དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟག་རྩེ་རྫོང་། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་སོགས། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། སྟག་རྩེ་རྫོང་། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་སོགས། ༢༽

 

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།

        དགའ་ལྡན་ཕོ་བྲང་པའི་སྐབས་སྟག་རྩེ་རྫོང་ཁོངས་སུ་གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ་སྐོར་ལ། ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་》ནང་གསལ་ལྟར་ན། སྟག་རྩེ་ཁུལ་དུ་མཆོད་གཞིས་འདོན་ལྔ་བཅུ་ང་གཅིག་དང་དྲུག་ཆ་གཅིག་དང་། སྒེར་པ་འདོན་དྲུག་ཅུ་རེ་གསུམ་དང་བཞི་ཆ་གཅིག

གཞུང་རྒྱུགས་འདོན་ལྔ་བཅུ་དང་དྲུག་ཆ་ཕྱེད་གསུམ་བཅས་ཡོད།[1] ད་དུང་པོ་ཏཱ་ལ་ཞོལ་འོག་མཆོད་གཞིས་ཁག་གི་ཁོངས་ཆོས་ལུང་གཞིས་འོག འབྲོམ་སྟོད་སོགས་གཞུང་རྒྱུགས་རྐང་གྲངས་ཇི་སྙེད་ཅིག་དང་། བདེ་ཆེན་རྫོང་འོག་སོགས་ཡོད། ཕྱིས་ཀྱི་ལོ་རྒྱུས་ཡིག་ཆར་ད་ལྟའི་རྫོང་གི་ཁྱབ་ཁོངས་སུ་དེ་སྔོན་ངོ་གཞིས་ཡོད་པའི་སྒེར་བཤད་སྒྲ་བ་དང་། སྒེར་ཆ་པ་བ། སྒེར་སེར་ཁང་པ། སྒེར་ལྡན་བྱ་བ། སྒེར་མཁར་རབ་ཤན་ཁ་བ་བཅས་དང་དེ་མིན་གཞིས་ལག་ཡོད་པའི་གྲས། ཡབ་གཞིས་གླང་མདུན་ཁོངས་བསམ་གྲུབ་གླིང་སོགས་ཡོད། གོང་གསལ་སྒེར་པའི་ནང་ནས་ངོ་གཞིས་འཛིན་ཁོངས་རྒྱ་ཆེ་ཤོས་ནི། སྒེར་བཤད་སྒྲ་བ་ཡིན།[2] ཞེས་གསལ།

གཞུང་སྒེར་ཆོས་གསུམ་ལས་གཞུང་རྒྱུགས་གྲོང་ཚོའི་གྲས་གུག་མ་ཁང་གསར། ལྕང་རག སྤྱི་པ་གཞིས་ཀ བྱ་ཚུལ་ཀོག ཐང་དཀར་ཀོག ཤ་ལང་ཀོག ནོར་རྒྱས་ཁང་གསར། གདོང་སྨད། ཆོས་ལུང་འཛིན་ཁ་བཅས་དང་། སྒེར་འོག་གྲོང་ཚོ་སྡེ་དཔོན་དགའ་བཞིའི་འཛིན་གྲས་གྲོང་སྨད་སྒང་དང་། གྲོང་སྨད་གྲམ་རུ། རྒྱ་མ་ར། ཀྲེན་གོང་། སྒེར་ཀུན་བཟང་རྩེ་པའི་འཛིན་གྲས་ན་ཁ། ཡབ་གཞིས་གླང་བདུན་འཛིན་གྲས་འབྲོག་སྡེ། སྒེར་ཆ་པའི་འཛིན་གྲས་བྱེ་ཁ་དང་། བྱ་ཁ་ལྷོ་མ། བྱམས་ཚོ་གྲོང་གསར། ཆ། སྒེར་བཤད་སྒྲའི་འཛིན་གྲས་སེང་ཁང་། ཡབ་གཞིས་གཡུ་ཐོག་གི་འཛིན་གྲས་སྐར་མ་ཁང་གསར་དང་། ཀྲེ་སྨན་ཁུག སྒེར་ལྷ་སྡིང་གི་འཛིན་གྲས་གུག་མ་ཁང་གསར་དང་། ལྕང་རག  ནོར་རྒྱས་ཁང་གསར། གདོང་སྨད། ལྷའུ་རྟ་རའི་འཛིན་གྲས་ལྷའུ། སྒེར་རམ་པའི་འཛིན་གྲས་ཁ་ཐུང་ཤར། སྒེར་ཕ་ལྷའི་འཛིན་གྲས་སྤེལ་ནང་དང་། ལྕགས་ཕུ་རྟིང་པ། ཐང་ཁ། འབྲོམ་ཐོད། སྒེར་གནམ་དཔོན་གྱི་འཛིན་གྲས་འོམ་བུ་གླིང་དང་། ཁ་རབས་ཤན་ཁ། སྒེར་ཤེལ་དཀར་གླིང་པའི་འཛིན་གྲས་རེ་སྔ། སྒེར་ར་ས་རྒྱ་རྒན་པའི་འཛིན་གྲས་གནས་ཁ་དང་། གུང་རུ་གཞིས། སྒེར་ཀ་ཤོད་པའི་ཤར་འབྲོག་རུ། བྲག་རའི་འབྲོག་རུ། སྒེར་ཚ་རོང་གི་འཛོན་གྲས་སྟག་རྩེ་དང་། འབྲོག་སྡེ། སྒེར་ལྡན་བྱའི་འཛིན་གྲས་ལྡན་བྱ་ཚང་། བླ་མ་ཀོག གཡུང་དྲུང་ཀོག བྱང་ཀྱང་འོག་མ། སྒེར་བྱིངས་པའི་འཛིན་གྲས་ལྕགས་ཕུ་རྟིང་པ། ཐང་ཁ་བཅས་སོ།

