མངའ་རིས་སྐོར་གསུམ་བོད་ཁམས་ཡིན་པ་མ་བརྗེད།

མངའ་རིས་སྐོར་གསུམ་བོད་ཁམས་ཡིན་པ་མ་བརྗེད།

མངའ་རིས་སྐོར་གསུམ་བོད་ཁམས་ཡིན་པ་མ་བརྗེད།

ར་སེ་དཀོན་རྒྱམ།

 

ཁོ་བོས་འདི་ལྟར་བརྗོད་དོན་ནི། དུས་ཚོད་ག་དུས་ཙམ་ལ་འགོ་ཚུགས་ཡིན་ཁ་གསལ་མི་ཤེས་མོད། ས་ཕྱོགས་གང་སར་བཞུགས་པའི་བོད་མི་རྣམས་ཀྱི་ཡིག་ངག་གཉིས་ཀར། བོད་ཆོལ་ཁ་གསུམ་དང་། ཆོལ་ཁ་གསུམ་གྱི་ཁ་བ་རི་པའི་སྤུན་ཟླ། བོད་རིགས་ཆོལ་ཁ་གསུམ། ཆོལ་ཁ་གསུམ་གྱི་བོད་རིགས་སོགས་སྨྲ་རྒྱུར་གོམས་ཤིང་།

ངག་ལ་ངན་ལོབ་དང་མ་དག་རྒྱུན་འབྱམས་ཆེན་པོར་སོང་བ་དང་། རང་གིས་རང་ཉིད་དུམ་བུ་བཅད་བཏུབ་བྱས་དང་བྱེད་པ་ཚོར་གྱི་མེད་པས། དེ་དག་ནི་བྱབ་ཆུང་དང་། མེས་པོའི་རྐང་འདྲེན་ཀླད་སྟོང་ཤ་དག་རེད་ཅེས་ལབ་ན་ཐལ་སྐྱོན་གཏན་ནས་མེད་དོ། །བོད་ཆོལ་ཁ་གསུམ་ནི་ས་སྐྱ་འགྲོ་མགོན་ཆོས་འཕགས་མཆོག་ལ་ཧོར་གྱི་རྒྱལ་པོ་ཀུབ་ལའི་ཁང་སེ་ཆེན་གྱིས་དབང་ཡོན་འབུལ་བའི་སྐབས་ཀྱི་རྣམ་གཞག་ཡིན་པ་ལས། བོད་སྤྱིའི་ས་ཁོངས་ཀྱི་རྣམ་གཞག་རྩ་བ་ནས་མ་རེད། ཆོལ་ཁ་གསུམ་བཤད་དུས། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་ཞེས་བཀོད་ཡོད་པས། དེར་གཟིགས་ན་བོད་ཀྱི་ནུབ་ཁུལ་མངའ་རིས་སྐོར་རྣམས་ཚུད་མེད། ལ་ལས་མངའ་རིས་ཆོལ་ཁ་གཅིག་ཟེར་བ་ཡང་ཕྱིས་ཀྱི་གཏམ་ཡིན་ལ། དབུས་གཙང་ཆོལ་ཁའི་ས་མཚམས་གང་ཡིན་པ་དེ་ཡང་གུང་ཐང་ལ་རྩེ་མན་ནས་སོག་ལ་སྐྱ་བོའི་བར་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཞེས་ཁ་གསལ་བཀོད་ཡོད་པས། ལ་ལས་གུང་ཐང་མན་ཟེར་བའང་བཅོས་མ་ཡིན་པར་སྣང་། དེའི་ཁོངས་སུ་མངའ་རིས་སྐོར་གསུམ་ཆེ་འབྲིང་ཆུང་གསུམ་ཡོངས་རྫོགས་ཚུད་མེད་པ་ནི། ཆུང་བ་དང་འབྲེལ་བ་ནི་ད་ལྟའི་ས་བཀྲ་ལྟར་ན། ལྷོར་མང་ཡུལ་སྐྱིད་གྲོང་རྫོང་། བར་ན་ས་དགའ་རྫོང་། བྱང་ན་མཚོ་ཆེན་རྫོང་གསུམ་ཚུད་པའི་འབྲོང་པ་རྫོང་། དགེ་རྩེ་རྫོང་། དགེ་རྒྱས་རྫོང་། པུ་ཧྲེང་རྫོང་། རྩ་མདའ་རྫོང་། སྒར་རྫོང་། རུ་ཐོག་རྫོང་སྟེ། ད་ཆའི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་ཁུལ་དེ་དག་ཚང་མ་ཚུད་ཐུབ་མེད་པ་ཤེས་དགོས་འདུག་གོ །
