུག[20]

 

༣ ཆོས་ལུང་གཞིས་སྡོད།

ཆོས་ལུང་གཞིས་ནི་དེ་སྔ་ཞོལ་རྫོང་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་གཅིག་ཡིན་ཞིང་། ལྷ་ས་ནས་ལེ་དབར་ ༥༠ སར་ཡོད་པའི་གཞིས་སྡོད་སེར་མོ་བའི་འགྲོ་ཁུངས་གཅིག་ཡིན། དེའི་ཁྱབ་ཁོངས་ནི་ཤར་དུ་མདའ་སྙེ་དགའ་རི་གདོང་ནས་ཐད་དྲང་རྩེ་རི་ལྕོག་མགོ་རྒྱུད་ཕུ་གོང་མོ་ལ་བར་དང་། ནུབ་ཏུ་མདའ་རྟིང་དཀར་བྲག་གདོང་ནས་ཐད་དྲང་ཕུ་བྱེ་ཞལ་ལ་བར། ལྷོ་མཚོ་ཁ་རལ་ནས་བྱང་སྙེ་དགའ་རི་གདོང་དང་རྟིང་དཀར་བྲག་གདོང་བར་ཡིན།[21] ད་ལྟའི་རྫོང་སྲིད་གཞུང་གནས་ཡུལ་བདེ་ཆེན་གྲོང་ཚོ་ནི་ལྷ་ས་ནས་ཤར་ཕྱོགས་སུ་སྤྱི་ལེ་ ༢༢ སར་གནས་ཡོད་པ་དང་། རྫོང་རྙིང་གནས་ཡུལ་སྟག་རྩེ་གྲོང་ཚོ་ནི་བདེ་ཆེན་ནས་སྐྱིད་ཆུའི་བྱང་ངོས་ཤར་ཕྱོགས་སུ་སྤྱི་ལེ་ ༣༧ ཡོད།

ཆོས་ལུང་གཞིས་ཀྱི་སྒྲིག་གཞི་ནི། གཞིས་ཀ་འདི་ནི་ཞོལ་འོག་རྫོང་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན། ཆོས་ལུང་གཞིས་སྡོད་གནས་བདུན་པའི་རྩེ་དྲུང་རེ་གཞུང་ནས་བསྐོ་གཞག་གིས་འགན་དབང་སྤྱོད་སྲོལ་ཡོད་ཀྱང་། དུས་རབས་ཉི་ཤུ་པའི་ནང་ཡབ་གཞིས་གླང་མདུན་ནས་འཁྲུངས་ལྷ་དབྱར་གསོལ་གྱི་མེ་ཤིང་མཐུན་རྐྱེན་དུ་ལོ་རེ་ཊམ་རྡོ་ལྔ་རེ་གཞིས་སྡོད་རྩེ་དྲུང་དེར་སྤྲོད་ལེན་བྱས་ཏེ་ཁ་འཛིན་འཇགས་གནས་བོགས་མར་བླངས་ཤིང་ས་གནས་སུ་གཏན་སྡོད་བྱེད་མི་གླང་མདུན་གྱི་ངོ་ཚབ་རེ་གཏོང་སྲོལ་ཚུགས།[22] རྒྱུན་གཏན་ལས་ཀ་བྱེད་མཁན་གླིང་གསར་གཉིས་ཞེས་གླིང་སྲུང་པ་དང་། ཁྲལ་པ་གསར་པ་ཞེས་ཁྱིམ་ཚང་གཉིས་ལ་ཁྲལ་རྟེན་ས་ཞིང་སོན་ཁལ་ལྔ་བཅུ་ཙམ་རེ་ཡོད་པ་དེ་གཉིས་ལ་གཞུང་རྒྱུག་པ་གཉིས་ཀྱང་ཟེར། ཁོང་གཉིས་ཁྱིམ་རྒྱུད་བརྒྱུད་འཛིན་གྱིས་བྱེེད་ཅིང་རྒྱུན་དུ་རྫོང་གི་གཞུང་དོན་ལས་ཀ དཔེར་ན། བཀའ་རྒྱ་དང། སྐུལ་ཐམ་སྐྱེལ་རྒྱུ། བཙོན་པ་སྲུང་རྒྱུ་སོགས་བྱེད་དགོས་པ་ཡིན།[23]

