ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ་གྱི་ས་ཞིང་བདག་ཐོབ།
གཞུང་སྒེར་ཆོས་གསུམ་ས་ཞིང་བདག་ཐོབ་ཐད། ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་《ལྕགས་སྟག་ཞིབ་གཞུང་》ནང་གསལ་ལྟར་ན། མཆོད་གཞིས་འདོན་ཉིས་བརྒྱ་བཅུ་གཉིས་དང་བཞི་ཆ་གཅིག སྒེར་འདོན་བརྒྱ་དང་ལྔ་བཅུ་ཐམ་པ་དང་གསུམ་ཆ་གཅིག གཞུང་རྒྱུགས་རྐང་ལྔ་བཅུ་ང་བདུན་དང་བཞི་ཆ་གཅིག འབྲོག་རྐང་བཞི་བཅུ་ཕྱེད་ཐམ་པ་དང་དྲུག་ཆ་གཅིགབཅས་ཡོད།[1]
སྔོན་མལ་གྲོ་གུང་དཀར་རྫོང་ཡོངས་ལ་གཞིས་ཀ་ཆེ་ཆུང་ ༥༣ ཡོད་ལ། དེ་དག་ལས་རྒྱ་མ་ཁང་སྐྱིད་གཞིས་ཀ་དང་རྣམ་རྒྱལ་གླིང་གཞིས་ཀ།འབྲོང་ལོ་གཞིས་ཀ།བཀའ་དྲུང་གཞིས་ཀ། སྤྱང་གྲོང་གཞིས་ཀ། བློན་པོ་གཞིས་ཀ་བཅས་གཞིས་ཀ་བདུན་གཞུང་གཞིས་ཡིན་པ་མ་གཏོགས་གཞན་ཐམས་ཅད་ཆོས་གཞིས་དང་སྒེར་གཞིས་ཡིན་པར་བཤད།[2] 《གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་》ལས། མལ་གྲོ་གུང་དཀར་རྫོང་ཁོངས་སུ་སྒེར་པ་ཧོར་ཁང་པ་དང་། མཁར་གདོང་། ལྷ་ལུང་། ཟུར་ལྕི། ལྷ་སྡིངས། རྡོ་གྲོང། བདེ་ཟུར།[3] བཅས་དྲུག་ཡོད་ཅིང་། དེ་དག་ལས་གཞི་རྒྱ་ཆེ་ཤོས་ནི་སྒེར་ཧོར་ཁང་དང་དེ་འོག་ལྷ་སྡིངས་པ་ཡིན་ཞེས་གསལ།
རྫོང་འོག་སྡེ་པ་རྣམས་གཞུང་སྒེར་ཆོས་གསུམ་གང་དུ་ཆོད་མིན་ཐད། དང་པོ་ཆོས་གཞིས་ཁོངས་ཆོད་པའི་གྲོང་སྡེ་འབྲི་གུང་བླ་བྲང་གི་ལ་སྡིང་སྒང་དང་། ཆོས་ལུང་། རོང་མདོ། སྤང་མདའ། སྤང་མདའ་ཤོད། དགའ་གྲོང་། ཏེ་གད། སྨན་རྩེ་དགོན། བཀྲ་ཤིས་སྒང་། ཆོས་སྡིང་། རྔོ་རྒྱུ། སྤང་མདའ། རི་སྐྱིད་སྒང་། རྨི་རིབ་ནང་། གྱང་འབྲེལ། གཞུ་སྨད། ཕྱ་མ་ཁ། འུ་རུ། འཇོལ་སྒང་། འདམ་བུ་ནང་། སྦྲུལ་མདའ། ཕོད་མདོ་སྒང་། དགོན་ཆུང་སྡིང་། བྱ་བྲག ཡ་རི་སྒང་། ཚ་ཁུག ཀོ་གཉེར། ཨེ་མ་རི། བ་ར་སྒང་། གཡུ་གོང་། མཚོ་སྨད། བ་ར་སྒང་། གཡུ་གོང་། མཚོ་སྨད། དབྱངས་ངོས་ཐང་། ལྷ་ཀླུ་ཀོག སླབ་རོང་། གླ་པགས། རྩ་ཞོལ། ཉེར། མཐའ་རྒྱས། ཀོ་མཁན། ཁྲལ་མཁའ། བདེ་ཁང་། གཏིང་མོ། ཐང་སྒང་། གནས་ཆུང་། རབ་བུམ། རོ་བཟང་། མི་ལོག ལའི་ནང་། གཏམ། དེས་གཞུང་། འོ་མོ། རའི་ནང་། སྟག་ཕུ། གཡུའི་དགོན། ཆུ་འཁོར། ཡི་ཁྱིམ། ཁྲ་སྤལ། ཁྲང་ཁ། འདྲིས། བློ་གྲོང་། སྤྱི་མདའ། ལྕང་སྒང་། སྤྱི་ཕུ། གན་ཅི། ཆའུ། ཕྱི་ནང་། ཟུར་སྒང་། ཁྲི་སྟག ཡིད་ཆས། ཀོང་མོ། མདུང་གད། ཀྲན་ཆེན། འགོ་གྲོང་། བྲག་དཀར་མདོ། བ་ང། གྲོང་གཉིས། འཇོ། ང་རུ། གླིང་ཚང་བླ་བྲང་གི་རྣམ་རྒྱལ་གླིང་། བ་ཚག བ་ལོག འཇད་སྒང་། ཤ་རི་སྦུག གྲོང་ལྷོ། རགས་ནང་། ཁྲག་ནང་། སྐྱིད་ནང་། སྙུང་ནང་། ཀྲིབ་ནང་། སྒང་ནང་། ངར་སྣང་། རྒྱལ་སྡིངས། སེར་བྱེས་ཀྱི་ཞྭ་པ་དང་། གྱང་གོང་། རྒྱུད་སྟོད་ཀྱི་བཀྲ་ཤིས་ལྗོངས་དང་། དགེ་རྒན། བྲག་རྡོག ར་ཁྱམ། ཆུམས་པ་ནང་། བཀྲ་ཤིས་སྒང་། བྱ་འཕུལ་སྒང་། ཀུན་བདེ་གླིང་བླ་བྲང་གི་གྱང་གསར་དང་། སྟག་ཕུ་ཕུ། འབྲོག་པ་རུ་ཁག་བརྒྱད། ལ་མོའི་རིན་ཆེན་སྒང་དང་། མགྱོགས་འགྲོ། སྣང་མདའ། ཤུག་གསེང་། སེར་སྨད་ཀྱི་གྲོང་སྨད། དགའ་ལྡན་ཤར་རྩེའི་བཀྲ་ཤིས་རྣམ་རྒྱལ། རྩེ་རྣམ་རྒྱལ་གྲྭ་ཚང་གི་ཐང་སྐྱང་། མོ་གྲོང་། ར་སྒྲེང་བླ་བྲང་གི་ཉི་ཐང་དང་། ཀམ་ཀམ། ཁྲི་བྱང་བླ་བྲང་གི་མཁའ་མོའི་སྒང་དང་། ལྷ་ཁང་། དྭགས་པ་བླ་བྲང་གི་འོན་བཟང་དང་། སྨན་རྩེ་སྒང་། དྭགས་པ། དགའ་ལྡན་བླ་སྤྱིས་བ་རྫིང་དང་། བྱ་ར་མདོ། ཤེའི་གྲོང་། བ་ལོག རྣམ་རྒྱལ་ཁང་གསར། ཤོ་གོང་། བ་ང། ཆ་དཀར། འབྲས་སྤུངས་བོད་པ་གཞུང་གི་ཉི་མ་སྦུག་དང་། མོ་ཀྲའི་སྒང་། འཆད་ཁ། ར་ལུང་། འོན་ཆོས་སྡིངས་བླ་བྲང་གི་ཆོས་སྐོང་དང་། ཆོས་སྐོང་། གནས་ནང་སྒང་། རྒྱུད་སྨད་ཀྱི་ཆུ་ཁས་དང་། དཔོན་པོ་རྒོད་སྣ།