ཆོས་གཞིས་ཡིན་པའི་གྲོང་ཚོ་ནི་རྩེ་རྣམ་རྒྱལ་གྲྭ་ཚང་གི་ལྷ་སྡིང་སྒང་དང་། འབྲོམ་ཐོད། སྲེ་ཞིང་སྒང་། རྒྱུད་སྟོད་ཀོག ཁ་ཡུལ་ཀོག ལྷོ་པ། ཡོག་རུ། ཁང་སྨད། སྐྱིད་དྲོ། འབོ་སྒང་གྱང་། གྲ་ཚང་གཞིས། སེ་བ་སྒང་། ནང་པ་ཤར། རྒྱུད་སྨད་ཀྱི་གྲོང་སྨད་དང་། བོང་ཁང་། རྣམ་སྲས་དཀར་ཁང་། བདེ་མཆོག་འབབ་ལྷ། རྒྱུད་སྟོད་ཀོག ཁ་ཡུལ་ཀོག ལྷོ་པ། གླང་ར། ཤཪ་ཕྱོགས། གུར་པ་ཁང་གསར། གཞུང་རུ་ཤར་ནུབ། གྲམ་རུ། འབོ་སྒང་གྱང་། དགའ་ལྡན་བསམ་བློའི་སྟག་རྩེ་དང་། གྲ་ཚང་གཞིས། སེ་བ་སྒང་། ཞོགས་དགོན་པའི་ཡོག་རུ་དང་། ཁང་སྨད། རྒྱུད་སྟོད་ཀོག ཁ་ཡུལ་ཀོག ལྷོ་པ། ལོ་བླ་བྲང་གི་ཁ་རག་སྒང་དཔལ་གླེང་ཁང་གསར་དང་། ཆུ་འཁོར་རོང་། ལྷའུ། བལ་མོ་ཞོལ། ཨག་སུལ་རོང་། བོང་ཀོག མཁར་སྔོན་པོ། མཁར་སྟོད། ཆུ་འཁོར་རོང་། གསེར་ཁང་སྐོར། གྲམ་ཐང་སྒང་། དོམ་པུ་མདོ། དངུལ་སྒམ་སྡིང་། བ་མིག དགོན་སྣ། བྱང་དཀར་སྒང། ཀ་ཁ་ས། འཕགས་པ་ལྷའི་ལུ་གུ་སག འབྲས་སྤུངས་ཕ་ར་གཉེར་ཚང་གི་སྒོ་པ། ཕག་མོ་གྲྭ་ཚང་གི་སྤྱི་པ་གཞིས་ཀ བྱ་ཚུལ་ཀོག འབྲས་བློ་གླིང་གྲྭ་ཚང་གི་ཐང་དཀར་ཀོག ཤ་ལང་ཀོག ལོ་དགོན་པའི་མཁར་ཆེན། ཚེ་སྨོན་གླིང་བླ་བྲང་གི་བྱང་པོ་གཞིས་ཀ། རྒྱུད་སྟོད་གྲྭ་ཚང་གི་རྒྱུད་ཁང་དང་། བཀྲ་ཤིས་དཔལ་འབྱོར། བཀྲས་ཁང་། ཨོ་ཀོག ཅ་ཟུར་ཀོག མཁར་སྔོན་པོ། མཁར་སྟོད། བར་དགོན་པའི་ཀྲེ་སྨན་ཁུག རུ་བ་ཀོག ཀྲེ་སྨན་ཀོག ཡེར་པ་གྲྭ་ཚང་གི་གྲོང་མཁར་སྒང་དང་། འབྲོག་སྡེ། ཡེར་པ་མདའ་གཞིས་ཀ།  སེར་བྱེས་གཉེར་ཚང་གི་བཀྲ་ཤིས་དཔལ་འབྱོར་དང་། འབྲོག་སྡེ། བཀྲས་ཁང་། ཨོ་ཀོག ཅ་ཟུར་ཀོག

དགའ་ལྡན་བླ་སྤྱིའི་སྤྱི་ཟུར་དང་། ཤར་འབྲོག་རུ། བྲག་རའི་འབྲོག་རུ། དཔལ་ནག སྤང་སྡིང་སྒང་། ན་སྟོད། དཔལ་གླིང་། ང་བུ་ཁོག་ཚང་། མཐོ་མཐོ་སྒང་། ནང་ཆེན་ཨེ་མག ཤར་ལ་བསམ་གྲུབ་ཆུ་འཁོར། ཕོ་རོང་སྒང་། ཆུ་འཁོར་སྒང་། བྱང་པ། བར་ཆོད་སྤེལ། ཤེ་མ་ནུབ། ཁ་རབས་ཆུ་འཁོར་ཁ་རབས་གོང་། བདེ་ཆེན་བྲག་མགོ། བདེ་ཆེན། གེ་རེ་མདའ། གེ་རུ་ཕུ། ལྡན་བྱ་ཚང་། སྙེ་གཞི། སྤང་འོག ཁ་ཚང་། ཤིང་ཚང་གཞིས་ཀ ལྕང་ར་ཁང་གསར། ཆུ་འཁོར་རྒྱུད། སྤང་། རྩིག་གྲོང་གསར། ཤིང་སྦུག ལ་སྒང་འོག རྒྱ་རི་ཁང་གསར། བླ་མ་ཀོག གཡུང་དྲུང་ཀོག བྱང་ཀྱང་འོག ལྕང་འོག སྒེར་ཁག གླིང་ལྔ། མཉེས་ཐང་ར་སྟོད་གཞིས་ཀྱི་མཉེས་རོང་། བཞི་སྡེ་གྲྭ་ཚང་གི་ནོར་རྒྱས་གླིང་། ཀུན་བདེ་གླིང་བླ་བྲང་གི་གེ་རེ་མདའ་དང་། ལྷ་ས་ཕུ། གཡས་པ། བྲག་དགོན་ཆུ་བོ་ཁ། ཕུ་རུ་ནང་། ལྡན་ཕུ། བཀྲ་ཤིས་ལྗོངས། བྲག་དཀར་ཞོལ། རྒྱ་ས་སྒང་། སྲོང་མཁར། དགའ་ལྡན་ཧར་གདོང་ཁང་ཚན་གྱི་རྒྱ་ས་སྒང་། སྲོང་མཁར། ཆོས་བྱང་གི་གཉེན་དཀར། ཁྲི་བྱང་བླ་བྲང་གི་ཤིང་སྦུག་དང་། ཆང་ཚུལ། ལ་མོ་རྩེ། དགའ་ལྡན་ཁྲི་ཐོག་ཁང་གི་སྦྲག་ཁང་དང་། བྲག་དགོན་ཆུ་བོ་ཁ། བྱང་བལྟ། ཆུ་བོ་ཁ། གཙང་རྟོགས། གཞོགས་ནུབ། ཆ་ཕུ། དེ་མོའི་ལོ། སྲས་ནང་གི་བསམ་གྲུབ་གླིང་། རྩེ་ཡིག་ཚང་གི་ཆོས་ལུང་གཞིས་ཀ།བཙུན་མོ་ཚལ་དགོན་གྱི་གྲོང་སྟོད་གྲོང་སྨད། ལོ་མོ་གཞུང་རྐྱང་གི་བཙུན་མོ་ཚལ། བྱན། ཤར་མ། ལ་མོ་གྲོང་ཚོ། གཡུལ་ཁང་འཁོར། ལ་མོ་ཆུ་འཁོར། ཚེར་གསེབ། བྱན་ཕུ། སྣང་རྩེ། དགའ་ལྡན་ཤར་བྱང་གྲྭ་ཚང་གི་ལ་མོ་ཕུག ར་ཤ་ཁུག དགེ་འདུན་སྒང་། ཚས་ཡོད། བྲག་གསེབ་བླ་བྲང་གི་བྱེ་ཁ། བྱ་ཁ་ལྷོ་མ། དགའ་ལྡན་གསེར་ཀོང་ཁང་ཚན་གྱི་བྱམས་ཚོ་གྲོང་གསར། བྲག་གསེབ་བླ་བྲང་གི་ལྕང་ར་ས་མ་བྲོག དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཁང་གསར་སྟག་དར་རྒྱས་དང་། དར་རྒྱས། བོན་པོ་དགོན་གསར། དགའ་ལྡན་ཧར་གདོང་ཁང་ཚན་གྱི་སེ་མག་དང་། གྲོང་གཉིས་སྒོ། གྲུ་བཞི། ལྷ་ས་ཕུ། གཡས་པ་སོགས་ཡིན་འདུག་གོ།[3]