 

༥ སྒེར་བཤད་སྒྲ།

         དེ་སྔ་སྟག་རྩེ་རྫོང་ཁོངས་སུ་ངོ་གཞིས་ཡོད་པའི་སྒེར་པ་སྒེར་བཤད་སྒྲ་བ་དང་། སྒེར་ཆ་པ་བ། སྒེར་སེར་ཁང་པ། སྒེར་ལྡན་བྱ་བ། སྒེར་མཁར་རབ་ཤན་ཁ་བ་བཅས་དང་དེ་མིན་གཞིས་ལག་ཡོད་པའི་གྲས། ཡབ་གཞིས་གླང་བདུན་ཁོངས་བསམ་གྲུབ་གླིང་སོགས་ཡོད། གོང་གསལ་སྒེར་པའི་ནང་ནས་ངོ་གཞིས་འཛིན་ཁོངས་རྒྱ་ཆེ་ཤོས་ནི་སྒེར་བཤད་སྒྲ་བ་ཡིན་ཞིང་། བཤད་སྒྲའི་ངོ་གཞིས་ལྟེ་བ་དགའ་ལྡན་བཤད་སྒྲ་འོག་ཟེར་བ་དེ་ཡིན་འདུག་ཅིང་། དེ་ཡང་ཡིག་རྙིང་ཁག་ཏུ་ཤ་ར་ཧོར་པ་ཞེས་གསལ་བ་བྲག་དཀར་དཔོན་མོའི་མངའ་ཁོངས་ནང་སོ་ཤ་ར་ཧོར་པ་ཟེར་བ་དང་། བཀའ་བློན་དོན་གྲུབ་རྡོ་རྗེའི་སྐབས་རྗེས་གྲུབ་མིང་སྒྱུར་གྱིས་བཤད་སྒྲ་འོག་པ་ཞེས་འབོད། དེའི་རྒྱུ་མཚན་ནི་བཤད་སྒྲ་འོག་གཞིས་སུ་རྗེ་ཙོང་ཁ་པའི་གཟིམ་ཆུང་དང་། ཆོས་རྭ་ཁག་གཉིས་ཡོད་པ་རིམ་གཉིས་བཤད་པའི་སྒྲ་དབྱངས་བསྒྲགས་པའི་གནས་ཡུལ་ཡིན་པས་ན་བཤད་སྒྲ་དང་། དེ་ཉིད་གདན་ས་དགའ་ལྡན་གྱི་ས་འོག་ཏུ་ཡོད་པས་ན་བཤད་སྒྲ་འོག་ཅེས་བྱུང་ལུགས་བཤད་རྒྱུན་འདུག