གཉིས་པ་གཞུང་རྒྱུག་ཁོངས་ཆོད་པའི་གྲོང་སྡེ་ཐང་སྟོད་སྒང་། རིན་ཆེན་སྒང་། མདོང་སྒང་། བྲག་ནག གཡའུ་སྒང་། ཁང་གསར་ཀོག སྡོང་པོ་སྒང་། གནམ་གང་སྒང་། རྣམ་རྒྱལ་གླིང་། རྫམ་ཆུང་། རྫོང་ལོག འབྲོག་རུ་གཅིག མདོ་མཁའ། བརྒྱ་ཚོ་སྟོད། བརྒྱ་ཚོ་སྨད། རིན་ཆེན་གླིང་། ལོག་མ། ཁང་བྱིལ། འབྲོག་པ་རུ་ཁག གུང་དཀར། གྱང་གྲོང་། བ་རབ། རྒྱལ་གྲོང་སྒང་། ཀྲིབ་སོའོ་ནང་། སྦྱར་པའི་སྒང་། དགའ་ཁང་། རྒྱལ་བཟང་། བསམ་གླིང་སྒང་། ཀ་ཚལ། ཆོས་འཁོར་སྒང་བཅས་དང་། གསུམ་པ་སྒེར་པའི་ཁོངས་སྒེར་བཤད་སྒྲའི་སླབ་སྟོན་དང་། སྐྱིད་རྒུ། སྒྲུབ་ཤེལ། ཧམ་མདོ། སྒེར་ཧོར་ཁང་པའི་ཐུག་ཅག་དང་། ཚལ་མོ་ཁ། ཙི་ཙི་རོང་། ཡ་སྟག་སྒང་པ། ས་ཚིགས་ཀོག སྦྱིན་ཆེན། ཕན་སག དགའ་གྲོང་། ན་གད། འབི་ལའི་སྒང་། འབི་ལའི་ནང་། མདུང་རྒྱབ་མ། ལྷ་མོ་ཁང་གསར། སྤང་སྣེ། གྲུང་ངག བོང་ཁའི་སྒང་། གནས་ནང་ཀོག ན་རུ་བརྒྱུད། སྟག་མཇུག མདའ་ཤར། སྒང་སྟོད། སྒང་སྨད། ཤིང་ཚང་། སྒེར་མཁར་གདོང་གི་མཁར་གདོང་། སྒེར་ཟུར་སྤྱིའི་ལྷ་ལུང་། སྒེར་ལྷ་སྡིང་པའི་གྲོ་ཁང་གསེབ་དང་། རྒྱ་ར། བར་ཤོག་གཞུང་། གཡོན་ལུང་ནང་། རྟ་སྣའི་སྒང་། གཞིས་ཀ་ཤོད། སྟེབས་ར། སྒེར་དོམ་པོའི་མགོའི་སྒོ་བཅས་སོ། གོང་གསལ་གྲོང་ཚོ་ཁག་གི་ནང་གཞུང་རྒྱུག་གྲོང་ཚོ་སུམ་ཅུ་སོ་གསུམ་དང་། སྒེར་ཁོངས་གྲོང་ཚོ་ལྔ་ཅུ་ང་གཅིག ཆོས་གཞིས་གྲོང་ཚོ་བརྒྱ་དང་ལྔ་བཅུ་ང་གསུམ་བཅས་འདུག ཆོས་གཞིས་ཀྱི་ནང་ནས་རྒྱ་ཁྱོན་ཆེ་ཤོས་འབྲི་གུང་བླ་བྲང་གི་ཁོངས་ཡིན་པ་དང་། སྒེར་གཞིས་ཀྱི་ནང་ནས་ཆེ་ཤོས་སྒེར་ཧོར་ཁང་ཡིན་འདུག་པ་བཅས་སོ།[4]
ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།
མལ་གྲོ་གུང་དཀར། རྒྱ་མ། ཁྲི་གང་། ཀ་ཚལ། དྭགས་པ། རྒྱལ་བཟང་། བ་ལོག བཀྲ་ཤིས་སྒང་། རུ་ཐོག། རྣམ་རྒྱལ་གླིང་། བྱ་ར་མདོ། སྐྱིད་རྒུ། གཟི་སྦུག མདོ་ཁ། རིན་ཆེན་གླིང་། ཐང་སྐྱ། སྡོང་པོ་སྒང་། མོ་གྲོང་། ལྷ་གདོང་། གྲོག་ཕུ། གྲོང་གཉིས། འབྲི་གུང། ཉི་མ་ལྕང་རྭ། སྤང་མདའ། སྤངས་མདའ། རྫོང་ཞོལ། མར་རྭ། སྦྲུལ་མདའ། ཕྱེ་མ་ཁ། རྩ་ཞོལ། ཕྱི་ནང་། ཀློང་གྲོལ། མི་ལོག གད་ལ་ཧོར། མཐའ་གད། རྨམ་པ། རི་མདོ་སྒང་། གཏེར་སྒྲོམ། པ་ར་རྒལ། ཡངས་རི་སྒང་། འོད་ཟེར་གྱང་། གུང་དཀར། མལ་གྲོ་གཟི་སྦྱིན། འབྲི་གུང་དགོན་པ། སྤུང་དཀར།[5]
ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།
ཀོང་པོ་བར་ལ་རི། མེ་ལེའི་རི། སྤུང་དཀར་ལ། རྨམ་གཤོང་ལ་སོགས་དང་། མཚོ་རག་མོ། མལ་གྲོ་མ་ཆུ་དང་། ཞོལ་རོང་གཙང་པོ་སོགས་ཡོད། དེ་དག་ལས་སྤུང་དཀར་ལ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་ཚིག་དོན་སྤུང་གསོག་དཀར་པོའི་ལ་ཞེས་དང་། རི་འདབས་སུ་ཞིང་ཁ་དང་རང་བྱུང་འབྲོག་ས་ཡོད། རྨམ་གཤོང་ལ་ནི་རྫོང་ཆགས་ཡུལ་གྱི་ཤར་ཕྱོགས་སུ་གནས་ཤིང་ཁྲོན་བོད་གཞུང་ལམ་བརྒྱུད་ཀྱི་ཡོད། གཞོགས་གཉིས་ལ་རང་བྱུང་འབྲོག་ས་མཆིས།[6] མཚོ་རག་མོ་ནི་ཤོད་རྒྱུན་ལྟར་ན་མཚོ་དེ་སྤྱན་རས་གཟིགས་ཀྱི་བླ་མཚོ་ཡིན་སྐད་དང་། བ་ལོག་ཁོངས་སྲིབ་སོའི་ཕུར་ཨོ་དཀར་མཚོ་ཞེས་གུ་རུ་རིན་པོ་ཆེས་སྲིན་མོ་བཏུལ་བའི་གནས་ཅེས་གྲགས་པ་ཆེ། མལ་གྲོ་མ་ཆུ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་ལ་གནས་ཤིང་། མལ་གྲོ་མལ་ཆུ་ཞེས་པ་ནི་ཀླུ་མལ་གྲོ་གཟིལ་བྱིན་གྱི་ཆུ་གཙོ་བོ་ལ་ཟེར། འབྱུང་ཁུངས་རྒོད་འཁར་ལ་རི་རྒྱུད་ཀྱི་བྱང་འདབས་ནས་ཡིན་ཞིང་། ནུབ་ཏུ་རྒྱུག་སྟེ་མལ་གྲོ་གུང་དཀར་ནང་སླེབ་རྗེས་ལྷ་ས་སྐྱིད་ཆུར་འདྲེ། རྒྱུག་ཁུལ་ནང་རང་བྱུང་འབྲོག་ས་བཟང་པོ་ཡོད།[7]
ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།
མལ་གྲོ་གུང་དཀར་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་ཞིང་། རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ ༨.༦༣ དང་རྩྭ་ཐང་རྒྱ་ཁྱོན་མུའུ་ཁྲི་ ༤༩༠ ཡོད་པའི་ནང་། ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ། དཔྱིད་གྲོ། སྲན་མ། ལ་ཕུག ཉུང་མ། ཞོག་ཁོག་དང་། གསོ་ཚགས་ནོར་དང་། ལུག ར། རྟ། བ། གླང་། བོང་བུ། དྲེལ། ཕག་པ་སོགས་བྱེད་ཀྱི་ཡོད། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་ཡོད། ནགས་སའི་རྒྱ་ཁྱོན་མུའུ་ཁྲི་ ༤༢ དང་། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་ཆད་ཡང་ཡོད།
ས་བཅད་ལྔ་པ། ཐུན་མིན་ཐོན་ལས།
ལེ་ཚན་དང་པོ། དྭགས་པ་གྲོང་ཚོའི་རྫ་བཟོ།