 

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་སོགས།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག།

        སྟག་རྩེ། བདེ་ཆེན། བསམ་གྲུབ་གླིང་། ཤིང་ཚང་། པད་ནག། བྲག་དཀར་ཞོལ། གཙང་རྟོགས། ལ་མོ། གྲུ་བཞི། དར་རྒྱས། སེར་ཁང་། ཐང་དཀར། བྱང་བུ། ཆུ་མདའ། ལོ་ཕུ། ཞོག་ཕུ། ཞོག་མདའ། ནང་པ་ཤར། འབྲོམ་ཐོད། གེ་རེ། ཡེར་པ། གླིང་ལྔ། དགའ་ལྡན་དགོན་པ། ལོ་ཕུ་ཆུ་མཛོད།[4]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

        དགོད་དཀར་ལ་དང་། བཅུ་གཅིག་ཞལ་རི་ཟུར། མཆོད་སྡོང་བཙུགས་རི་སོགས་དང་། ཆུ་མིག་དང་མཚོ་ནི་དགའ་ལྡན་མདུན་རིའི་ཤར་ངོས་ལྷས་ནང་ཟེར་བར་ཆུ་མིག་བརྒྱ་དང་བརྒྱད་དང་། ཞོགས་ཕུའི་ཇོ་མོ་མཚོ་ཁ། ཆོས་ལུང་ཕུར་མཚོ་ཁ་རལ། གྲུ་བཞིའི་ཕུར་ཆོས་རྒྱལ་བླ་མཚོ་དང། སྒྲོལ་མའི་བླ་མཚོ། རྣམ་སྲས་བླ་མཚོ། ལ་མོ་ཕུར་ཚངས་པའི་བླ་མཚོ་ཞེས་པ་ཞིག་ཀྱང་ཡོད་འདུག[5] དེ་དག་ལ་དགོད་དཀར་ལ་ནི་སྟག་རྩེ་ཁུལ་དུ་ཅུང་གྲགས་ཆེ་བའི་རི་ཞིག་ཡིན་ཞིང་། ལྷ་ས་ནས་བསམ་ཡས་སོགས་སུ་འགྲོ་སའི་འགྲིམ་འགྲུལ་གྱི་ལ་ཁ་གཙོ་བོ་དགོད་དཀར་ལ་ཞེས་པ་དེ་ཡིན། སྔོན་བོད་གཞུང་གི་དཔོན་དམག་ལྷོ་དྭགས་སོགས་ལ་ཕྱོགས་བསྐྱོད་སྐབས་དགོད་ལ་བརྒྱུད་ཚེ་ལམ་ཡིག་ནང་དམིགས་བསལ་དགོད་མཁར་ལ་བརྒྱུད་ཅེས་འཁོད་མེད་རྟ་ཁལ་གཏོང་སྲོལ་མི་འདུག མིང་གི་བྲིས་རྒྱུན་ལ་དགོད་དཀར་ལ་དང་རྒོད་མཁར་ལ་ཞེས་འདུག[6] མཆོད་སྡོང་བཙུགས་རི་ནི་དུས་རབས་བདུན་པའི་ནང་རྒྱ་བཟའ་ཀོང་ཅོས་སྤོར་ཐང་བཀྲམ་སྟེ་རྩིས་པར་ལྷ་སའི་ས་བཀྲ་གསལ་བར་བཏོན་པའི་ནང་ཁྱད་དུ་འཕགས་པའི་རི་བཞི་ཞེས་པའི་ཡ་གྱལ་ཤར་གྱི་མཆོད་སྡོང་བཙུགས་པ་འདྲ་བའི་རི་ཞེས་དང་།[7]

 