སྒེར་བཤད་སྒྲ་བའི་འཛིན་ཁོངས་རྒྱ་ཁྱོན་ཐད། བཤད་འོག་གཞིས་སུ་ཕྱི་འདོན་ཕྱེད་གསུམ་དྲུག་ཆ་གཅིག་དང་། གཡོ་ཁོངས་སུ་གོང་གསལ་འདོན་གྲངས་ལས་ས་ཁྱོན་ཆེ་བ་ཡོད་པ་དང་། དེའི་ཐོག་རྒྱ་སྦྱོངས་དམག་རྐང་གཅིག་གི་ས་རྟེན་བཅས་ལ་ལོ་རེ་ཐོན་འབབ་འབྲུ་རུའི་ཁལ་ ༢༠༠༠ སྐོར་མི་སེར་ཐེམ་གྲངས་ ༡༨ ཡོད་ཐོག་ནས་ཕྱི་ཁྲལ་ཐེམ་པ་ ༥ ལ་ཐེམ་རེར་སོན་ཁལ་ ༥༠ རེ་རྩིས་སོན་ཁལ་ ༢༥༠ ནང་ཁྲལ་ཐེམ་རྐང་གྲངས་ ༡༣ ལ་རྐང་རེར་སོན་ཁལ་ ༢༤ རྩིས་ཁལ་ ༣༡༢ གནང་ཆག་ཁྲལ་པ་ཐེམ་དུད་ ༢ ལ་རེར་སོན་ཁལ་ ༡༢ རེ་རྩིས་ཁལ་ ༢༤ དྲག་བཙན་ནམ་ཞབས་གྲས་ཐེམ་པ་ ༣ ལ་ཐེམ་པ་རེར་སོན་ཁལ་ ༥༠ རེ་རྩིས་སོན་ཁལ་ ༡༥༠ བཅས་ཡོད་པ་རྐང་རེ་ནས་ནང་ཁྲལ་འུལ་ལག་གཉིས་རེ་དང་། སྟོན་ལས་དང་དཔྱིད་ལས་སྐབས་རྐང་རེ་ནས་ཉིས་བསྐུལ་མི་བཞི་རེ་འགྲོ་དགོས། ཕྱི་ཁྲལ་རྒྱུགས་མི་ཐེམ་པ་ལྔ་ལ་སྐུ་སྲུང་དམག་གཅིག་འཁྲི་བ་དང་། བདེ་ཆེན་རྫོང་དང་། བྲག་དཀར་ཞོལ་ལ་སྒུག་རེས་འཁེལ་སྐབས་སྒྲིག་ཆ་གདན་ལྕོག་གཟན་ཆག་ཐབ་ཤིང་སོགས་བསྡུ་རུབ་བྱེད་དགོས་པ་མ་ཟད། རྒྱ་ཤིང་རྔོད་གསུམ་གྱི་ཁྲལ་འབབ་ཀྱང་འཁྲི་འཁེལ་ཡོད།

བཤད་འོག་ཁོངས་ལྷས་ནང་སྲས་ཁང་གཞིས་དང་། དེ་ཁོངས་དྲག་བཙན་སྟོང་པོ་གཞིས་བཟོ་བྱས་པ་སྲས་ཤར་གཞིས་གཉིས་ལ་ས་ཞིང་སོན་ཁལ་ ༤༠༠ སྐོར་ལ་ལོ་རེ་ཐོན་འབབ་འབྲུ་རུའི་ཁལ་ ༢༤༠༠ ཙམ་དང་། ནང་ཁྲལ་པ་ཐེམ་དུད་ ༡༥ ཐེམ་དུད་རེར་སོན་ཁལ་ ༢༤ རེ་ཙམ་སོན་ཁལ་ ༣༦༠ གནངས་ཆག་ཐེམ་དུད་ ༤ ལ་ཐེམ་དུད་རེར་སོན་ཁལ་ ༡༢ རེ་རྩིས་སོན་ཁལ་ ༤༨ ཕྱི་ཁྲལ་བ་ཐེམ་དུད་ ༣ ལ་ས་རྟེན་སོན་ཁལ་ ༤༠ རེ་རྩིས་སོན་ཁལ་ ༡༢༠ ཕྱི་ཁྲལ་དང་། ནང་ཁྲལ་ཁག་བགོས་ཀྱི་ཁྲལ་རིགས་རྒྱུག་ཕྱོགས་གོང་དང་འདྲ། གོང་གསལ་གཞིས་གཉིས་ལ་སྒོ་ཕྱུགས་སེམས་ཅན་དང་། གཞིས་ལུག་ཙམ་ལས་ཤེ་རུ་ཟུར་དུ་མེད་ཅིང་། དེ་མིན་བཤད་སྒྲའི་ཁོངས་སྙེ་མོ་བྱ་སྒོ་གཞིས་ལ་ངོ་འདོན་སུམ་ཅུ་ཕྱེད་སོ་བརྒྱད། ཀོང་པོ་ཨོ་རོང་གཞིས་ལ་འདོན་ ༡༨༠ སྐོར། རྒྱ་མདའ་རྫོང་འོག་ཕྱི་འབྲོག་ཞེས་པ་འབྲོག་ཁག་ ༡༠ སྐོར་སོགས་ཡོད་འདུག[24]

 