རྫ་བཟོ་དང་གསེར་དངུལ་བརྐོས་དཀྲོལ། སྣམ་བུ་དང་པང་གདན་འཐག་པ་སོགས་མི་རིགས་ལག་ཤེས་ཐོན་རྫས་ཡོད། ལག་ཤེས་ཐད་སྟག་ཕུ་དང་། དྭགས་པ། བ་རབ་བཅས་ལ་དམིགས་བསལ་རྫ་བཟོའི་ལོ་རྒྱུས་ཡུན་རིང་ཡོད་ཅིང་། དེ་གའི་རྫ་ཆས་བཟོ་བཀོད་ལེགས་ལ་སྤུས་ཀ་དག་པས་ལྷ་སའི་ཁྲོམ་རར་འགྲོ་རྒྱུག་ཆེ་བའི་ཐོག ཁོང་ཚོར་ཁྱིམ་སྤྱོད་སྣོད་ཆས་ཙམ་མ་ཡིན་པར་རི་དྭགས་འཁོར་ལོ་དང་། གཉྫིར། སྤོས་འཛིན་སོགས་ཀྱི་བཟོ་རྩལ་ཡང་ཕུན་སུམ་ཚོགས་པ་ཡོད། རྩ་ཞོལ་སོགས་ས་ཆ་ཁ་ཤས་ལ་གླང་མའི་ཡལ་ཀར་སླེལ་པོ་དཀར་ནག་དང་། འབྲུ་སྣོད་ཀྲོམ། སྒམ་སོགས་བཟོ་ལྷས་ཀྱི་ལག་རྩལ་ཡང་ལེགས་པོ་ཡོད།[8] དྭགས་པ་གཞིས་ཀ་ནི་མལ་གྲོ་གུང་དཀར་རྫོང་གི་རྫ་བཟོ་ཡི་ལྟེ་གནས་ཤིག་ཡིན་པ་མ་ཟད། དབུས་ས་ཁུལ་དུ་སྐད་གྲགས་ཡོད་པའི་རྫ་བཟོ་གྲོང་སྡེ་ཞིག་རེད། སྔ་དུས་དྭགས་པ་གྲོང་སྡེའི་ཁྱིམ་ཚང་ཕལ་མོ་ཆེ་རྫ་བཟོ་དང་ཞིང་ལས་མཉམ་འབྲེལ་གྱི་དུད་ཚང་ཡིན།
དྭགས་པའི་རྫ་བཟོ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། རྫ་བཟོ་དུད་ཚང་གིས་མངའ་བདག་དྭགས་པ་བླ་བྲང་ལ་རྫ་ཆས་རིགས་མི་འདྲ་པ་ ༡༨ ཁྲལ་དུ་འཇལ་དགོས་པ་དང༌། དྭགས་པ་བླ་བྲང་དང་སྟོད་གཞིས་ཀ་གཉིས་ཀྱིས་ལོ་གཅིག་བར་མཚམས་བཞག་ཏེ་རེས་མོས་ཀྱིས་བོད་གཞུང་ལ་མེ་ཏོག་དུང་བན་ ༡༠༠༠ ཐམ་པ་ཁྲལ་འཇལ་དགོས། འདི་གཉིས་ནི་རྫ་བཟོ་པ་རྣམས་ཀྱི་ཁྲལ་ཡིན། རྫ་ཆས་ཀྱི་རྒྱུ་ཆ་ནི་ས་དམར་དང་ས་དཀར་ཡིན་ཞིང༌། ས་དམར་དྭགས་པ་རིའི་ཞོལ་གྱི་ལུང་ཤུར་ནང་དབོར་འདྲེན་བྱེད་དུ་འགྲོ་དགོས། རྒྱུ་ཆ་ས་དཀར་ནི་ཕར་རྭ་གཞིས་ཀ་རུ་ཡོད། ས་དཀར་དམར་འདི་གཉིས་དམིགས་བསལ་གྱི་ས་ཡིན་སྟབས། རྫ་ཆས་རིགས་བཟོ་སྐབས་སེར་ཀ་ལས་སླ་བོ་གས་མི་ཐུབ། ཐོན་རྫས་ཀྱི་རིགས་ཁོག་མ་དང་། ཆང་སྣོད། ཆུ་རྫ། མེ་ཕོར། ཁོག་ལྟིར། ཀ་ཏོ་ར། ཕོར་བ། ཆུ་དམ་སོགས་ཡིན། འདི་དག་ལས་ཁ་ཅིག་ལ་ཚོན་མདོག་དམར་ནག་དང༌། ཁ་ཅིག་ལ་ཚོན་མདོག་ལྗང་གུ་བྱུགས་ཡོད་ཀྱང༌། ཚོན་བྲིས་གང་ཡང་མེད་པ་འདྲ།[9] ཡང་མལ་གྲོ་གུང་དཀར་རྫོང་སྟག་ཕུ་གྲོང་ཚོའི་རྫ་མཁན་བསོད་ནམས་གཡུ་རྩི་གཏོང་བའི་ལག་རྩལ་ཕུལ་དུ་བྱུང་བར་རྟེན། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཁོ་པ་ནོར་བུ་གླིང་དུ་བཀའ་བཀུག་གིས་གཡུ་རྩི་སེར་པོའི་རྒྱ་ཕིབས་དང་། བྱ་དང་རི་དྭགས་ལ་སོགས་པའི་གཟུགས་བརྙན་བཟོ་འགོད་བྱེད་དུ་བཅུག་པ་རྣམས་ལག་རྩལ་བྱང་ཆུབ་པ་དང་མཛེས་རྩལ་དོད་པོ་བྱུང་བར་བརྟེན་རྫ་མཁན་དབུ་ཆེན་གྱི་མིང་གནས་བསྩལ་ཡོད།[10]
ལེ་ཚན་གཉིས་པ། འབྲི་གུང་འཚེམ་འདྲུབ་ལག་རྩལ།
འབྲི་གུང་འཚེམ་འདྲུབ་ལག་རྩལ་ནི་ཕྱི་ལོ་ ༡༨༨༠ ལོའི་འབྲི་གུང་གདན་རབས་སུམ་ཅུ་སོ་ལྔ་པའི་དུས་ནས་འགོ་ཚུགས་ཤིང་། དེའི་སྲོལ་གཏོད་མཁན་ནི་འཕྲིན་ལས་རྡོ་རྗེ་མཆོག་ཡིན་པ་དང་། དེ་རྗེས་མི་རབས་ལྔ་ཙམ་གྱི་ཁྱིམ་རྒྱུད་ཀྱིས་རྒྱུད་འཛིན་བྱས་པ་ལ་བརྟེན་ནས་ཐང་གའི་འཚེམ་བཟོའི་ལག་རྩལ་དེ་རིམ་བཞིན་འཐུས་ཚང་དུ་སོང་ཡོད། འབྲི་གུང་གི་ཐང་གའི་འཚེམ་འདྲུབ་ལག་རྩལ་དེ་དམངས་ཁྲོད་དུ་ཐང་ག་བཟོ་བའི་ལག་ཅུང་དམིགས་བསལ་ཆེ་བའི་རིགས་ཤིག་ཡིན་ཞིང་། ཁོང་ཚོས་རྒྱུན་དུ་གོས་ཆེན་རྣམས་སྒྲིག་པ་དང་། སྦྱར་བ། འཚེམ་པ། འཕར་ཆིངས་བརྒྱབ་རྒྱུ་སོགས་ཀྱི་ལས་ལ་དང་དོད་ཆེན་པོ་གནང་གི་ཡོད། ད་དུང་འབྲི་གུང་ནས་བཙག་དམར་ཐོན་ཁུངས་ཡག་པོ་ཡོད་པ་དེ་ནི་བསམ་ཡས་ཕོ་བྲང་གི་བཙག་དམར་འབུལ་ཁུངས་རེད་འདུག
ལེ་ཚན་གསུམ་པ། འབྲི་གུང་སྤོས་བཟོའི་ལག་རྩལ།
འབྲི་གུང་གི་སྤོས་ནི་འབྲི་གུང་བཀའ་བརྒྱུད་ཀྱི་སྲོལ་འབྱེད་པོ་སྐྱོབ་པ་འཇིག་རྟེན་མགོན་པོས་ཡན་ལག་བདུན་པའི་འགྲུབ་མཛད་ཀྱི་གསང་བའི་བཅོས་ཐབས་ཀྱི་རྨང་གཞིའི་ཐོག་བོད་ལུགས་གསོ་རིགས་མཁས་ཅན་ཀྱིས་སྨན་སྦྱོར་ལག་རྩལ་ཟུང་དུ་སྦྲེལ་ཏེ་རྩ་ཆེན་སྐྱེ་དངོས་ཀྱིས་ཉེར་ལེན་རྒྱུ་ཆ་བ་བེད་སྤྱོད་བྱས་པ་དང་། བཟོ་རྩལ་ཞིབ་ཚགས་པ། རྩེར་སོན་གྱི་ལག་རྩལ་ལ་བརྟེན་ན་སབཟོས་པ་ཞིག་ཡིན། འབྲི་གུང་སྤོས་ནི་ཁོར་ཡུག་གང་དུ་བེད་སྤྱད་ཀྱང་ཆོག་སྟེ། སྤོས་དེ་རིགས་ནི་དྲི་ཞིངམ་པོ་ཡོད་པ་མ་ཟད། འཆམ་ནད་ཀྱི་རིགས་ཐ་དག་དང་འགོས་ནད་རང་བཞིན་གྱི་ནད་རིགས་ཁག་ལ་སྔོན་འགོག་བྱེད་པར་དམིགས་བསལ་གྱི་ཕན་འབྲས་བཟང་པོ་ཐོན་གྱི་ཡོད། དེ་མིན་ད་དུང་མལ་གྲོ་རྫོང་ཁུལ་ནས་ནས་ཆང་དང་། གླ་རྩི། དབྱར་རྩྭ་དགུན་འབུ། སྙི་བ། ལྕུམ། གསེར་དངུལ་ཐོན་རྫས་སོགས་འབོར་ཆེན་འཐོན།