བཞི་པ། ཞིང་འབྲོག་ཐོན་ཁུངས།

སྟག་རྩེ་རྫོང་ནི་ས་རྒྱུ་གཤིན་ལ་རྩྭ་ཆུ་ཐོན་ཁུངས་ཕུན་སུམ་ཚོགས་པས་ཞིང་ལས་ཐོན་སྐྱེད་གཙོ་བོ་བྱེད་པའི་བྱེད་ཡུལ་འཚམ་པོ་ཞིག་ཡིན་ལ། དེ་མིན་འབྲོག་ནགས་གཉིས་ཀའི་ཐོན་ཁུངས་ཀྱང་ཡོད། རྨོ་ཞིང་མུའུ་ཁྲི་ ༦.༨ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༡༧ ཡོད་པའི་ནང་ལོ་ཏོག་གཙོ་བོ་དགུན་གྲོ་དང་། དཔྱིད་གྲོ ནས། པད་ཁ། སྲན་མ། རྒྱ་སྲན། ལ་ཕུག ཞོག་ཁོག་སོགས་ཡོད། གསོ་ཚགས་གཙོ་བོ་ནོར་དང་། མཛོ། བ་ཕྱུགས ལུག ར། ཕག་པ་སོགས་བྱེད། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་ཡོད།

བཟོ་ལས་ཐད་མི་རིགས་ཀྱི་ལག་ཤེས་བཟོ་ལས་གཙོ་བོ་ཡིན་ཞིང་། སྣམ་བུ་དང་མི་རིགས་ཀྱི་ཆས་གོས། མི་རིགས་ཀྱི་བཟོ་ལས་སྒྱུ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་ལ་རྫ་བཟོ་སོགས་ཡོད། ས་གནས་དམིགས་བསལ་ཐོན་རྫས་གཙོ་བོ་བོད་ཀྱི་ཆ་སྒམ་དང་། སྒྲོག་ཙེ། རྫ་མ། སྣམ་བུ་སོགས་ཡོད།[8] ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་ཆད་ཡང་ཡོད།

 

ས་བཅད་ལྔ་པ། ཐུན་མིན་ཐོན་ལས།

        གྲུ་བཞི་གྲོང་ཚོའི་བོད་ལབ་ལ་མི་ཚོས་སྔོན་དུས་རྗེ་ཙོང་ཁ་པས་ས་ཆ་དེ་གར་འབམ་བཅོས་འཕྲོད་བསྟེན་མཛད་དེ་བཞུགས་པའི་ལོ་རྒྱུས་ཤོད་རྒྱུན་ཡོད་པར་བརྟེན། ལྷོ་ཁ་དང་། གཙང་སོགས་ནས་འབམ་ནད་བཅོས་སྒྱུར་དགོས་པའི་ལ་ཕུག་ཉོ་མཁན་མང་པོ་ཡོང་གི་ཡོད་སྐད་དང་། བྲག་ཡེར་པའི་འཇོལ་མོ་ནི་སྐད་ཤིན་ཏུ་སྙན་འཇེབས་ལྡན་པར་བརྟེན། ལྷ་སའི་བྱིའུ་འཚོང་མཁན་ཚོས་དེ་སྔོན་ཡེར་པ་ནས་འཇོལ་མོ་མང་པོ་བཟུང་སྟེ་ལྷ་སར་འཚོང་སྐབས་ཡེར་པའི་འཇོལ་མོ་ཞེས་དགའ་པོ་བྱེད་ཀྱི་ཡོད་འདུག[9] དེ་བཞིན་རྫོང་ཁུལ་དེ་ནས་དམིགས་བསལ་ཐོན་རྫས་གཙོ་བོ། བོད་ཀྱི་ཆ་སྒམ་དང་། སྒྲོག་ཙེ། རྫ་མ། སྣམ་བུ་སོགས་ཡོད།

 

ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

ཁུལ་དེར་སྲོག་ཆགས་ཀྱི་རིགས་ལ་བྱ་དང་། རི་དྭགས། གཅན་གཟན་གྲས། བྱ་ངང་དང་། ལྷ་བྱ་གོང་མོ། འཇོལ་མོ། བྱ་སྲེག་པ་སོགས་དང་། གླ་བ་དང་། རྣ་གཡག ཤ་བ། འཕྱི་བ། རི་བོང་སོགས་རི་དྭགས། གཟིག་དང་། གསའ་གཟིག གཡི། སྤྱང་ཀི། ཝ་མོ། གྲུམ་པ་སོགས་གཅན་གཟན་གྱི་རིགས་ཡོད།[10] སྐྱེ་དངོས་ཀྱི་རིགས་ལ་སྨན་རྩྭ། ཨ་སྦ་ཁ་དང་། སོ་ལོ་དཀར་པོ་དང་དམར་པོ། རེ་ཀོང་རྩི་དམར། གཡའ་ཀྱི་མ། གངས་དཀར་ཆུང་ཆུང་། སྤང་སྤོས། སྤང་རྩི་དོ་བོ། གསུམ་ཏིག གཟེར་འཇོམ། ཧོང་ལེན། བྲག་སྐྱ་ཧའོ། བྲག་སྤོས། འཚེར་སྔོན། གོང་ལྡོག་པ། ཤང་དྲིལ་སེར་པོ། རྩྭ་ཨ་བ། ཆུ་རྩྭ་སོགས་སྣེ་རིགས་སུམ་བརྒྱ་ལྷག་ཙམ་ཐོན་གྱི་ཡོད་པ་དང་། དེ་མིན་བྲག་ཡེར་པ་ཆུ་ཕག་གི་བྲག་རྒྱལ་སྒོའི་ཁུལ་དུ་སྨན་ཤུག་པ་འཚེར་ཅན། སྔོན་མོ་ཆབ་འདྲེན། སྐྱེར་པ་ཆུ་ཐུབ་སོགས་སྔོ་སྨན་གྱི་རིགས།