གཉིས་པ། ཁྲལ་འུ་ཁྲིམས་འགོ།

       དེ་སྔའི་ཁྲལ་རིགས་སྒྲུབ་ཕྱོགས་ཐད། འཕན་སྟག་རྫོང་གཞིས་དྲུག་ཅེས་གྲགས་པ་ནི་འཕན་པོ་ལྷུན་གྲུབ་རྫོང་དང་། ཟ་ལྷ་གཞིས་སྡོད། མཁར་རྩེ་གཞིས་སྡོད། གླང་ཐང་གཞིས་སྡོད། ཕོད་མདོ་གཞིས་སྡོད་བཅས་འཕན་ཁོངས་རྫོང་གཞིས་ལྔའི་ཐོག་སྟག་རྩེ་རྫོང་ཐེ་བས་དྲུག་ཡིན་ཞིང་། རྫོང་གཞིས་ཁག་དྲུག་མིང་འབོད་བྱེད་པའི་དགོས་པ་ནི་སྐབས་དེའི་ཁྲལ་རིགས་རྒྱུག་ཕྱོགས་ལམ་ལུགས་ལྟར་ན་རྟ་འུས་ཉིས་བརྒྱ་གཅིག་བདལ་དང་། ཁལ་མ་ལྔ་བརྒྱ་གཅིག་བདལ། མི་ཧྲེང་བརྒྱ་གཅིག་བདལ་ཞེས་རྟ་ཁལ་མི་གསུམ་གྱི་གྲངས་འབོར་ཁག་སོ་སོ་ནས་གཅིག་་བརྒལ་ན་རྫོང་གཞིས་ཁག་དྲུག་པོ་མཉམ་རུབ་ཀྱིས་སྐྱེལ་འདྲེན་བྱེད་དགོས་པའི་གོ་དོན་ཡིན། དེ་སྔའི་ཁྲལ་རིགས་ཞི་དྲག་རྐང་འགྲོ་ལག་འདོན་ཞེས་པ་དེ་བྱེ་བྲག་ཏུ་དབྱེ་ན་ཞི་ཞེས་པ་གཙོ་བོ་(རྒྱ་ཤིང་བརྔོད་གསུམ་)ཡིན།

དྲག་པོའི་ཆ་ནས་དམག་ཁྲལ་ཏེ་སྟག་རྩེ་ཁུལ་དུ་འཁྲི་བ་ཁ་དང་རྒྱ་སྦྱོང་དང་། ཀ་དང་སྐུ་སྲུང་། བརྒྱད་སྣ། དྲུག་སྣ་བཅས་རེད། བརྒྱད་སྣ་ཞེས་པ་གཞུང་རྒྱུག་རྐང་བརྒྱད་ནས་དམག་མི་རེ་དང་། བཞི་སྣ་ཞེས་པ་སྒེར་ཆོས་འདོན་བཞི་ནས་དམག་མི་རེ། དྲུག་སྣ་ཞེས་པ་གཞུང་སྒེར་ཆོས་གསུམ་རྐང་འདོན་འདྲ་བའམ་འདོན་དྲུག་རེ་ནས་དམག་མི་རེ་འཁྲི་བ་་བཅས་ཀྱི་དོན་རེད། དེ་དག་གི་དམག་གླ་དང་། ཕོགས་སྣོན། དབྱར་དགུན་གྱོན་དོད་སོགས་འཁྲི་འབབ་ཧ་ཅང་ཆེ་བ་ཡོད་པ་རེད། རྐང་འགྲོ་ཞེས་པ་ནི་རྟ་ཁལ་མི་གསུམ་དང་། དམག་འགྲོ། ས་གནས་སྲིད་གཞུང་གི་རིགས་སམ་དམག་མི་གཞུང་དོན་འགྲུལ་བཞུད་ལ་ཚ་ཞག་གང་འཁེལ་གྱི་སྡོད་སྒྲིག་དང་རྟ་ཐབ་ལག་གཡོག་བཅས་རྒྱུག་དགོས་ཀྱི་ཡོད་པ་རེད། ལག་འདོན་ནི་སྟག་ཕོགས་ཟེར་བ་དཔེར་ན་ས་རྟེན་ཟུར་ཡོད་ལ་གཞིགས་ཏེ་ཊམ་དཀར་ཀྱི་བོགས་བསྡུས་ཏེ་འབྲས་སྤུངས་གྲྭ་དམངས་བདུན་སྟོང་ལྔ་བརྒྱ་ལ་འབྲུ་ཁལ་རེ་ཕོགས་རྒྱག་དགོས་པ་ཕྱིས་ཊམ་སྒྱུར་བྱས་པ་ཡིན་ཞེས་ཤོད་སྲོལ་ཡོད་པ་དང་། ཡང་འབབ་ཞིབ་བྱ་བ་ཞིག་ཡོད་པ་དེ་གནའ་དུས་མེད་པར་བར་སྐབས་ཤིག་ས་རྟེན་ལ་ཞིབ་བཤེར་བྱས་པ་བརྒྱུད་ས་རྟེན་ཆེན་པོར་ཁྲལ་བོགས་ཉུང་ངུ་ལས་མི་འཁྲི་བ་འགའ་ཞིག་ལ་ཁྲལ་བོགས་འཕར་མ་བཀལ་བར་ཞིབ་འཕར་རམ་འབབ་ཞིབ་ཅེས་པ་འདི་ནི་སྒེར་ཆོས་རིགས་སུ་གཏོགས་པའི་གཞིས་ཁག་ཆ་ཤས་ཙམ་ཡོད་པ་དེ་དག་ལ་འཁྲི་བའི་ཁྲལ་བོགས་གཞན་ཞིག་ཡིན་པ་བཅས་རེད།