ས་བཅད་དྲུག་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
སྲོག་ཆགས་ཐད་འདབ་ཆགས་ཀྱི་རིགས་ཁྲུང་ཁྲུང་སྐེ་ནག་དང་། ངང་པ་དཀར་པོ། སེར་པོ། བྱ་ངང། གོང་མོ། སྲེག་པ། འཇོལ་མོ་སོགས་བྱ་བྱའུ་སྣ་ཚོགས་དང་། རི་དྭགས་ཀྱི་རིགས་ལ་ཤ་བ་དང་། གླ་བ། གནའ་བ། ཤྭ་བ། རི་བོང་། འཕྱི་བ་སོགས་རི་དྭགས་སྣ་ཚོགས། གཅན་གཟན་གྱི་རིགས་ལ་གཟིག་དང་། དྲེད་མོང་། སྤྱང་ཀི། ཝ་མོ། གཡི། བྲག་སྲམ། ཆུ་སྲམ། དོམ་ནག། ཨོ་དཀར་སོགས་གཅན་གཟན་སྣ་ཚོགས་ཡོད། རྩི་ཤིང་གི་རིགས་ལ་ཤུག་པ་དང་། སྤ་མ། ཁྲེས་པ། གླང་མ། གླ་ཚེར། སེ་པ། སྐྱེར་པ། སྐྱ་ཚེར། བ་ལུ། སུ་ལུ། སྤེན་མ་སོགས་རི་ཀླུང་དུ་རྫུས་སྐྱེས་སྐྱེ་ཤིང་དང་། ལྡུམ་བུ། སྦྱར་པ་དང་། ལྕང་མའི་རིགས། ཡོམ་སྦོག་སོགས་འབྲས་བུ་མེད་པའི་བཙུགས་ཤིང་། ཁམ་བུ་དང་། ཀུ་ཤུ། སེའུ་སོགས་འབྲས་ལྡན་བཙུགས་ཤིང་བཅས་ཡོད། སྨན་རྫས། དབྱར་རྩ་དགུན་འབུ་དང་། གཡའ་སྐྱ་རིལ། སྤང་རྒྱན་དཀར་པོ། སྤང་རྒྱན་ཁྲ་བོ། ཨུཏྤལ་སྔོན་པོ། ཏིག་ཏའི་རིགས། སྤང་སྤོས། སོ་ལོ་དམར་པོ་སོགས་སྔོ་སྨན་སྣ་ཚོགས་དང་། གླ་རྩི། ཁྲག་ར། ལྕགས་སྦྲུལ།[11] སོགས་སྨན་རྒྱུ་སྣ་ཚོགས་ཡོད།
གཏེར་རིགས་གཙོ་བོ་གསེར་དང་དངུལ། ཟངས། ཞ་ཉེ། ཏི་ཚ། རྡོ་ཀ་མ་རུ་སོགས་ཡོད།[12] དེ་ཡང་ཐང་སྐྱ་ནས་རྡོ་ཀརྨ་རུ་ཚོས་གཞི་སྣེ་གྲངས་བཅུ་བཞི་ཙམ་དང་། རྒྱ་མ་ནས་གསེར་དང་། ཟངས། རྒྱ་མ་དང་གཟི་སྦུག་ནས་རྡོ་ཞོའི་རྡོ། སྦྲང་མདའ་དང་། སྦྲུམ་མདའ་ནས་རྫ་ཁོར་གཡུ་རྩི་གཏོང་བྱེད་ཀྱི་ཞ་རྡོ། ཐང་སྐྱའི་གྲོག་སྒང་ནས་བཙག་དམར་དང་། ཞ་ཉེ། དེ་བཞིན་རྫོངས་འདི་ཁོངས་ནས་སྨན་རྫས་ལ་ཉེ་བར་མཁོ་བའི་དབྱར་རྩ་དགུན་འབུ་དང་། ཨུཏྤལ་སྔོན་པོ།[13] སོགས་སྨན་རྒྱུ་སྣ་ཚོགས་ཡོད། མལ་གུང་རྒྱུད་དུ་བརྡོལ་བའི་ཆུ་ཚན་ཁག་ནི། གཏེར་སྒྲོམ་ཚ་ཆུ། རུ་ཐོག་ཆུ་ཚན། ཆོས་འཁོར་སྒང་ཆུ་ཚན། འཆི་རྐང་མགོ་ཆུ་ཚན། མལ་གྲོ་གུང་དཀར་རྫོང་ཚ་ཆུ་བཅས་ཆུ་ཚན་མི་འདྲ་བ་དྲུག་ཙམ་ཡོད། གཏེར་སྒྲོམ་ཆུ་ཚན་སོགས་་ཀྱི་ཕན་ནུས་ཐད་བརྟག་དཔྱད་བྱས་པར་གཞིགས་ན། ཕོ་བ་སྨུག་པོ་དང་། ཚད་པ་རྙིང་པ། ཆུ་སེར། གྲང་བ། མཁལ་མ། མེ་དྲོད་ཉམས་པ། གྲུམ་བུ། རྩ་དཀར། པགས་པའི་ནད་རིགས།[14] སོགས་ལ་ཤིན་ཏུ་ཕན་ཐོག་ཆེ་ཞེས་གསལ།
ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
ལེ་ཚན་དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | འབྲི་གུང་མཐིལ་དགོན། | ༡༡༧༩ | སྐྱོབ་པ་འཇིག་རྟེན་མགོན་པོ། | བཀའ་བརྒྱུད། |
| ༢ | ཚ་ཕུག་དགོན། | ༡༡༨༠ | སྐྱོབ་པ་འཇིག་རྟེན་མགོན་པོ། | བཀའ་བརྒྱུད། |
| ༣ | གཏེར་སྒྲོམ་དགོན། | ༡༢༨༡ | བླ་མ་རིན་ཆེན་ཕུན་ཚོགས། | བཀའ་བརྒྱུད། |
| ༤ | ཡངས་རི་སྒར། | ༡༦༨༡ | བླ་མ་འཕྲིན་ལས་བཟང་པོ་དང་དོན་གྲུབ་ཆོས་རྒྱལ། | བཀའ་བརྒྱུད། |
| ༥ | ཆོས་ལུང་བཙུན་དགོན། | ༡༦༨༡ | བླ་མ་གཡུ་ཁ་བ། | བཀའ་བརྒྱུད། |
| ༦ | མང་ར་དགོན། | ༡༡༡༤ | དགེ་བཤེས་བྱ་ཡུལ་བ་གཞོན་ནུ་འོད། | དགེ་ལུགས། |
| ༧ | ལྷུན་གྲུབ་དགོན། | ༡༦༢༠ | རྒྱལ་དབང་དཔག་བསམ་དབང་པོ། | བཀའ་བརྒྱུད། |
| ༨ | ཐར་པ་རི་བཙུན་དགོན། | ༡༥༨༡ | སྒ་ལོ་ཙ་བ། | དགེ་ལུགས། |
| ༩ | རྫོང་རྩེ་དགོན། | ༡༩༡༡ | ཆེ་ཚང་ཐུབ་བསྟན་ཉི་མ། | བཀའ་བརྒྱུད། |
| ༡༠ | ཉི་མ་ལྕང་ར་དགོན། | ༡༩༡༨ | མྱང་རོང་སྤྲུལ་སྐུ་འཇམ་དབྱངས་དབང་རྒྱལ། | བཀའ་བརྒྱུད། |
| ༡༡ | དབུས་སྟོད་བྱམས་པ་གླིང་དགོན། | ༡༥༨༡ | དྲུང་ཚུལ་བཀྲིས་དང་དཔལ་འབྱོར་རྒྱལ་མཚན། | དགེ་ལུགས། |
| ༡༢ | སྤྱིལ་བུ་དགོན། | དུས་རབས་བཅུ་གཉིས། | སེ་སྤྱིལ་བུ་པ་ཆོས་ཀྱི་རྒྱལ་མཚན། | དགེ་ལུགས། |
| ༡༣ | ཁྲ་ཁ་དགོན། | ༩༨༡ | སྣུབ་མཆོད་གནས་གཞོན་ནུ་རྒྱལ་མཚན། | བཀའ་བརྒྱུད། |
| ༡༤ | རྩ་ཞོལ་དགོན། | ༧༠༠ | སད་ན་ལེགས་མཇིང་གཡོན། | བཀའ་བརྒྱུད། |
| ༡༥ | ཐང་སྐྱ་དགོན། | ༩༠༠ | ཀླུ་མེས་ཚུལ་ཁྲིམས་ཤེས་རབ། | དགེ་ལུགས། |