སྐྱེ་ཤིང་རིགས་ལ་སེ་བ་དང་། ཚར་པ། གླང་མ། སྤ་མ། གླ་འཚེར། སྐྱེར་པ་སོགས་འདེབས་འཛུགས་མ་བྱས་པའི་ཤིང་དང་། སྦྱར་པ་དང་། ལྕང་མ། ཡོམ་སྦོགས་སོགས་བཙུགས་ཤིང་། ཁམ་བུ་དང་། ཀུ་ཤུ་སོགས་འབྲས་ལྡན་ཤིང་སྣ་ཚོགས་ཡོད། གཏེར་ཁའི་རིགས་ལ་སྟག་རྩེ་བདེ་ཆེན་དང་། འབྲོམ་ཐོད། ཡེར་པ་སོགས་ནང་ཨར་ཀ་དང་། ས་དམར། ས་དཀར། རྫ་ས། ས་ངང་པ་སེར་ལྡན་བཅས་དང་། གཙང་རྟོགས་ཁོངས་ནས་བརྡར་རྡོ། (དགའ་ལྡན་ཆབ་བརྡར་) བཙུན་མོ་ཚལ་ནས་འཇིམ་བཟོར་མཁོ་བའི་ས་དམར། ཞོགས་ནས་གཡམ་པ་དང་ཁ་རབས་ཤན་ཁ་ནས་རྡོ་གཡམ་བཅས་ཐོན་པ་དང་། གནའ་མི་རྒན་པ་འགས་བཤད་པར་གཞིགས་ན་མཐའ་རྒྱས་ཀྱི་ཁོངས་ནས་སྔོན་མ་ལྕགས་རྡོ་དང་། བསམ་གྲུབ་གླིང་གི་ཁོངས་ནས་ཞྭ་ཉེ་ཐོན་མྱོང་ཡོད་སྐད་དང་། དེ་མིན་ས་གཤིས་བརྟག་དཔྱད་ཚོས་ས་ཞིབ་བྱས་པའི་འབྲས་བུར་པད་ནག་ཁུལ་ནས་བྱེ་གསེར་ཀྱང་ཐོན་ཞེས་གསལ།[11]

 

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
ཞོགས་དགོན། དུས་རབས་བཅུ་གསུམ། སྒ་ལོ་ཙཱ་བ་རྣམ་རྒྱལ་རྡོ་རྗེ། དགེ་ལུགས།
བསམ་གཏན་གླིང་དགོན། དུས་རབས་བཅོ་བརྒྱད། རྡོ་རིང་གི་བཙུན་མ་གཉིས། དགེ་ལུགས།
བྲག་དཀར་དགོན། དུས་རབས་བཅུ་དྲུག། མཁས་གྲུབ་བསྟན་དར། དགེ་ལུགས།
ཉི་ལྡིང་དགོན། དུས་རབས་བཅོ་ལྔ། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན། དགེ་ལུགས།
ལོ་དགོན། ༡༠༩༥ དགེ་བཤེས་སྤྱན་སྔ་བ། དགེ་ལུགས།
ཕྱུང་ཚང་དགོན། དུས་རབས་བཅོ་བརྒྱད།   དགེ་ལུགས།
ཕག་མོ་དགོན། དུས་རབས་བཅོ་ལྔ། སེམས་དཔའ་ཆེན་པོ་བློ་གྲོས་རྒྱལ་མཚན། དགེ་ལུགས།
འོད་གསལ་དགོན། དུས་རབས་བཅུ་གཅིག དགེ་བཤེས་སྤྱན་སྔ་བ། དགེ་ལུགས།
བཙུན་མོ་ཚལ། ༡༤༢༠ འདུལ་འཛིན་གྲགས་པ་རྒྱལ་མཚན། དགེ་ལུགས།
༡༠ གླང་ར་དགོན་གསར། དུས་རབས་བཅོ་ལྔ། དཀའ་བཞི་ཀུན་དགའ་བློ་གྲོས། དགེ་ལུགས།
༡༡ ཡེར་པ་གྲྭ་ཚང་། ༡༦༤༧ རྒྱལ་མཆོག་ལྔ་པ་ཆེན་པོ། དགེ་ལུགས།
༡༢ འབྲོམ་ཐོད་གཉན་མགོན་ཕུག ༡༡༠༠ གཉན་ལོ་ཙཱ་བ། ས་སྐྱ།
༡༣ བདེ་ཆེན་གསང་སྔགས་མཁར། ༡༤༡༩ རྗེ་ཙོང་ཁ་པ། དགེ་ལུགས།
༡༤ བཀྲ་ཤིས་ལྗོངས་དགོན། ༡༦༠༠ པཎ་ཆེན་བློ་བཟང་ཆོས་རྒྱན། དགེ་ལུགས།
༡༥ ཟབ་ལུང་དགོན། དུས་རབས་བཅུ་གཉིས། ཞང་འགྲོ་བའི་མགོན་པོ། དགེ་ལུགས།
༡༦ དགའ་ལྡན་དགོན། ༡༤༡༩ རྗེ་ཙོང་ཁ་པ། དགེ་ལུགས།
༡༧ ཆ་ཕུ་བྲག་སོག་དགོན། ༩༠༠ ཀླུ་མེས་ཀྱི་སློབ་མ་ཤཱཀྱ་དབང་ཕྱུག དགེ་ལུགས།
༡༨ ཚེར་གསེབ་དགོན། ༩༠༠ ཀླུ་མེས། དགེ་ལུགས།
༡༩ ལ་མོ་ལྕོག་དགོན། ༩༠༠ ཀླུ་མེ་ཚུལ་ཁྲིམས་ཤེས་རབ། དགེ་ལུགས།
༢༠ སྨན་ཆུ་དགོན། དུས་རབས་བཅུ་གཅིག། རྔོག་ལེགས་པའི་ཤེས་རབས། དགེ་ལུགས།
༢༡ བར་བར་དགོན། ༡༡༥༧ ཁྲོམ་གཞེར་པ་འོད་ཟེར་སེང་གེ། དགེ་ལུགས།
༢༢ དགོན་པ་གསར་པ།   རྣམ་གྲྭ་བཀྲས་ཁང་སྡེ་པ། དགེ་ལུགས།
༢༣ བྲག་ཡེར་པ། དུས་རབས་བདུན་པ། སྟོད་ལུང་མོང་བཟའ་ཁྲི་ལྕམ། དགེ་ལུགས།
༢༤ གནས་དགོན།      
༢༥ དགོན་པ་རི་ཁྲོད། དུས་རབས་བཅོ་ལྔ། བཀའ་བཞི་ཀུན་དགའ་མགོན་པོ། དགེ་ལུགས།
༢༦ སྣེ་ཟུར་རི་ཁྲོད། དུས་རབས་བཅུ་གཉིས། དགེ་བཤེས་སྣེ་ཟུར་བ། དགེ་ལུགས།
༢༧ ལྷོ་བྲག་འབུམ་པ།      
༢༨ གེ་རི་ལྷ་ཁང་།   སྲོང་བཙན་སྒམ་པོ།  
༢༩ མཚོ་ཁ་རལ།      