གོང་གསལ་ཁྲལ་རིགས་དེ་དག་བོད་ཡོངས་ས་ལྕགས་སྟག་ཞིབ་གཞུང་ཞེས་པར་གཞིར་བཟུང་བསྡུ་ལེན་བཀོལ་སྤྱོད་བྱེད་པ་དང་། རྒྱུན་གཏན་གྱི་ཁྲལ་རིགས་འཆར་འཕར་ཇི་བྱུང་སྐབས་ཆག་ཆེན་བཞི། (ཞབས་སྡོད་ངོ་ཆགས་དང་། དཀྲུས་ཆག་སྟེ་སྐུ་བཀྲུས་པའི་ཆུ་འཐུང་ནས་མནའ་སྐྱལ་བ། ཁ་དང་རྒྱ་སྦྱོང་དམག་རྟེན་ལ་དམག་ཆག ལྕགས་སྟག་ཞིབ་གཞུང་ཐོག་ལྕགས་ཡོས་ཞིབ་མཆན་ཞེས་མཆན་རྟགས་བཀོད་ནས་ཆག་པ་) ཞེས་ཆག་ཡང་གཏོང་གི་ཡོད།[25] བདེ་ཆེན་དང་། འབྲོམ་ཐོད། ཆོས་ལུང་བཅས་རྫོང་གཞིས་གསུམ་མཉམ་སྦྲེལ་ཐོག་དམིགས་བསལ་གྱི་ཁྲལ་རིགས་ཤིག་སྒྲུབ་དགོས་པ་ནི་ཏཱ་ལའི་བླ་མ་དང་། སྲིད་སྐྱོང་དགའ་ལྡན་དུ་ཆིབས་བསྒྱུར་གནང་ཚེ་ཆིབས་ཞབས་དཔོན་རིགས་ངོ་གཡོག་དང་བཅས་པའི་གྲ་སྒྲིག་གི་འཁྲི་ཆ་ཞིག་ཡིན་པར་དེར་གཟན་ཆག་དང་། རྟ་གཡོག ཐབ་གཡོག རྟ་ཁལ། གདན་ལྕོག་སོགས་གྲ་སྒྲིག་དགོས་པ་དེ་རྐང་འདོན་ཆེ་ཆུང་ལ་གཞིགས་ཏེ་ཆ་གསེས་རྒྱག་གི་ཡོད།

