གནོན་ཀླུའི་དབང་པོ་དང་འཁོན་ཀླུའི་དབང་པོ་གཉིས་གཅིག་གམ།

གནོན་ཀླུའི་དབང་པོ་དང་འཁོན་ཀླུའི་དབང་པོ་གཉིས་གཅིག་གམ།

རྩོམ་པ་པོ། མཁས་དབང་ར་སེ་དཀོན་མཆོག་རྒྱ་མཚོ།

ImageImageImage

ལོ་རྒྱུས་ཐོག་བྱོན་པའི་མི་སྣ་ཁ་ཅིག་ལ་ཡིག་ཚངས་ནང་དུ་མི་སྣ་གཉིས་ཡིན་ཀྱང་། སྐབས་རེ་རྩོམ་པ་པོས་དཔྱད་ཡིག་འདྲ་མིན་ལ་བརྟེན་ཏེ་གཅིག་ཏུ་བྱས་པ་དང་། ཡང་མི་སྣ་གཅིག་ཡིན་ན་ཡང་། དཔྱད་ཡིག་གི་འབྲི་བཤུས་ཀྱི་ནོར་འཛོལ་ལ་བརྟེན་ཏེ་གཉིས་སུ་གྱུར་པ་ཅི་རིགས་པ་བྱུང་ཡོད་དེ།

དཔེར་ན་ལོ་ཙཱ་བ་བཻ་རོ་ཙ་ན་དང་ཞང་ཡེ་ཤེས་སྡེ་གཉིས་པོ་གང་ཟག་གཅིག་ཏུ་བརྩིས་ཏེ། མི་སྣ་གཉིས་ཀྱི་མཛད་རྗེས་མི་སྣ་གཅིག་གི་ཐོག་ཏུ་སྤུངས་པར་མཛད་དེ། མཁས་གྲུབ་དུ་མས་བསྔགས་བརྗོད་མང་པོ་མཛད་ཡོད་པ་ལྟ་བུའོ། །

དེ་ལ་གནོན་ཀླུའི་དབང་པོ་ནི་སྔ་དར་སྐབས་ཀྱི་མི་སྣ་ལོ་ཙཱ་བ་ཡིན་ཞིང་། ཁོང་གིས་པན་ཆེན་བི་མ་ལ་མི་ཏྲ་དེ་ཉིད་བོད་ཡུལ་དབུས་སུ་སྤྱན་དྲངས་པར་མཛད་དེ། བི་མ་ལས་ཆོས་འཆད་སྤེལ་གནང་ཡོད་པ་སྟེ། འདིའི་ཚུལ་ཡང་། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བཏབ་པའི་དེབ་ངོས་ ༣༠༡ ལས། བརྒྱད་པ་རལ་པ་ཅན་གྱི་སྐུ་དྲིན་ལ། གནོན་གྱིས་སྤྱན་དྲངས་བི་མ་ལ་བྱོན་ནས། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །སྒྲུབ་པ་སྡེ་ལྔ་ཕྲ་མོ་སུམ་ཅུ་གཅིག །ལུང་ཕྲན་བརྒྱད་ཅུ་རྩ་ལྔ་དག་ཀྱང་བསྒྱུར། །ཅེས་པ་ཁྲི་ལྡེ་སྲོང་བཙན་གྱི་སྲས་ལྔ་ལ། ལྡེའུ་དང་ལྷུན་གྲུབ་གཉིས་གྲོངས། མངའ་བདག་རལ་པ་ཅན་གྱི་སྐུ་རིང་ལ། གནོན་ཀླུའི་དབང་པོ་ལ། མེས་ཁྲི་སྲོང་ལྡེ་བཙན་གྱིས་གསེར་ཕྱེ་བྲེ་གང་བསྐུར་ནས་བི་མ་ལ་སྤྱན་འདྲེན་དུ་བཏང་བ། རལ་པ་ཅན་གྱི་དུས་སུ་བྱོན་ནས། ལོ་ཙཱ་བ་ནམ་མཁའ་ཕྲན་བ། སྙགས་ཛྙཱ་ན་ཀུ་མ་ར། རྨ་རིན་ཆེན་མཆོག ངན་བུ་རྒྱལ་བ་བྱང་ཆུབ། གཡུ་སྒྲ་སྙིང་པོ་ལ་སོགས་པས་ཆོས་མང་དུ་བསྒྱུར་ཏེ་གཏན་ལ་ཕབ། འགྱུར་འཕྲོ་ལུས་པ་རྣམས་ཀྱང་བསྒྱུར། ཞེས་གསལ་བར་བཀོད་འདུག་པས་སོ།།