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
ལྷ་ལུང་དཔལ་གྱི་རྡོ་རྗེ། འབྲོམ་ཐོད་གུང་མོ་ཆེ།    
ཕྱྭ་པ་ཆོས་ཀྱི་སེང་གེ། སྟག་རྩེ་རྫོངས་ཕྱྭ། ༡༡༠༩-༡༡༦༩ གསང་ཕུའི་མཁན་ཐོག་དྲུག་པ་དང་།གདན་སའི་སློབ་གཉེར་ལམ་ལུགས་གསར་གཏོད་མཛད་མཁན་གྱི་བླ་ན་མེད་པའི་མཁས་དབང་ཞིག་ལགས།
སྤྱན་སྔ་བློ་གྲོས་རྒྱལ་མཚན། དབུས་སྟོད་ལྷས་ནང་གྲྭ་རྣམ་ཁང་། ༡༤༠༢-  
ཁྲི་ཆེན་རྒྱལ་མཚན་བཟང་པོ། སྐྱ་གྲོང་། ༡༤༧༣-༡༥༤༣ དགའ་ལྡན་ཁྲི་ཐོག་བཅོ་བརྒྱད་པ།
ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས། ཀླུང་ཤོད་དབུ་སྣ། ༡༤༩༢-  
ཁྲི་ཆེན་བྱམས་པ་རྒྱ་མཚོ། ཞོགས་ཀྱི་གྲམ་ཕུ། ༡༥༡༦-  
ཁྲི་ཆེན་གྲགས་པ་རྒྱ་མཚོ། གྱེ་རི་སྟོད། ༡༥༥༥-  
ཟུར་ཆོས་དབྱིངས་རང་གྲོལ། འབྲོམ་ཐོད་ལག་ཚང་། ༡༦༠༤-  
སྡེ་སྲིད་ལྷ་རྒྱལ་རབ་བརྟན།      
༡༠ ཁྲི་ཆེན་བསམ་གཏན་ཕུན་ཚོགས། དབུས་སྟོད་ཕག་མོ། ༡༧༠༣-༡༦༦༩ ༸གོང་ས་ལྔ་པ་ཆེན་པོའི་དབུ་བླ་དང་རྙིང་མའི་བླ་མ་གྲགས་ཅན་ཞིག་ཡིན།
༡༡ ཞོགས་དོན་ཡོད་མཁས་གྲུབ། ཆུ་སྐོར། ༡༦༧༡-  
༡༢ འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། དབུས་སྟོད་ལ་མོ། ༡༧༤༣-༡༨༡༡  
༡༣ འཇོག་རི་དབང་དབང་བསྟན་འཛིན་འཕྲིན་ལས། བྱེ་རི་སྟག་རྩེ། ༡༧༤༨-  
༡༤ བསྟན་འཛིན་ཆོས་འཕེལ།   དུས་རབས་ཉི་ཤུ།  
༡༥ མགྲོན་གཉེར་ཆེ་མོ་བསྟན་པ་དར་རྒྱས།      
༡༦ ལྷ་བཙུན་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་དགེ་ལེགས་རབ་རྒྱས། ཐང་དཀར་གྲོང་ཚོ། ༡༨༨༣-༡༩༦༧ ལ་མོ་ཚངས་པའི་སྐུ་རྟེན།
༡༧ ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གླ་བ་ལམ། དུས་རབས་བཅུ་པའི་འགོ་སྟོད། དབུས་གཙང་མི་བཅུའི་ཡ་གྱལ་ཞིག
༡༨ གུང་ཐང་ངག་དབང་བསྟན་པའི་རྒྱལ་མཚན། དགའ་ལྡན་དགོན་གྱི་ཤར་ལྷོའི་ཕྱོགས་ཆ། ༡༧༢༧-༡༧༥༩ རྒྱ་ནག་གོང་མ་ཆན་ལུང་གི་དབུ་བླ་གནང་།
༡༩ ཡིག་གཟུགས་མཁས་ཅན་ཀོག་པོ་བ། ཀོག་པོ། དུས་རབས་ཉི་ཤུ། ༸རྒྱལ་མཆོག་བཅུ་གསུམ་པའི་མགྲོན་གཉེར་གནང་མྱོང་ཡོད།