དེ་ཙམ་མ་ཟད་བོད་བཙན་པོའི་དུས་རབས་དང་། སྟོད་ཀྱི་མགོན་གསུམ་དུས་ཀྱི་མངའ་རིས་ཆེན་པོ་གཏན་ནས་ཚུད་མེད་དེ། ཤིན་ཅང་ཁོངས་ཀྱི་ལི། ད་ལྟའི་སྤ་ཁེ་སི་ཋན་རྒྱལ་ཁོངས་ཀྱི་སྦལ་ཏི་དང་བྲུ་ཤའི་ཁུལ། རྒྱ་གར་རྒྱལ་ཁོངས་ཀྱི་སེང་གེ་ཁ་བབ་འབབ་ཡུལ་མར་ཡུལ་ལ་དྭགས། ཟངས་དཀར། སྤི་ཏི། སྤི་ཅོག གླང་ཆེན་ཁ་བབ་འབབ་ཡུལ། གར་ཤ་དང་ཁུ་ནུ་སོགས། བལ་པོའི་རྒྱལ་ཁོངས་སུ་གཏོགས་པ་རྨ་བྱ་ཁ་བབ་འབབ་ཡུལ། གླེ་མི། འོམ་ལོ། འཛུམ་ལང་། དེ་བཞིན་དོལ་པོ། གློ་བོ། སེ་རིབ། ཙུམ་སོགས་བོད་ཡུལ་ཡང་དག་རྣམས་གཏན་ནས་ཚུད་མེད་ལ། ཡིད་སྐྱོ་འོས་པ་གཅིག་ནི་ཕྱིར་སྡོད་བོད་མི་ཆེ་ཕྲ་ཁ་ཅིག་གིས་དེ་དག་ལ་ཧི་མ་ལ་ཡའི་མི་རིགས་ཞེས་མིང་གསར་པ་ཞིག་བཏགས་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་རྣམས་ནི་བོད་དང་ཆོས་རིག་གཅིག་པ་ཡིན་ཞེས་པ་སྟེ། བོད་བརྒྱུད་ནང་ཆོས་ལ་དད་པའི་ཆ་ནས་གཅིག་པ་ཙམ་ལས། དེ་དག་བོད་རིགས་མིན་ཚུལ་འགྲེལ་བཤད་བྱས་དང་བྱེད་བཞིན་པའི་སྣང་ཚུལ་འདི་དག་རེད།
དེ་བཞིན་མདོ་དབུས་ཁམས་གསུམ་ཟེར་བའི་རྣམ་གཞག་འདི་ཡང་སྔ་མ་དང་གཅིག་མཚུངས་མ་དག་རྒྱུན་འབྱམས་སོང་བའི་སྐད་ལོག་ཅིག་རེད། འདིར་ཡང་མངའ་རིས་སྐོར་རྣམས་བོད་ལས་ཕྱིར་འབུད་བཏང་ཡོད་ལ། དབུས་དེ་ཉིད་ཆེ་ཙམ་བཤད་ན་གཙང་ཁུལ་རྣམས་དེར་གཏོགས་པ་ཙམ་ཡིན། མདོ་སྨད་པ་ལ་ལས། མངའ་རིས་སྐོར་རྣམས་དབུས་གཙང་ཁོངས་སུ་གཏོགས་ཞེས་འདྲ་ཆགས་པོ་བཤད་ཀྱི་ཡོད་མོད། རྒྱུ་མཚན་ཁ་གསལ་གང་ཡང་བསྟན་རྒྱུ་མེད་པའི་ལབ་འཆལ་ཙམ་རེད། དེས་ན་གཏམ་འཆལ་དེ་རིགས་མ་ཟློས། མ་བྲི། མ་གྱེར། མ་གླེང་ན་ཧ་ཅང་དགེ་བར་འགྱུར་བ་མཁྱེན་དགོས།