| ༡༦ | ཐང་སྐྱ་ཆུ་མིག་དགོན། | ༡༥༨༡ | དགེ་བཤེས་སྤྱན་སྔ་བ། | དགེ་ལུགས། |
| ༡༧ | ཀམ་ཀམ་དགོན། | དུས་རབས་བཅུ་གཉིས། | མཉམ་མེད་ཁྲོམ་ཞེར་བ། | དགེ་ལུགས། |
| ༡༨ | སྟག་ཕུ་རིན་ཆེན་སྡིང་དགོན། | དུས་རབས་བཅུ་གཅིག | ཨ་ཏ་ཤའི་སློབ་མ་རིན་ཆེན་སྙིང་པོ། | དགེ་ལུགས། |
| ༡༩ | ཕུ་པ་མོ་དགོན། | ༡༩༢༡ | ལ་དྭགས་སྨྱུང་གནས་བླ་མ། | བཀའ་བརྒྱུད། |
| ༢༠ | དགོན་གསར། | ༡༤༨༡ | འབྲི་གུང་རྫ་ས་བླ་མ་དཀོན་མཆོག་ལྷུན་གྲུབ། | དགེ་ལུགས། |
| ༢༡ | ཨ་ཡང་དགོན། | ༡༣༥༠ | གཡག་སྡེ་པཎ་ཆེན། | དགེ་ལུགས། |
| ༢༢ | ཨེ་ཝམ་དགོན། | ༡༣༥༠ | གཡག་སྡེ་པཎ་ཆེན། | དགེ་ལུགས། |
| ༢༣ | གཡང་སྒང་དགོན། | ༡༥༨༡ | ཁར་སྐལ་བཟང་བདེ་ཆེན། | དགེ་ལུགས། |
| ༢༤ | རིན་ཆེན་གླིང་དགོན། | ༡༤༨༡ | བླ་མ་བྱང་སེམས་དགེ་འདུན་རིན་ཆེན། | དགེ་ལུགས། |
| ༢༥ | མཁར་རྒྱ་དགོན། | ༡༣༨༡ | བླ་མ་སངས་རྒྱས་ཚུལ་ཁྲིམས། | དགེ་ལུགས། |
| ༢༦ | སྤང་ས་དགོན། | ༡༣༨༡ | རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། | དགེ་ལུགས། |
| ༢༧ | འཆད་ཁ་དགོན། | དུས་རབས་བཅུ་གཉིས། | དགེ་བཤེས་འཆད་ཁ་བ་ཡེ་ཤེས་རྡོ་རྗེ། | དགེ་ལུགས། |
| ༢༨ | རུ་ཐོག་དགོན། | ༡༣༨༡ | བླ་མ་བདེ་པ་གཞོན་ནུ། | དགེ་ལུགས། |
| ༢༩ | ཟག་དགོན། | ༡༥༨༡ | བཀའ་གདམས་བླ་མ་ཟག་པ་ཆེན་པོ། | དགེ་ལུགས། |
| ༣༠ | དབུ་རུ་ཀ་ཚལ་དགོན། | དུས་རབས་བདུན་པ། | བཙན་པོ་སྲོང་བཙན་སྒམ་པོ། | དགེ་ལུགས། |
| ༣༡ | སྣོ་གྱི་དུམ་བུ་རི་དགོན། | དུས་རབས་བཅུ་གཅིག | དགེ་བཤེས་བྱ་ཡུལ་པའི་དངོས་སློབ་ཟླ་བའི་རྒྱལ་མཚན། | བཀའ་གདམས། |
| ༣༢ | ཆོས་ཁུང་མོ་དགོན། | ༡༣༨༡ | དགེ་ལུགས། | |
| ༣༣ | རྒྱལ་སྟེང་དགོན། | བླ་མ་ཕུར་བུ་དབང་ཕྱུག་རྒྱལ་མཚན། | དགེ་ལུགས། | |
| ༣༤ | འོན་སྣ་དགོན། | དགེ་བཤེས་དགྱེར་སྒོམ་པ། | དགེ་ལུགས། | |
| ༣༥ | གཟི་སྦུག་དོག་མོ་དགོན། | སྐྱེས་བུ་ཡེ་ཤེས་རྡོ་རྗེ། | དགེ་ལུགས། | |
| ༣༦ | རྒྱ་མ་རིན་ཆེན་སྒང་། | འགྲོ་མགོན་སངས་རྒྱས་དབོན། | དགེ་ལུགས། | |
| ༣༧ | འབྲོང་ངུར་གསུམ་མདོ་དགོན། | འགྲོ་མགོན་སངས་རྒྱས་དབོན། | དགེ་ལུགས། | |
| ༣༨ | ཁྲི་སྟག་དགོན། | སྤྱན་སྔ་ཆོས་ཀྱི་རྒྱལ་པོ། | དགེ་ལུགས། | |
| ༣༩ | ར་ཁྱིམ་དགོན། | རྙིང་མ་བ་ཁམས་པ་འཕྲང་ཁ་བ། | དགེ་ལུགས། | |
| ༤༠ | དབྱེ་བོ་དགོན། | འཇམ་དབྱངས་ཤཱཀྱ་རིན་ཆེན། | དགེ་ལུགས། | |
| ༤༡ | དབྱེ་བོ་ཇོ་ཁང་། | ཇོ་བོ་རྗེའི་ཉེ་གནས་མགོན་པོ་བློ་གྲོས། | དགེ་ལུགས། | |
| ༤༢ | སྒ་དམ་དགོན། | བཀའ་བརྒྱུད། | ||
| ༤༣ | བྲག་རྡོག་དགོན། | དགེ་ལུགས། | ||
| ༤༤ | བ་ལོག་དགོན། | རྙིང་མ། | ||
| ༤༥ | སྨན་རྩེ་དགོན། | བཀའ་བརྒྱུད། | ||
| ༤༦ | སྤྱི་ཁྲུ་དགོན། | དགེ་ལུགས། | ||
| ༤༧ | དྭགས་པ་དགོན། | དགེ་ལུགས། | ||
| ༤༨ | ཞྭ་ལྷ་ཁང། | ༧༠༠ | མྱང་ཏིང་འཛིན་བཟང་པོ། | དགེ་ལུགས། |
| ༤༩ | རྩ་བ་ལྷ་ཁང། | དུས་རབས་དགུ་པ། | སྲས་ན་ལེགས་མཇིང་ཡོན་གྱི་དུས་སུ་བཞེངས་སྐད། | |
| ༥༠ | ཚེ་ལྷ་སྐུ་འབུམ | དུས་རབས་བཅུ་གཉིས། | དགེ་བཤེས་གླང་རི་བ། | |
| ༥༡ | རྒྱལ་པོའི་སྐུ་མཁར་ལྷ་ཁང་། | དུས་རབས་བདུན་པ། | སྲོང་བཙན་སྒམ་པོ། | |
| ༥༢ | རྫ་རིན་ཆེན་རི་ཁྲོད། | ༡༥༨༡ | བླ་མ་རྫ་རིན་ཆེན། | བཀའ་བརྒྱུད། |
| ༥༣ | དབེན་པ་རི་ཁྲོད། | བཀའ་བརྒྱུད། | ||
| ༥༤ | གཏེར་སྒྲོམ་རི་ཁྲོད། | བླ་མ་རིན་ཆེན་ཕུན་ཚོགས། |
ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | བཙན་པོ་སྲོང་བཙན་སྒམ་པོ། | རྒྱ་མ་ཁྲི་སྒང་། | ༡༦༡༧-༡༦༥༠ | བོད་ཆེན་པོའི་རྒྱལ་ཁབ་བསྐྲུན་མཁན་དང་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་ཞིག་ཡིན། |
| ༢ | འབྲི་སེ་རུ་གུང་སྟོན། | འབྲི་གུང་། | དུས་རབས་བདུན་པ། | སྲོང་བཙན་སྒམ་པོའི་བློན་པོ་བཞིའི་གྲས་ཀྱི་གཅིག་ཡིན། |
| ༣ | འབྲི་གུང་རྡོ་རྗེ་རིན་ཆེན། | གཞུ་སྨད་འཇོན་མ། | ༡༣༣༥-༡༤༠༧ | འབྲི་གུང་གདན་རབས་བཅུ་པ་ཡིན། |