ལེ་ཚན་གསུམ་པ། གནའ་ཤུལ།

མཁར།བང་སོ། དུར།གནས། ས་གནས། མཆན།
མཁར། སྟག་རྩེ་རྫོང་གི་མཁར་ཤུལ། སྟག་རྩེ་གྲོང། ཕག་གྲུའི་སྐབས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ཡ་གྱལ་བྱེ་རི་སྟག་རྩེ་རྫོང་ཡིན།
ལ་ཁ། དགོད་དཀར་ལ། དགོད་དཀར། སྔར་ལྷ་ས་ནས་བསམ་ཡས་སུ་འགྲོ་བའི་འགྲིམ་འགྲུལ་གྱི་ལ་ཁ་གཙོ་བོ་ཞིག་ཡིན།
དོང་ལམ། ཕག་མོ་དགོན་པའི་དོང་ལམ། ཕག་མོ་ཞོལ་གྲོང། ཤོད་རྒྱུན་དུ་ཕག་མོ་དགོན་གྱི་རི་ལྡེབས་སུ་དོང་ལམ་ཞིག་ཡོད་སྐད་ལྟར། ཕྱིས་ཆུ་ཡུར་བཟོ་སྐབས་རྙེད་སོན་བྱུང་ཡང་དོ་སྣང་བྱེད་མཁན་མ་བྱུང་སྟེ་བསུབ་སྐད།
གནས། ལྷོ་བྲག་བུམ་པ། ར་ཤ་ཁུག་གྲོང། རྗེ་ཙོང་ཁ་པའི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གདུང་རྟེན་ཡིན་པར་གྲགས།
གནས། བཙུན་མོ་ཚལ།   བཙན་པོ་སྲོང་བཙན་སྒམ་པོ་དང་བཙུན་མོོ་རྣམས་རྒྱུན་དུ་བཞུགས་ས་དང་། སློབ་དཔོན་ཐོན་མིས་བཙན་པོར་ཡིག་ཕུད་ཕུལ་སའི་གནས་ཡིན།
གནས་རི། ཤར་གྱི་མཆོད་སྡོང་བཙུགས་པ་འདྲ་བའི་རི། བདེ་ཆེན་གྲོང། བཙན་པོ་སྲོང་བཙན་གྱི་བཙུན་མོ་རྒྱ་བཟའ་ཀོང་ཅོས་སྤོར་ཐང་བཀྲམ་སྟེ་རྩིས་པར་ལྷ་སའི་ཁྱད་དུ་འཕགས་པའི་རི་བཞིའི་ཡ་གྱལ་ཤར་དུ་བན་ཁོས་གུང་བུ་རི་མཆོད་རྟེན་ཞེས་པ་དེ་ཡིན།
གནས། འབྲོམ་ཐོད་མཆོད་རྟེན། འབྲོམ་ཐོད་གྲོང། གནའ་བའི་མཆོད་རྟེན་དེར་གཟུགས་བཞུགས་སུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་དབུ་ཐོད་བཞུགས་ཡོད།
གནས། མགོན་པོ་སྤུན་གསུམ། འབྲོམ་ཐོད་གྲོང། མགོན་པོ་སྤུན་གསུམ་གྱི་ཡ་གྱལ་གཉན་ལོ་ཙཱ་བས་བཞེངས་པའི་མགོན་པོ་བྲམ་གཟུགས་ཀྱི་གནས་ཡིན།
གནས། བཅུ་གཅིག་ཞལ་རི་ཟུར། འབྲོམ་ཐོད་གྲོང། རྗེ་ཙོང་ཁ་པ་ཆེན་པོས་སྲོང་བཙན་གྱི་དངུལ་དམ་རྟ་མགོ་ཅན་གཏེར་ནས་བཞེས་ཤུལ།
གནས། སྤོ་སྤོ་ཚང་། གཙང་རྟོགས་གྲོང། ཁྱིམ་དུད་དེས་རྗེ་ཙོང་ཁ་པ་ཆེན་པོས་གསོལ་ཞིབ་འཐག་པའི་རང་འཐག་གཅིག་ཡོད་པ་བདག་འཛིན་བྱེད།
གནས། ལྷད་ནང་གི་ཆུ་མིག་བརྒྱ་དང་བརྒྱད། ལྷས་ནང། རྗེ་ཙོང་ཁ་པའི་ཕྱག་ཕྲེང་འཐོར་བ་ལས་སྐྱེས་པའི་ཆུ་མིག་ཡིན་ཟེར་སྐད།
གནས། ཇོ་མོ་མཚོ་ཁ། ཞོགས་ཕུར། རྭ་སྒྲེང་བླ་བྲང་གི་བླ་མཚོ་ཡིན།
གནས། མཚོ་ཁ་རལ། ཆོས་ལུང་ཕུར། མགོན་པོ་ཕྱག་བཞི་པའི་བླ་མཚོ་ཡིན།
གནས། ཆོས་རྒྱལ་བླ་མཚོ། གྲུ་བཞི་གྲོང། བླ་མཚོ་དེ་གསུམ་ནི་གྲུ་བཞིའི་ཕུར་ཡོད་ཅིང་། དེ་སྔ་བོད་གཞུང་དང་། དགའ་ལྡན་དགོན་གྱི་བླ་སྤྲུལ། ཀུན་གླིང་བླ་བྲང། ཉེར་འཁོར་གཞིས་བཅས་ནས་མཚོ་རྫས་འདེབས་སྲོལ་ཡོད།
གནས། སྒྲོལ་མའི་བླ་མཚོ། གྲུ་བཞི་གྲོང།
གནས། རྣམ་སྲས་བླ་མཚོ། གྲུ་བཞི་གྲོང།
གནས། ཚངས་པའི་བླ་མཚོ། ལ་མོ་ཕུར། མཚོ་ཚུང་དེར་དེ་ཁུལ་ནས་ལྷ་བུམ་ཀླུ་བུམ་སྦ་སྲོལ་ཡོད།