ལྡེའུས་མཛད་པར་བཞུགས་པའི་ཚིག་བཅད་དེ་ནི། རོང་ཟོམ་པས་མཛད་པའི་ཆོས་འབྱུང་ཚིག་བཅད་མ་ལས་ཕྱུང་བ་ཡིན་འདུག་ཏེ། རོང་ཟོམ་པས། དེ་ནས་རྒྱལ་ས་རལ་པ་ཅན་ལ་གཏད།།བརྣོན་གྱིས་སྤྱན་དྲངས་བི་མ་ལ་ཡང་བྱོན། །ལོ་ཙ་མང་འཚོགས་དམ་ཆོས་བསྒྱུར་བ་ནི། །སེམས་ཕྱོགས་སྒྱུ་འཕྲུལ་བདུད་རྩི་ལ་སོགས་ཏེ། །གྲུབ་པ་སྡེ་དྲུག་ཕྲ་མོ་ཉི་ཤུ་གཅིག །ལུང་ཕྲན་བདུན་བཅུ་རྩ་ལྔ་དག་ཀྱང་བསྒྱུར། །ཞེས་གསལ་བའི་ཕྱིར་དང་། རོང་ཟོམ་པའི་གསུང་འདི་ནི་ཀུན་མཁྱེན་ཀློང་ཆེན་པ་དང་དུས་མཉམ་པའི་བཙུན་པ་ཡོན་ཏན་ལྷུན་གྲུབ་ཀྱིས་མཛད་པའི་སྔ་འགྱུར་བའི་ཆོས་འབྱུང་རྒྱས་པའི་ནང་བཞུགས་ཡོད་པའི་ཕྱིར་རོ། །

གནོན་ཞེས་པ་འདི་འཁོན་ཞེས་པ་འབྲི་ནོར་དང་བཤུ་ནོར་ཨེ་ཡིན་ཡང་སྙམ་ལ། ཡང་གནོན་ནི་རུས་ཆེན་གྲས་དང་བཙན་པོ་གནམ་རི་སྲོང་བཙན་གྱི་དབུ་རུའི་རྒྱུད་དབང་དུ་བསྒྱུར་སྐབས། དབུས་སྟོད་ཕྱོགས་ཀྱི་གཙོ་བོ་ཡིན་འདུག་པས། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཞེས་པའི་དེབ་ངོས་༤༤ལས། དབའས་པུ་ཚབ་དང་། མནོན་འདྲོན་པོ་དང་། ཞེས་གནམ་རི་སྲོང་བཙན་སྐབས་སུ་གསལ་ལ། མྱང་ཙེང་སྐུ་དང་མནོན་འདྲོན་པོ་གཉིས་ནྀ། ཞེས་དང་། མྱང་དབའས་མནོན་དང་གསུམ་གྱིས། ཞེས་གསལ་ཞིང་། དབུར་སྟོད་ཡིན་པར་མངོན་ལ། རུས་མིང་ས་མིང་དུ་གྱུར་པས་ན། སྣོན་མདའ་དང་སྣོན་གྱི་དུམ་བུ་རི་སོགས་དང་འབྲེལ་བར་མངོན་ནོ། །

གནོན་ནི་བོད་བཙན་པོའི་སྐབས་སུ་བློན་པོའི་འབྱུང་ཁུངས་ཀྱི་ཁྱིམ་རྒྱུད་ཆེན་པོ་ཉེར་དགུ་ཡི་གྲས་ཡིན་པ་དང་། བཙན་པོ་ཁྲི་འདུས་སྲོང་སྐབས་བྱུང་བའི་བོད་ཀྱི་རྩལ་པོ་ཆེ་མི་བདུན་གྱི་ཁོངས་སུ་ཡང་གནོན་ཁྲི་བདུན་གཡུ་བྱིན། ཞེས་མངོན་པར་གསལ་ཡོད་ལ། བཙན་པོའི་དུས་ཀྱི་ཕྱོགས་བཞིའི་དབང་སྡུད་བཞི་ཞེས་པ་ལས་ཀྱང་། ཤར་ཁྲ་གདོང་ཅན་དབང་སྡུད་ཤུད་བུ།  ལྷོ་བོང་རྐང་ཅན་དབང་སྡུད་ཚེས་པོང་།  ནུབ་བྱི་ལའི་མཇུག་མ་ཅན་དབང་སྡུད་སྦས་དང་གནོན།  བྱང་རི་བོང་རྣ་བ་ཅན་དབང་སྡུད་སྣ་ནམ། ཞེས་གསལ་བར་སྣང་བས་རུས་ཆེན་དེའི་བརྒྱུད་ཡིན་པར་མངོན་འདུག་སྙམ།

