དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། རི་ཆུ་དང་ཐོན་སྐྱེད།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། རི་ཆུ་དང་ཐོན་སྐྱེད།

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ།

        གཡུལ་རྒྱལ་ལྷུན་རྩེ་རྫོང་གི་གཞུང་སྒེར་ཆོས་གསུམ་དབར་ཞོལ་སྤྱི་ཕོགས་ཁང་གི་དམག་རྩམ་དང་མཚོ་སྣའི་རྒྱ་འབྲས་སྐྱེ་འདྲེན་ཐད། ལྕགས་སྟག་ཞིབ་གཞུང་དུ་གཞུང་རྒྱུག་ཏུ་རྫོང་སྡོད་སྦྲེལ་པོས་ལོ་ལྟར་རྐང་འགྲོའི་ཐོག་མཚོ་སྣ་ནས་རྒྱ་འབྲས་ཐེངས་བཞི་ཙམ་སྐྱེལ་འདྲེན་བྱེད་དགོས་གསལ་ཡང་། དུས་ཕྱིས་གཞུང་སྒེར་ཆོས་གསུམ་རྐང་འདོན་འདྲ་མཉམ་སྤྱི་སྒྲུབ་བྱུང་བར། སྒེར་ཆོས་ཐོག་འཁྱོར་འགེལ་བྱུང་ཚུལ་སྐོར་རྩོད་གླེང་བྱུང་བར།

ཆུ་སྤྲེལ་(༡༩༣༢)ཟླ་ ༡༡ ཚེས་ ༡༤ ཉིན་བཀའ་ཤག་ནས་རྩ་ཚིག་དོན་ཚན་བཞི་ཅན་ཞིག་བསྩལ་འདུག་པའི་ནང་དུའང་། དེ་སྔ་གཏན་འབེབས་མཛད་པའི་ལྕགས་སྟག་ཞིབ་གཞུང་གི་དགོངས་དོན་གཞིར་བཟུང་ལག་བསྟར་བྱེད་དགོས་པ་ལས་སྔར་མེད་གསར་སྤྲོས་དང་། གཞུང་ཆོས་སྒེར་གསུམ་བསྒྱུར་བཀོད་འགྲོ་གཞིའི་བདག་དབང་རྩོད་གླིང་རིགས་མི་ཆོག་པར། རྩ་ཚིག་དེའི་རྗེས་ནས་ཕན་ཚུན་འཁོན་མེད་ཉི་མ་སྤྲིན་བྲལ་དགོས་རྒྱུ་ལས། སྔར་འཁོན་ཞེ་འཛིན་གྱི་བསྐྱར་རྩོད་ཕྲ་མོ་ཙམ་ཡང་མེད་པར་རྩ་འཛིན་རྒྱུན་འཁྱོངས་ཡོང་བ་གྱིས་ཞེེས་བྱུང་བ་ལས།[1] གཞུང་སྒེར་ཆོས་གསུམ་གྱི་གཞི་རྩའི་ས་རིས་བདག་ཐོབ་ཀྱི་འགྲོ་སྟངས་ནི། ལྕགས་སྟག་(༡༨༣༠)ཟླ་ ༥ ཚེས་ ༤ ཉིན་ཡོངས་ཁྱབ་གཏན་ལ་ཕབ་པའི་ཞིབ་གཞུང་གི་དགོངས་དོན་ལྟར་རྩ་འཛིན་བྱེད་ཀྱི་ཡོད་པ་དེ་ཡིན་པས། འདིར་ཞིབ་གཞུང་དེའི་གནང་གསལ་བཞིན་གཞུང་སྒེར་ཆོས་གསུམ་གྱི་ས་རིས་ཀྱི་རྣམ་དབྱེ་ཅུང་ཞིབ་ཙམ་འགོད་པར་བྱ།