| ༤ | ཧོར་སྟོན་ནམ་མཁའ་དཔལ་བཟང་། | མལ་གྲོ། | ༡༣༧༢-༡༤༤༧ | དགའ་ལྡན་བྱང་རྩེ་ཕྱག་བཏབ། |
| ༥ | ཀུན་དགའ་རིན་ཆེན། | གྲུ་བཀྲ་ཤིས་སྟེང། | ༡༤༧༥-༡༥༢༧ | འབྲི་གུང་གདན་རབས་བཅོ་ལྔ་པ་ལགས། |
| ༦ | ཁྲི་ཆེན་སངས་རྒྱས་རིན་ཆེན། | ཀླ་ཀློའི་འབྲོག་སྡེར། | ༡༥༤༠-༡༦༡༢ | དགའ་ལྡན་ཁྲི་ཐོག་ཉེར་བདུན་པ། |
| ༧ | ཁྲི་ཆེན་མཁྱེན་རབ་ཡོན་ཏན། | འབྲི་གུང། | -༡༩༡༩ | དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལགས། |
| ༨ | རིན་པོ་ཆེ་རྡོ་རྗེ་རིན་ཆེན། | གཞུ་སྨད་འཇོན་མ། | ༡༢༧༨-༡༣༡༤ | འབྲི་གུང་གདན་རབས་བརྒྱད་པ་ཡིན། |
| ༩ | ཞྭ་དམར་ཆོས་ཀྱི་དབང་ཕྱུག | འབྲི་གུང་གཞོ་ལུང། | ༡༥༨༤-༡༦༣༠ | ཞྭ་དམར་སྐུ་ཕྲེང་དྲུག་པ་ཡིན། |
| ༡༠ | དགྱེར་སྒོམ་པ་གཞོན་ནུ་གྲགས། | རྒྱ་མ་སྣོན་མདའ་རོག་སྣེ། | ༡༠༩༠-༡༡༧༡ | |
| ༡༡ | འགྲོ་མགོན་སངས་རྒྱས་དབེན། | བ་རབ། | ༡༡༣༨-༡༢༡༠ | |
| ༡༢ | འདུལ་འཛིན་གྲགས་པ་རྒྱལ་མཚན། | འབྲང་མདར། | ༡༣༧༤-༡༤༣༦ | |
| ༡༣ | སྤྱན་སྔ་བློ་གྲོས་རྒྱལ་མཚན། | རྒྱ་མ་རིན་ཆེན་སྒང་། | ༡༤༠༢-༡༤༧༣ | |
| ༡༤ | དབང་རིན་ཆེན་ཆོས་རྒྱལ། | གཞུ་སྨད་མཁར་ཏོག་གཞིས། | ༡༤༤༨-༡༥༠༤ | |
| ༡༥ | ཁྲི་ཆེན་ཆོས་སྐྱོང་རྒྱ་མཚོ། | རྒྱ་ར་གུར། | ༡༤༧༣-༡༥༣༩ | |
| ༡༦ | ཁྲི་ཆེན་ཆོས་གྲགས་བཟང་པོ། | སྟག་ཕུར། | ༡༤༩༣-༡༥༥༩ | |
| ༡༧ | འབྲི་གུང་རིགས་འཛིན་ཆོས་གྲགས། | རྩ་བ། | ༡༥༩༥-༡༦༥༩ | |
| ༡༨ | དཔོན་ཚང་ཡེ་ཤེས་མཆོག། | འབྲི་གུང་ཀ་ཚལ། | དུས་རབས་བཅུ་བདུན་པའི་དུས་དཀྱིལ། | |
| ༡༩ | ནེ་ནེ་ཆོས་ལྡན་བཟང་མོ། | ཡངས་རི་སྒང་གྲུ་ཕོད་མདོ་སྒང་། | དུས་རབས་བཅུ་དགུ། | |
| ༢༠ | མཚམས་པ་དཔའ་ཆུང། | འབྲི་གུང་སྦྲ་ག། | ༡༩༠༠-༡༩༨༨ | |
| ༢༡ | ང་ཕོད་ངག་དབང་འཇིགས་མེད། | རྒྱ་མ། | ༡༩༡༠-༢༠༠༩ | |
| ༢༢ | ཧོར་ཁང་བསོད་ནམས་དཔལ་འབར། | རྒྱ་མ། | ༡༩༡༩-༡༩༩༤ | |
| ༢༣ | ལྷ་མོ་མཁས་ཅན་ཨ་མ་ཚེ་རིང་། | འབྲི་གུང་། | -༡༩༨༣ | |
| ༢༤ | སངས་རྒྱས་དབོན་སྟོན། | རྒྱ་མ། | ༡༡༣༨-༡༢༡༠ | |
| ༢༥ | གྲུབ་དབང་དཀོན་མཆོག་འཕྲིན་ལས་དཔལ་བཟང་པོ། | སྦྲ་ག། | ༡༩༠༠-༡༩༨༨ | |
| ༢༦ | བྱ་འཆད་ཁ་བ། | ལུ་ར། | ༡༡༠༡-༡༡༧༥ | |
| ༢༧ | མཚམས་པ་ཨ་ཀོང་། | ར་སེ་གྲོང། | ||
| ༢༨ | ཆོས་རྒྱལ་ཕུན་ཚོགས་བཀྲ་ཤིས། | རྒྱ་མ་ཁྲི་ཁང་། | འབྲི་གུང་གདན་རབས་ཉི་ཤུ་པ། | |
| ༢༩ | ཆོས་སྒོ་བ་རྡོ་རྗེ་ཡེ་ཤེས། | ༡༢༢༣-༡༢༩༣ | འབྲི་གུང་གདན་རབས་བདུན་པ་ལགས། | |
| ༣༠ | བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག། | ༡༦༠༦-༡༦༥༢ | ||
| ༣༡ | མདའ་དཔོན་ལྷ་སྡིངས་པ། | ༡༨༦༦-༡༩༠༤ | ||
| ༣༢ | སྟབས་ཀ་བ་དར་མ་རིན་ཆེན། | ༡༡༠༣-༡༡༧༤ | ||
| ༣༣ | སྤྱན་སྔ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། | ༡༢༨༤-༡༣༥༠ | ||
| ༣༤ | སྟབས་ཀ་བ་དར་མ་རིན་ཆེན། | ༡༡༠༣-༡༡༧༤ | ||
| ༣༥ | སྤྱན་སྔ་ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། | ༡༢༨༤-༡༣༥༠ | ||
| ༣༦ | རྫ་བཟོ་དབུ་ཆེན་བསོད་ནམས། | ༸རྒྱལ་མཆོག་བཅུ་གསུམ་པའི་པས་མཐོང་ཆེན་མཛད་དེ་དབུ་ཆེན་གྱི་གོ་མིང་གནང་། | ||
| ༣༧ | ནཱ་རོ་གཉིས་པ། | འབྲི་གུང་གདན་རབས་ཉེར་གཅིག་པ། | ||
| ༣༨ | དཀོན་མཆོག་རིན་ཆེན། | འབྲི་གུང་གདན་རབས་ཉེར་གཉིས་པ། | ||
| ༣༩ | འབྲི་གུང་སྒོམ་མ་རིན་ཆེན་དཔལ་མོ | |||
| ༤༠ | སྒོམ་པ་མགོན་པོ་རྒྱལ་མཚན། | |||
| ༤༡ | སྤྱན་སྔ་པ་བློ་གྲོས་རྒྱལ་མཚན།? | |||
| ༤༢ | གཏེར་སྟོན་ལྡང་མ་ལྷུན་རྒྱལ། | འབྲི་གུང་གཞོའི་ལུང་པ། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ།ཉང་ཏིང་འཛིན་བཟང་པོའི་རྣམ་འཕྲུལ་དུ་བཞེད།ཞྭ་ལྷ་ཁང་ནས་གསང་བ་སྙིང་ཐིག་ཆེན་མོའི་གཏེར་ཁ་བཞེས། | |
| ༤༣ | གཏེར་སྟོན་ལས་འཕྲོ་གླིང་པ། | རྒྱ་མ། | གཏེར་སྟོན་བརྒྱ་རྩའི་ཡ་གྱལ། མི་འགྱུར་ཆོས་འབྱུང་བྲག་ནས་ཟབ་ཆོས་འདུས་པ་སྐོར་བཞི་གཏེར་རྫས་བཅས་པ་གཏེར་ནས་བཞེས། |
ལེ་ཚན་གསུམ་པ། གནའ་ཤུལ།
| མཁར།བང་སོ། དུར།གནས། | ས་གནས། | མཆན། | |