འདིར་འཁོན་ཀླུའི་དབང་པོ་དང་གཅིག་གམ་སྙམ་པ་ཡང་། འདི་ཉིད་ལོ་ཙཱ་བ་ཡིན་པར་གསལ་བ་དང་། བུའི་ཆོས་འབྱུང་དང་རྣམ་འཇོམས་རྒྱུད་ཀྱི་གསལ་བྱེད་འོད་ཟེར་ལས། ལོ་ཙཱ་བ། གཞོན་གསུམ་ནི་པ་གོར་བེ་རོ་ཙཱ་ན་དང་། འཁོན་ཀླུའི་དབང་པོ་དང་། གཙང་དེ་བེནྡྲ་རཀྵི་ཏའོ།།ཞེས་པ་དང་། ལྷག་པར་དུ་ཆོས་བྱུང་མཁས་པའི་དགའ་སྟོན་ལས། གཉགས་ཇྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། ཞེས་ལོ་ཙཱ་བ་རྒན་དར་གཞོན་གསུམ་གྱི་རྣམ་གཞག་སྐབས་གསལ་བ་དང་། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལས་ཀྱང་། ལོ་ཙཱ་བ་ཆེ་བ་གསུམ་ལྕེ་ཛྙཱ་ན་སི་ཏི། བྲང་ཏི་ཛ་ཡ་རག་ཤི་ཏ། དཔའ་གོར་བཻ་རོ་ཙ་ནའོ།།འབྲིང་གསུམ་ལ་གནོན་ཀླུའི་དབང་པོ། གཉགས་སྙ་ན་ཀུ་མ་ར། རྨ་རིན་ཆེན་མཆོག ཆུང་བ་གསུམ་ཅོག་རོ་ཀླུའི་རྒྱལ་མཚན། དཀའ་བ་དཔལ་བརྩེགས། ཞང་ཡེ་ཤེས་སྡེ་རྣམས་ཀྱིས་ལོ་ཙྪ་བྱས་ནས། ཞེས་གསལ་བར་བཀོད་གནང་བ་དང་། ལྡེའུ་ཆོས་འབྱུང་དུ་གསལ་བའི་སྐབས་དེའི་ལོ་ཙཱ་དང་དུས་ཡང་འགྲིག་པའི་ཕྱིར་རོ། །

སད་མི་དྲུག་དང་སད་མི་བདུན་གྱི་གྲངས་འདྲེན་དང་མི་སྣ་མི་འདྲ་བ་ཅི་རིགས་ཡོད་པ་ལ།ཚལ་པའི་དེབ་དམར་དང་བུ་སྟོན་ཆོས་འབྱུང་། རྒྱ་བོད་ཡིག་ཚང་། འབྲུག་པའི་ཆོས་འབྱུང་། ངོར་ཆོས་འབྱུང་། རྒྱལ་རབས་གསལ་མེ། དཔག་བསམ་ལྗོན་བཟང་། བདུད་འཇོམས་ཆོས་འབྱུང་། ཆོས་སྲིད་ཟུང་འབྲེལ་བཤད་པ་སོགས་སུ་འཁོན་ཀླུའི་དབང་པོའམ་ཀླུའི་དབང་པོ་སྲུང་དེ་ཉིད་སད་མི་བདུན་གྱི་ཁོངས་སུ་བགྲང་ཡོད་པ་དང་།  ལྡེའུ་ཆོས་འབྱུང་དུ་བཙན་པོ་ཁྲི་སྲོང་གིས་གནོན་འདི་ཉིད་འཕགས་ཡུལ་དུ་བི་མ་ལ་གདན་འདྲེན་པར་མངགས་པར་གསལ་བས། ཕལ་ཆེར་གང་ཟག་གཅིག་གམ་སྙམ་པ་ཤར།

སྤྱིར་ན་བཙན་པོའི་དུས་རབས་ཀྱི་འབུར་ཐོན་མི་སྣ་ཀུན་མཐོ་རིམ་ཁྱིམ་བརྒྱུད་ཁོ་ན་ཡིན་འདུག་པས། གནོན་ནམ་བརྣོན་གྱི་ཡིག་གེ་འབྲི་བཤུའི་སྐབས་སུ་ནོར་ཏེ་མཁོན་དང་འཁོན་དུ་འབྲི་འམ་བཤུ་ནོར་བྱུང་བའང་སྲིད་སྙམ་ཏེ། རུས་ཆེན་འབྲོ་ལས་བྱུང་བའི་བློན་པོ་འབྲོ་སེ་རུ་གུང་སྟོན་ཞེས་པ་ཡང་། བཀའ་ཆེམས་ཀ་ཁོལ་མ་སོགས་འབྲི་སེ་རུ་གུང་སྟོན་ཞེས་བྲིས་པས་རྒྱལ་རབས་གསལ་མེ་ནས་བཟུང་། ཉེ་རབས་གཡུ་ཕྲེང་བར་དུ་ཡུན་རིང་རྒྱུན་ཆགས་སུ་གནས་པ་ལ། ལྡེའུ་ཆོས་འབྱུང་རྒྱས་པར། འགྲོ་སེ་རུ་གུང་སྟོན་ཞེས་གསལ་བར་བརྟེན་གཞི་ནས་ཡོ་བསྲང་བྱུང་བ་ལྟ་བུ་འང་ཡོད་ཀྱང་སྲིད།