དེ་བཞིན་བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པ་ནི་བཙན་བརྗིད་ཆེ་བའི་ཡིག་ཚངས་ཁ་གསལ་ཁུངས་དག་ཅིག་ཡིན་པར་གྲགས་ཤིང་གྲུབ་མོད་ཀྱང་། འདིར་ཡང་མངའ་རིས་སྐོར་གྱི་རྣམ་གཞག་ལ་སྔ་མ་འགའ་ལྟར་དོན་དངོས་དང་མི་མཐུན་པ་རང་འཇགས་བཞག་ཡོད་ཅིང་། ཁ་འབབ་བཞི་ཡི་ཐད་ལ་ཡང། ཤར་ཕྱོགས་གླང་ཆེན་ཁ་ནས་གངྒཱ་འབབ། ལྷོ་ཕྱོགས་རྨ་བྱའི་ཁ་ནས་སིན་དྷུ་འབབ། ནུབ་ཕྱོགས་རྟ་ཡི་ཁ་ནས་པཀྵུ་འབབ། འདི་ལ་ཡར་ཀླུང་གཙང་པོ་འང་ཟེར། བྱང་ཕྱོགས་སེངྒེའི་ཁ་ནས་སི་ཏ་འབབ། ཅེས་བཀོད་འདུག་མོད། ས་ཁམས་ལ་གཞིགས་ན། ཤར་ནུབ་གཉིས་ཡོངས་སུ་འཛོལ་ཡོད་དེ། རྟ་མཆོག་ཁ་བབ་ནི་ཤར་ངོས་བྱེ་མ་གཡུང་དྲུང་ནས་འབབ་ཅིང་འབྲོང་པ་དང་ས་དགའ་བརྒྱུད་གཙང་ནས་དབུས་བརྒྱུད་ཀོང་པོ་འབབས། གླང་ཆེན་ཁ་བབ་ནི་གསེར་རི་རྩེ་བརྒྱའི་ནུབ་ནས་ཁ་ནུབ་གཏད་ཀྱིས་པྲེ་ཏ་པུ་རི་དང་ཁྱུང་ལུང་དངུལ་མཁར་བརྒྱུད། གུ་གེའི་ཡུལ་དབུས་རྩ་མདའ་རྫོང་ནས་རིམ་པས་རྒྱ་གར་ས་ཁོངས་སུ་འབབ་བཞིན་པས་མཚོན་ཡོད་དོ། །
རང་རེ་ནི་སྐབས་རེ་སྟོང་གསུམ་བྱེ་བ་ཕྲག་བརྒྱ་དང་རིགས་དྲུག་སོགས་གཙོ་བོར་གཟིགས་དགོས་སྟབས། རང་རིགས་ཀྱི་རྣམ་གཞག་ཆུང་ངུ་དག་ཐུགས་ལས་བརྗེད་འགྲོ། སྐབས་རེ་ནི་མི་བུ་ཁྲག་ཆགས་རང་འབྲེལ་གྱི་ལོ་རྒྱུས་དང་ས་ཁམས་ཙམ་ཡང་མི་མཁྱེན་པར་ལོང་བཤད་མ་དག་རྒྱུན་འབྱམས་སུ་གྱུར་པའི་བོད་ཁམས་ཆོལ་གསུམ་ཁོ་ནའི་ལབ་བརྡོལ་ཡིག་ངག་དབྱངས་གསུམ་དུ་གྱེར། འདིའི་སྐོར་ཐེངས་འགའ་ཡར་ཞུ་མྱོང་མོད། ཞུ་མཁན་ཆུང་དྲགས་པས་གསན་འཇོག་མ་གནང་ཡང་། ལོ་རྒྱུས་སྨྲ་བ། རྩོམ་པ་པོ། ལམ་སྟོན་པ། སློབ་སྟོན་པ། སྒྲོག་འགྲེལ་བ། དྲིལ་བསྒྲག་པ། གླུ་པ་གླུ་མ་སོགས་ཆེ་སར་བསྙེག་མཁན་དག་གིས་རིགས་འདིའི་ལོ་རྒྱུས་ཧྲིལ་པོ་འགན་མི་འཁུར་དུ་ཆུགས་ཀྱང་ཨུ་ཙུགས་མེད་དེ། རང་གིས་རང་གི་མིང་གྲགས་སོགས་ལ་འགན་འཁུར་ནས་མྱེས་པོའི་རྐང་འདྲེན། རིགས་ཀྱི་བླ་ཚོང་། ལོ་རྒྱུས་འཁྱོག་བཤད། རང་དམའ་རང་འབེབ་འདི་རིགས་མ་གནང་བར་ཞུ། དེ་དག་གིས་མ་བརྟག་པར་ལབ་བརྡོལ་འུར་དྲགས་པས། བླུན་པོ་གྲགས་པའི་རྗེས་སུ་འབྲང་ཞེས་པ་ལྟར་གཞན་དག་ཕལ་པོ་ཆེའམ་དམངས་ཀྱང་དེ་རྗེས་འུར་སེ་འགྲོ་བ་འདི་ཡིན་འདུག དེར་བརྟེན་འདིའི་ཐད་ལ་དེ་སྔ་ཡང་ཡང་ཞུས་པ་ཡིན་ལ། ད་ལྟ་བསྐྱར་དུ་གསལ་འདེབས་ཞུ་བ་ཡང་། གཞན་གྱིས་བཅད་བཏུབ། ལོགས་དགར་བྱས་པ་ལ་བཟོད་ཐུབ་པར་མ་ཟད། རང་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པར་བཅད་བཏུབ་ལོགས་བཀར་ལ་དགའ་བའི་རང་གཤིས་གདུག་པ་ཅན་འདི་རིགས་ལ་དཔྱོད་ཤེས་ཡོད་པ་ཚང་མས་དོགས་ཟོན་མཛད་ན་ཅི་མ་རུང་སྙམ་པའི་ན་ཟུག་གི་དབང་གིས་ཡིན་ལ། འདི་ལྟར་འགྲེལ་བརྗོད་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའང་ཡིན་ནོ། །༢༠༢༢/༡༡/༦

 

བརྒྱུད་སྐུལ།

མཆན་སྤེལ།