| མཁར། | ཕོ་བྲང་བྱམས་པ་མི་འགྱུར་གླིང་། | རྒྱ་མ་ཁྲི་གང། | ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་སྲོང་བཙན་སྒམ་པའི་འཁྲུངས་ཁང་ཡིན། |
| མཁར། | རྒྱལ་པོའི་སྐུ་མཁར་ལྷ་ཁང་། | རྒྱ་མ་མདའ། | དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་ཕྱག་བཏབ། |
| རྡོ་རིང། | ཞྭ་ལྷ་ཁང་གི་རྡོ་རིང་གཉིས། | རྫོང་ཞོལ། | བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་རང་བློན་ཉང་ཏིང་འཛིན་བཟང་པོའི་བྱས་རྗེས་བཀའ་བཙིགས་སུ་གནང་བའི་རྡོ་རིང་ཡིན།རྡོ་རིང་དང་པོ་ཕྱི་ལོ་༧༩༨-༨༡༢བར་བཙུགས་པ་དང་།ཕྱི་མ་དེ་ཕྱི་ལོ་༨༡༣ལོར་བཙུགས་སོ། |
| ཕོ་བྲང། | རྐྱང་བུ་ཚལ་གྱི་ཕོ་བྲང་། | རྐྱང་བུ་ཚལ། | དུས་རབས་བརྒྱད་པའི་སྐབས་ཀྱི་ལོ་རྒྱུས་ནང་གསལ་བའི་དགོན་སྡེ་ཞིག་ཡིན། |
| ཕོ་བྲང། | འོད་ཟེར་དམ་པའི་ཕོ་བྲང་། | འོད་ཟེར་རྐྱང། | བཙན་པོ་ཁྲི་རལ་པ་ཅན་བཀྲོངས་ཡུལ་གྱི་ཕོ་བྲང་དེ་ཡིན་པར་སྣང་། |
| ཟམ་པ། | འོན་སྣ་ལྕགས་ཟམ། | ཐང་སྐྱ་དགོན། | གྲུབ་ཆེན་ཐང་སྟོང་རྒྱལ་པོས་བསྐྲུན་པའི་ལྕགས་ཟམ་ཞིག་ཡིན། |
| གནས། | ཚེ་ལྷ་སྐུ་འབུམ། | རྩ་ཞོལ་ཁུལ། | དགེ་བཤེས་དགེ་བཤེས་གླང་རི་བས་བཞེངས་པའི་མཆོད་རྟེན་ཡིན་སྐད། |
| གནས། | སངས་རྒྱས་དབེན་གྱི་གདུང་རྟེན། | རྒྱ་མ་ཁྲི་གང། | བཀའ་གདམས་དགེ་བཤེས་འགྲོ་མགོན་སངས་རྒྱས་དབོན་གྱི་གདུང་རྟེན་ལགས། |
| གནས། | ཁྲོ་འགོ་ཆུ་མིག | རྒྱ་མའི་ཕུ། | བཙན་པོ་སྲོང་བཙན་འཁྲུངས་པ་དང་དུས་མཉམ་སུ་ཆུ་མིག་དེ་བརྡོལ་སྐད། |
| གནས། | ཨོ་རྒྱན་སྒྲུབ་ཕུག | རྒྱ་མའི་ཕུ། | ཤོད་རྒྱུན་ལ་སློབ་དཔོན་པདྨ་འབྱུང་གནས་ཁུལ་དེར་ཟླ་བ་གསུམ་བཞུགས་པར་གྲགས། |
| གནས། | རྒྱལ་བཟང་འབུམ་པ། | རྒྱལ་བཟང། | སྔོན་དུས་དེར་ལྷ་ཁང་དང། དགེ་འདུན་སྡེ་སོགས་ཡོད་སྐད་ཀྱང་ཕྱིས་གྲོང་དཀྱིལ་དུ་ས་འབུར་དེའི་ནང་བསྐལ་པའི་མར་མེ་ཡོད་པར་གྲགས། |
| གནས། | མཆོད་རྟེན་བརྒྱ་དང་བརྒྱད། | མལ་གྲོ་ནས་ལྷ་སའི་སྐྱིད་ཆུའི་ཁུལ། | མལ་གྲོ་གུང་དཀར་ནས་ལྷ་ས་སྐྱིད་ཆུ་རྒྱུག་ཤུལ་དུ་མཆོད་རྟེན་བརྒྱ་དང་བརྒྱད་ཡོད། མཆོད་རྟེན་དེ་དག་ནི་ཡུལ་དེའི་རྒྱུད་སད་སེར་སད་སྲུང་འབུམ་པ་ཡིན་སྐད། |
| ལམ། | ཤ་བ་འཕྲེང་། | འོད་ཟེར་རྐྱང། | འོད་ཟེར་རྐྱང་གི་ནུབ་ཕྱོགས་སུ་ཤ་བ་འཕྲེང་ནི་འགྲུལ་ལམ་གཙོ་བོ་ཞིག་ཡིན། ཁུལ་དེའི་བྲག་རིར་སྒྲོལ་མའི་སྐུ་བརྙན་དང་། མཎི་ཡིག་དྲུག་སོགས་བརྐོས་ཡོད། |
| ཆུ་ཚན། | གཏེར་སྒྲོམ་ཆུ་ཚན། | གཏེར་སྒྲོམ། | ཁུལ་དེའི་ཆུ་ཚན་གྲགས་ཆེ་བ་ཞིག་དང་།ཕོ་བ་སྨུག་པོ་དང་།ཆུ་སེར།གྲང་བ་སོགས་ཕན། |
| མཚོ། | མཚོ་རག་མཚོ། | ཐང་སྐྱ་གྲོག་ཕུ། | མཚོ་དེ་ཅུང་གྲགས་ཆེ་བ་དང་།སྤྱན་རས་གཟིགས་ཀྱི་བླ་མཚོ་ཡིན་སྐད། |
| མཚོ། | ཨོ་དཀར་མཚོ། | བ་ལོག་ཁོངས། | གུ་རུ་རིན་པོ་ཆེའི་གནས་མཚོ་ཞིག་ཡིན། |
| ཆུ་ཚན། | རུ་ཐོག་ཆུ་ཚན། | རུ་ཐོག | ཆུ་ཚན་དེ་གྲང་བ་དང་།གྲུམ་པ།མཁལ་མ་སོགས་ཕན་པར་གྲགས། |
| གནས། | ཆོས་འཁོར་སྒང་མཆོད་རྟེན་དང་ཆུ་ཚན། | ཆོས་འཁོར་སྒང། | ཁུལ་དེར་མཆོད་རྟེན་ཆེ་བ་གཉིས་དང་། མཆོད་རྟེན་ཆུང་བ་བཅུ་གྲངས་ཤིག་ཡོད། |
| སྟག་ཕུའི་ཉི་ཐིག | དུས་རབས་བཅུ་བདུན་རྗེས་དབུས་སྟོད་སྟག་ཕུའི་ཉི་ཐིག་ཟིན་མིན་ལ་ལྟོས་ནས་ཞིང་ཆུ་འདེབས་རན་མིན་སོགས་བལྟ་ས། | ||
| ཁྱུང་གི་སྡེར་རྗེས། | རྨམ་པ་ཁུལ། | གྲུབ་ཐོབ་མགར་དམ་པས་བླ་མ་སྐྱོབ་ཆེད་འབྲུག་ཏུ་སྤྲུལ་ཏེ་ཕ་བོང་དུ་ལྷག་པའི་རྗེས་ཤུལ། | |
ས་བཅད་བརྒྱད་པ། དམངས་སྲོལ།
དང་པོ། འབྲི་གུང་བཀའ་བརྒྱུད་ཀྱི་རོལ་དབྱངས།