ས་བཅད་བརྒྱད་པ། དམངས་སྲོལ།

བདེན་ཆེན་གསང་སྔགས་མཁར་པའི་བྲོ།

         འབྲོམ་ཐོད་དང་། བདེ་ཆེན་གཉིས་སུ་བྲོ་ཞིག་འཁྲབ་སྲོལ་ཡོད་པ་ནི་བདེ་ཆེན་གསང་སྔགས་མཁར་པའི་བྲོ་ཞེས་པ་དེ་ཡིན། དེ་ནི་སྤྱིར་བཏང་མིན་པའི་འཁྲབ་བྲོ་འཁྲུག་པོ་ཞིག་དང་མང་ཚོགས་ཀྱི་ཁྲོད་དུ་བག་ཆགས་ཆེ་ཙམ་ཡོད་པའི་སྒྱུ་རྩལ་རྙིང་ཁུངས་ཤིག་ཡིན་འདུག འཁྲབ་བྲོ་དེའི་རྩ་བའི་འབྱུང་ཁུངས་ནི་ལོ་རྒྱུས་ཐོག་ཨ་ཁུ་སྟོན་པས་བདེ་ཆེན་གསང་སྔགས་མཁར་དགོན་པ་ནས་གྲོ་བུན་བླངས་པའི་སྐྱིན་ཚབ་ཐད་གྲོ་ལ་བྲོ་ཕུལ་ཞེས་པ་ནས་དར་སྲོལ་བྱུང་སྐད། ལོ་རེའི་ཟླ་བ་ ༦ ནང་གི་བདེ་ཆེན་དཀར་མོའི་དུས་ཆེན་སྐབས་གསང་སྔགས་དགོན་གྱི་མགོན་པོའི་ལྷ་ཁང་མདོར་བདེ་ཆེན་བྲོ་པ་རྣམས་ཀྱིས་བྲོ་འཁྲབ་དགོས་པའི་སར་མི་སུས་ཀྱང་བལྟ་མི་ཆོག་པའི་དམ་བསྒྲགས་ཆེ་བའི་ལམ་སྲོལ་དེ་ལ་བྲོ་བཀའ་རྒྱ་མ་ཞེས་བརྗོད་སྲོལ་ཡོད། བྲོ་གཞས་ཀྱི་ཚིག་ཏུ། སྟེང་ཕྱོགས་ལྷ་ནས་ཕེབས་པའི་ལྷ་ཡི་དབང་པོ་བརྒྱ་སྦྱིན། དེ་རིང་ཨ་ཁུའི་བྲོ་ལ་གཟིགས་མོ་གཟིགས་པར་ཕེབས་ཤོག ཅེས་དང་། སྟེང་ལྷ། བར་བཙན། འོག་ཀླུ་དང་བཅས་པ་བྲོ་ཡི་གཟིགས་མོར་བསུ་བ་ཞུ་བའི་གཞས་ཚིག་དང་། སྒྱུ་རྩལ་གྱི་གོ་རིམ་འདྲ་མིན་རྣམ་པ་བཅུ་གྲངས་བརྒལ་བ་འཁྲབ་སྲོལ་གཏན་འབེབས་ཤིག་ཡོད་འདུག

བྲོ་འཁྲབ་མི་སྣའི་ཆས་གོས་ཐད་རས་ནག་པོར་ལྟེབ་སུལ་ཡོད་པའི་སྨད་གཡོག་དང་། སྟོད་གོས་རས་གཞི་དཀར་པོའི་སྟེང་གོང་པ་དང་། ཕུ་ཐུང་གི་རྩེར་རས་ཚོས་ཚོགས་ཀྱི་འཇག་སྒྲིག་གི་བརྒྱན་པ། ལྷམ་ནི་རྒྱུ་ཆ་ཀོ་བ་ལས་གྲུབ་པའི་སྣ་སྐྱེལ་བོལ་ལྗང་ཁྲ་བཏང་བ། དཔུང་ཁེབས་རྒོད་གཤོག་ཞེས་པ་དར་ཚོན་སྣ་ལྔས་བརྒྱན་པ། སྐེད་གྲི་རྩེ་སག་དང་ལྕགས་ཀྱི་སྙུག་ཤུབས་སྐེད་པ་དང་རྐང་པར་གཡེར་ཁ་འདོགས་པ། རྒྱ་གྲི་ཕོར་ཤུབས། མདུན་ཁེབས་རས་དམར་ལྷེ་པ། མགོ་ལ་རས་རྒྱུ་ཚོས་ཚོགས་ཀྱིས་ཕྱི་འཐུམ་བརྒྱབ་པའི་སྦ་རིལ་གྱོན་པ། སྐེད་པར་རྔ་ཆུང་འདོགས་པ་དང་ལག་ཏུ་རྔ་ཡོག་གཉིས་རེ་འཛིན་པ། བྲོ་པ་མཉམ་དུ། ཨ་ར་བ། ཞེས་མི་གཉིས་ཡདོ་པ་དེས་བྲོ་འཁྲབ་རྔ་ཆུང་ཚིག་དང་བསྟུན་ཏེ་རྐང་སྟབས་ལག་སྟབས་ཕྲན་བུ་ཙམ་ལས་བྲོ་འཁྲབ་ལྟར་འཁྲུག་པོ་མེད་ཅིང་། ཆས་གོས་ཀྱི་བཟོ་ཏ་ནི་རས་རྒྱུ་དཀར་པོའི་སྟོད་སྨད་དོར་རྐྱང་སྟེང་མི་མགོ་ཐོད་སྐམ་རིས་ཀྱི་སྦ་ལེ་གསུམ་རེ་དང་། གདོང་འབག་ར་སྤུའི་རྒྱ་སྦྱར། སྟོད་དུ་རས་དམར་གྱི་ག་ཤ། སྐེད་པ་མན་ལ་ཐིག་ཧྲིལ་གྱི་དྲ་བ་ཡོད། ལག་གཡས་སུ་དར་ཚོན་སྣ་ལྔའི་མདའ་དར། ལག་གཡོན་དུ་ཨོད་མ་འཛིན་པ་བཅས་ཡིན།[12]

 

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང། ཕྱི་ལོ་ ༡༩༨༩། ཤོག ༡༤༠།

[2] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་མི་གསལ། ཤོག ༤༦།

[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་མི་གསལ།  ཤོག ༢༥ ནས་ ༤༤།

[4](1)武振华.西藏地名.中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༣།

[5] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་མི་གསལ།  ཤོག ༦༦།

[6] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༦༣།

[7] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། སྟག་རྩེ་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཤོག ༦༤།

[8]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 25.

[9] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་མི་གསལ། ཤོག ༨༧།

[10] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་དང་པོ། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་མི་གསལ། ཤོག ༨༦།

[11](1)武振华.西藏地名.中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༣།

[12] དེ་སྔ་བྲོ་དཔོན་བྱེད་མྱོང་མཁན་བགྲེས་སོང་ཚེ་ནོར་ལགས་ཀྱིས་གསུངས།

བརྒྱུད་སྐུལ།

མཆན་སྤེལ།