དེ་ཡང་། རྫོང་དེའི་ཁྲལ་ཁུངས་གཞུང་རྒྱུག་པ་ལྡིང་ཁག་གཞིར་བཟུང་བཀོད་ན། གཅིག སྙེ་ཐོག་ལྡིང་འོག་ནས་དྲག་བཙན་བདེ་སྐྱིད་གླིང་པ། འཛོམས་ཤུལ། བདེ་ཡངས་པ། ལྡིང་དཔོན་བདེ་སྐྱིད་གླིང་པ། སྟག་རུ་པ། ཞོལ་པ། ཁྲོམ་པ་འོག ཕུག་པ། གཉིས། བྱ་བྲང་པ་ལྡིང་འོག་ནས་གནས་བསྟན་པ། ཕྱེ་སྨད། སྤྲ་རྒན་འོག གསུམ། ཡེར་པ་ལྡིང་སྟོད་པ་དང་། ཡེར་པ་བར་ལྡིང་། ཡེར་པ་གྲུམ་རྩ་བ། བཞི། ཕག་གསུམ་སྒང་སྟོད་ལྡིང་འོག་ནས་ཕག་ཤར་པ། ཕག་ནུབ་པ་བཅས། ལྔ། སྟགས་གསུམ་ལྡིང་འོག་ནས་མང་ཚོ་པ་དང་། སྨར་ཟུག་པ། ཞིང་རྒུར་པ། ཞིང་པ་གྲི་གུ་བ་བཅས། དྲུག གསེར་སྟོང་མདོ་མཚན་གསུམ་གྱི་ཁོངས་ལྡིང་གསེར་ཁུང་པ་དང་། དད་བྱུང་པ། གཟུགས་ཆེན་པ། མོ་ན་པ། ཤས་སྒ་བ། སྒམ་འགུ་བ། སྤུས་འཁྲིལ་བ་བཅས། བདུན། སུམ་པ་མདོ་ཚན་གསུམ་གྱི་ལྡིང་ཁོངས་གད་ཁ་བ་དང་། སྦོ་སྟོད་པ། སྦོ་ལྡིང་སྨ་བྱ། བརྒྱད། གྲོ་ལུང་ལྡིང་འོག་རྒན་ཁག་དང་། སྒྲིང་རྩ་བ། སྒང་སྨད་པ། གླ་ཀོར་བུ་ཏོག་པ། ཕུ་པ། ཤར་སྟོད་པ། གླ་ཀོར་ཤར་སྨད་པ། གླ་ཀོར་བུ་ཏོག་པ། ཕུ་པ། ཤར་སྟོད་པ། གླ་ཀོར་ཤར་སྨད་པ། དྲིར་འགྲམ་ཕུ་པ། དགུ། ཟངས་རོང་ལྡིང་འོག་ནས་ཤར་སྟོད་དང་། ཤར་བར་པ། ཤར་སྨད་པ། ནུབ་སྨད། ཟངས་ཡུལ། མདའ་པ་རྒན་འོག་བཅས།[2] བཅུ། སྐྱ་ལོག་ལྡིང་རྒན་འོག་ས་སྟོད་པ། དག་པ། གྲུ་གཉིས་སྟོད་སྨད། ཤེས་སྨྱོན། དགེ་སྤྲོ་བཅས། བཅུ་གཅིག གཞུང་རྒྱུག་བོད་རྙིང་ལྡིང་འོག་ནས་ནད་ངོ་བ། ནད་ངོ་སྨད། སར་ཡུལ། བྱང་འོར། བཅུ་གཉིས། གཡེ་སྤེ་ལྡིང་འོག་ནས་གཤམ་པོ་དང་། ཞུར་ཞོག་པ། གྲུང་སྐྲག་པ། གུ་རུ། འབྲུག་མཐིལ། ན་མགོ་བ། འགོག་སྟོད་པ། འགོག་བར། འགོག་སྨད་བཅས། བཅུ་གསུམ། མཚན་གསུམ་ལྡིང་འོག་ནས་མཚན་གསུམ་སྨད། རྒྱ་རབ། གཏན་ཤས་ཟངས་རོང་བཅས། བཅུ་བཞི། གྲོང་གསར་ལྡི་འོག་ནས་ཡང་རྩེ་སྔགས་གྲ་བར་དར་མ་ལྷ་ཁང་དང་། ཅུང་ལུང་ལྡིང་། སེ་པ་ལྡིང་། སེ་ཁུན་མོད་ཆུང་ལྡིང་། རྒྱལ་གླིང་རྒན་འོག བཀྲ་མང་རྒན་འོག་བཅས། བཅོ་ལྔ། བྱར་སྡོད་ལྡིང་ཚན་དྲུག་ཁོངས་སུ་ཕུ་འབྲོག་ལྡིང་དང་། དཀྱིལ་སྟོད་ལྡིང་། སྦྲ་སེར་ལྡིང་། སྦྲ་སེར་བར་པ་ལྡིང་། སྦྲ་སེར་ཉིན་པ་ལྡིང་། ཕྱེ་ཁོངས་ལྡིང་། གཞི་རབ། བྱར་དགའ། བྱ་རབ་བཅས་གཞུང་རྒྱུག་ཁྲལ་པ་ཡིན་ནོ།།