འོན་ཀྱང་ཁྲལ་རིགས་དེ་རིགས་རྒྱུན་གཏན་འཁྲི་སྲོལ་མེད། གཞན་ཡང་འབྲོམ་ཐོད་དང་། ཆོས་ལུང་གཉིས་ནི་ཞོལ་འོག་རྫོང་གཞིས་གྲས་སོང་བས་ལྷ་ས་ནས་དོས་ཁལ་རྩིས་ལེན་བྱས་རྗེས་ཤར་དུ་མལ་གྲོ་གུང་དཀར་དང་། སྟག་རྩེ། ལྷོར་བསམ་ཡས། ནུབ་ཏུ་ཆུ་ཤུར་དང་སྟོད་ལུང་ཚལ་བདེ། བྱང་དུ་འཕན་པོ་དང་སྟག་རྩེའི་ཁོངས་ལྕང་ར་ཤར་བཅས་ལ་སྐྱེལ་འདྲེན་འགན་འཁུར་དགོས་པས་གོང་གསལ་འགྲུལ་ལམ་དུ་རྒོད་འཁར་ལ་དང་། བྱེ་ལ། འཕན་པོ་སྒོ་ལ་བཅས་ལ་གསུམ་དང་། འཕན་པོ་མདའ་དང་། མལ་གྲོ་གུང་དཀར། ཆུ་ཤུར། སྟོད་ལུང་བཅས་ལ་སོ་བཞི་བསྡོམས་ལ་སོ་བདུན་གྱི་ཁྲལ་རིགས་ཞབས་ཞུ་ཞེས་བརྗོད་ཀྱི་ཡོད་འདུག དམངས་གཙོའི་བཅོས་བསྒྱུར་རྗེས་བྱང་ངོས་བྲག་རལ་ཟམ་པའི་ལྷོ་ངོས་ནས་ལྷོ་རྒོད་འཁར་ལ་རྩེའི་རི་རྒྱུད་དང་། ཤར་དུ་སྐྱིད་ཆུའི་ལྷོོ་ངོས་ཀྱི་བཙུན་མོ་ཚལ་ནས་སྐྱིད་ཆུའི་བྱང་ངོས་མཆུམ་མདའ་ཁ་སྟོད་འགོ་མན་དང་། ནུབ་སྐྱིད་ཆུའི་བྱང་ངོས་རྔ་ཆེན་ལ་རྩེ་བར་གྱི་ས་ཆ་རྣམས་སྟག་རྩེ་རྫོང་གི་ཁྱབ་ཁོངས་ཡིན་ཞེས་འཁོད།[26]

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] ༸གོང་ས་ལྔ་པ། རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། བོད་གཞུང་ཤེས་རིག་དཔར་ཁང་།  ཕྱི་ལོ་ ༢༠༠༦། ཤོག ༢༣༡།

[2] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༡༠༠༣།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༦༤།

[4] ཧོར་ཁང་བསོད་ནམས་དཔལ་འབར། མི་དབང་རྟོགས་བརྗོད་ཀྱི་སྙིང་དོན་ཚིགས་བསྡུས་གཞོན་ནུ་མགུ་བའི་རོང་དབྱངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༨། ཤོག ༤༠།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༢།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༢།

[7] བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༩།

[8]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 25.

[9]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 25.

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༡༥།

[11] བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༩།

[12](1) བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༩།

(2)武振华.西藏地名.中国藏学出版社.1995年.103.

[13] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༤།

[14] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༦།

[15] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༧།

[16]多杰次仁,西藏封建农奴制社会形态,中国藏学出版社。2005.Pg 342.

[17]བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༩།

[18] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༧།

[19] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༧།

[20] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༨།

[21] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༨།

[22] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༨།

[23] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༤།

[24] བཤད་སྒྲའི་སྐོར་རྒྱས་པར་གཟིགས་འདོད་ན། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤།  མི་རིགས་དཔེ་སྐྲུན་ཁང་། ༡༩༩༢། ཤོག ༡ ནས་ ༢༢༥ བར་གཟིགས་རོགས།

[25] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༡༠།

[26] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༡༢།

 

ཡོང་ཁུངས། དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།