གོང་གསལ་དག་ལས་འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས་དང་། བོད་སྟོད་པའི་ཤོན་གཉིས་ལ་ས་ཁུལ་རང་བཞིན་ཁྱད་ཆོས་མངོན་པར་གསལ་ཞིང་། ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་ལྡན་ཡོད། དེ་ཡང་འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས་ནི་ཕྱི་ལོ་ ༡༡༧༩ ལོར་སྐྱོབས་པ་འཇིག་རྟེན་མགོན་པོས་འབྲི་གུང་བཀའ་བརྒྱུད་པའི་རོལ་དབྱངས་རོལ་ཆས་གཏོང་བའི་སྲོལ་དར་བ་ནས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་སོང་ཞིང་། འབྲི་གུང་ཆོས་རྒྱལ་སྐུ་ཕྲེང་བཅུ་བདུན་པ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་དུས་སུ་ལོ་རེ་བཞིན་རྡོ་རྗེ་གྲོ་ལོད་འཁྲབ་པའི་སྲོལ་དེ་རྒྱུན་འཇགས་སུ་སོང་ཞིང་། རོལ་ཚོགས་སུ་རོལ་ཆས་ཀྱི་རིགས་དང་། རོལ་ཆས་དཀྲོལ་སྟངས་སོགས་ནང་བསྟན་ཆོས་ལུགས་ཀྱི་ཆོ་ག་དག་ཏུ་དར་སྤེལ་བྱས་པ་ནས་བཟུང་འབྲི་གུང་བཀའ་བརྒྱུད་པའི་དགོན་སྡེའི་རོལ་དབྱངས་ཀྱི་འཕེལ་རྒྱས་ལ་ནུས་པ་བླ་མེད་ཐོན་ཡོད། དུས་རབས་བཅོ་ལྔ་པའི་རྗེས་སུ་རོལ་ཚོགས་དེ་རིམ་བཞིན་གཏན་འཇགས་དང་སྒྲིག་གཞི་ཅན་དུ་དུ་གྱུར་ཞིང་རོལ་ཆས་བཅུ་ཕྲག་ལྷག་ཙམ་དུ་ཇེ་མང་དུ་སོང་བ་དང་བསྟུན་ནས་འབུད་དཀྲོལ་གྱི་སྒྱུ་རྩལ་གྱི་མཚན་སྙན་ཧ་ཅང་ཆེ་བར་གྱུར།
གཉིས་པ། བོད་སྟོད་པའི་ཤོན།
བོད་སྟོད་པའི་ཤོན་ནི་ཨ་ཅེ་ཆོས་སྐྱིད་སྒྲོལ་མས་གསར་གཏོད་གནང་བ་ཡིན། ཞེས་བཤད་སྲོལ་ཡོད་མོད། སྨན་རིའི་བསྟན་འཛིན་རྣམ་དག་གིས་མཛད་པའི་《གནའ་བོའི་ལོ་རྒྱུས་》ནང་འདི་ལྟར་བཀོད་ཡོད། སྟོན་པ་གཤེན་རབ་མི་བོ་ཆེ་གདན་འདྲེན་སྐབས་མང་ཚོགས་ཤོན་འཁྲབ། ཅེས་གསལ་བར་གཞིགས་ན། སྟོན་པ་གཤེན་རབས་མི་བོ་ཆེ་ནི་བོན་པོའི་སྟོན་པ་ཡིན་ཞིང་། དེ་ལ་གཞིགས་ན་བོད་སྟོད་པའི་ཤོན་ནི་བོད་བཙན་པོའི་ཡར་སྔོན་དུ་བྱུང་ཡོད་སེམས། གཅིག་བྱས་ན་བཙན་པོའི་རྒྱལ་རབས་ཡར་སྔོན་དུ་ཞང་ཞུང་དུ་དར་བའི་ཤོན་དེ། བོད་སིལ་བུའི་སྐབས་ཨ་ཅེ་ཆོས་སྐྱིད་སྒྲོན་མས་འབྲི་གུང་བཀའ་བརྒྱུད་ཀྱི་གདན་སའི་ཉེ་འཁོར་ཡུལ་སྡེ་ཁག་ལ་དར་སྤེལ་བཏང་གནང་བ་ཞིག་ཡིན་པས། བོད་སྟོད་པའི་ཤོན། ཞེས་བྱུང་བའང་མིན་ནམ་སྙམ།
གང་ལྟར་ཡར་དབུས་སྟོད་བྱང་གི་ཕྱོགས་འདིར། དམངས་ཁྲོད་ཀྱི་ཤོད་རྒྱུན་ཞིག་ལ། བོད་སྟོད་པའི་ཤོན། ཡང་རི་སྒང་པའི་ལྷ་མོ། སྦྲང་མདའི་བྲོ། ཞེས་བརྗོད་ཚུལ་ལས་ཤོན་ནི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད་པ་ཤེས་ཐུབ། འབྲི་གུང་གདན་རབས་བཅུ་གཉིས་པ་དོན་གྲུབ་རྒྱལ་པོས་སྔོན་གྱི་བོད་སྟོད་པའི་ཤོན་གྱི་ནང་དོན་དང་། འཁྲབ་སྟངས། འཁྲབ་ལྭ་སོགས་འཐུས་ཇེ་ཚང་དུ་བཏང་བས་བོད་སྟོད་པའི་ཤོན་དེ་འཕེལ་རྒྱས་ཀྱི་ཡང་རྩེར་སོན་ཏེ། ༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བསམ་ཡས་སུའང་དར་ཁྱབ་ཆེན་པོར་སོང་བ་རེད། འཁྲབ་ཆས་ལ་བོད་འབྲོག་ཁུལ་གྱི་གྱོན་ཆས་ཀྱི་ཁྱད་ཆོས་ལྡན་ལ། ཞབས་བྲོ་ལ་རམ་འདེངས་ཀྱི་རོལ་དབྱངས་མེད་ལ། རང་འགར་འཁྲབ་སྟོན་བྱེད་པའི་སྲོལ་ཡང་མེད།[15]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༢༥།
[2] 藏族社会历史调查,(一)西藏人民出版社.1985,pg 68.
[3] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༢༤།
[4] (1)ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༡༢༥།
(2) གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༠།
[5] (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་
༡༩༧༩། ཤོག ༨།
[6] (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་
༡༩༧༩། ཤོག ༨།
[7] (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་
༡༩༧༩། ཤོག ༨།
[8] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༩།
[9] 藏族社会历史调查,(一)西藏人民出版社.1985,pg 53.
[10] འཇིགས་དབང་། བོད་ཀྱི་རྫ་ཆས་སྐོར་ངོ་སྤྲོད་མདོ་ཙམ། བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༢༠༠༩།༡ ཤོག ༡༢༤།
[11] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༧།
[12]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 33.
[13] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༤།
[14] གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་ལྔ་པ། མལ་གྲོ་གུང་དཀར་རྫོང་། གྲོང་ཁྱེར་ལྷ་སའི་སྲིད་གྲོས། ཕྱི་ལོ་ ༡༩༩༦། ཤོག ༡༢༤།
[15] བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༡༥ ནས་ ༡༡༧།
ཡོང་ཁུངས། དབུས་གཙང་རིག་མཛོད་ཆེན་མོ་ལས་བཏུས།