འདིར་ཡང་གནོན་ཀླུའི་དབང་པོ་དེ་ཉིད་ལོ་ཙཱ་བ་ཡིན་པར་གསལ་བ་དང་། དེ་བཞིན་དུ་འཁོན་ཀླུ་དབང་པོ་ཡང་ལོ་ཙཱ་བ་བར་མ་གསུམ་གྱི་གྲས་ཡིན་ཚུལ་ཡང་གསལ་བ་གང་ཞིག ད་ཡོད་བོད་ཡིག་ཐོག་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་དཔེ་ཚོགས་ཆེན་པོ་གཉིས་ཀྱི་འགྱུར་བྱང་ན་མཚན་དེ་གཉིས་འཁོད་པ་ནི་མཇལ་དཀོན་པའི་གནས་སུ་གྱུར་འདུག འདི་ནི་ཡ་མཚན་པ་ཅིག་མ་ཡིན་ནམ། འགྱུར་ཡོད་ཀྱང་དེ་དག་ཏུ་མ་འཁོད་པའི་གྲས་ཡིན་ནམ། ཡང་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ན་རྗེ་འབངས་ཀྱི་ལྷ་ཁང་བཞེངས་པའི་སྐོར་ན། གནོན་གྱིས་འོད་མཆོག་མཛེས་པའི་ལྷ་ཁང་བཞེངས། ཞེས་ཀྱང་འཁོད་འདུག་པས། དེའི་གནས་ཡུལ་རྙེད་ན་ཁུངས་ཀྱང་ཆོད་སྲིད།

ཡང་ལྡེའུ་ཆོས་འབྱུང་རྒྱས་པར། དགོངས་པ་ཀློང་བསྡེབས་སུ་བཤད་པ་ནི། ་་་་བོད་དུ་བརྒྱུད་པའི་བཀའ་བབས། སྙགས་ཛྙ་ན་ཀུ་མ་ར་དང་། སྣོན་ཀླུའི་དབང་ཕྱུག་ལ་བབས་སོ།།ཞེས་གསལ་བ་འདི་ནི་ད་ཡོད་རྙིང་མའི་ཆོས་འབྱུང་གཞན་ན་ཆེར་མ་གྲགས་པ་ཅིག་ཀྱང་ཡིན་འདུག་པས། ལྡེའུ་ཆོས་འབྱུང་ལ་བརྟེན་ནས་ཕྱིས་བྱུང་རྙིང་མའི་ཆོས་འབྱུང་གི་བཤད་སྒྲོས་ཁག་ཅིག་ལ་ཡོ་བསྲང་ཡོང་ཐུབ་པར་སྣང་སྟེ་ལོགས་སུ་བཤད་པར་བྱའོ། །

འདིར་རང་གི་དཔེ་ཀློག་སྐབས་སུ་མཇལ་བའི་གནད་དོན་གང་ཡིན་པ་ཁུངས་དང་བཅས། རང་རིགས་ཀློག་པ་པོ་སྤྱི་དང་ལོ་རྒྱུས་ལ་མཉེས་པོ་གནང་མཁན་དག་ལ་དཔྱད་གཞིར་ཕུལ་བ་ཙམ་ཡིན་གྱི། རང་གི་དཔྱད་ཞིབ་ཀྱི་འབྲས་བུ་ནི་མ་ཡིན་པས། འགའ་ཤས་ཀྱི་ངོས་ན་ཡིག་ཉོག་ཆོ་མེད་ལབ་བརྡོལ་ཁོ་ན་ཡིན་སྲིད་ལ། འགའ་ཞིག་གི་ངོས་ན་གཞན་གྱིས་མ་གླེང་པར་བར་མ་དོར་གནས་པ་ཅིག་མངོན་དུ་བྱས་པའང་ཡིན་སྲིད་མོད། གང་ལྟར་རང་རེའི་ལོ་རྒྱུས་ཀྱི་བཞེད་པ་གང་ཡིན་པ་ལ། ཁ་གསལ་ཁུངས་དག་ཡོད་དགོས་པ་ནི་མ་འོངས་པའི་དགོས་མཁོ་ཡིན་པས། མཚམས་སྦྱོར་ཞུས་པ་ཙམ་ལགས་སོ། །༢༠༢༢/༩/༡༣

བརྒྱུད་སྐུལ།

མཆན་སྤེལ།