རྫོང་དེའི་མངའ་ཞབས་ཀྱི་སྒེར་གྲས་སུ་སྒེར་བྱ་པ་དང་།[3] སྒེར་ཚག་རྒུར་ཞག་པ་གཉིས་སྣའི་འདོན་ཕྱེད་དགུ་དང་ཕུལ་ཕྱེད་ཀྱི་ས་རྟེན་མཆིས། དེ་དང་རྒྱ་རི་བར་བྱར་སྨད་དགེ་རྒྱས་ཁུལ་དུ་འདོན་སུམ་ཅུ་སོ་ལྔ་དང་། རྒྱར་འོག་ཟོམ་ཕུད་པ་འདོན་ལྔ་བཅུ་ང་བདུན་སྒྲུབ་དགོས་པ་བཅས་སྒེར་པ་ཆེ་ཁག་དང་། དེ་མཚུངས་ཆོས་གཞིས་ལ་སྡེ་དྲུག་ཟངས་ཆེན་གྱི་ཆོས་གཞིས་སྙེ་བོ་སྟོད་པ། སྡེ་དྲུག་གསེར་བྱེའི་ཆོས་གཞིས་ཐང་དམར་བ། སྡེ་དྲུག་ཏིའུ་ར་པའི་ཆོས་གཞིས་ཉང་མཁར་བ། སྡེ་དྲུག་རི་ལྡིང་གི་ཆོས་གཞིས། སྡེ་དྲུག་པདྨོ་བཀོད་པའི་ཆོས་གཞིས། སྡེ་དྲུག་རི་སྟེངས་ཀྱི་ཆོས་གཞིས་རྟ་ཕུར་ཕྱེ་བོ། སྡེ་དྲུག་སྤྱིའི་ཆོས་གཞིས་ཤོར་ཤར་དང་། སྐྲག་ལྡིང་། མདོ་སྟོད། ཚ་སྲིབ་རྒན། སྡེ་དྲུག་བྲ་འོར་གྱི་ཆོས་གཞིས་ཤོ་ནུས། ག་རུ། ཁྲི་སྟེང་། སྒུ་ལྡིང་། གྲོང་སྨད། ཕུ་སྣ། ཟུར་བཞི། མོན་བདག སྒང་ཕང་། བྱང་པ། རྫམ་པ། རྒན་པ་རྒན་འོག་བཅས་དང་། འབྲུག་སྒར་པའི་ཆོས་གཞིས་ཀླུང་ཤུལ། ལོ་གྲོ་བཀྲིས་མཐོང་སྨོན། འབྲུག་པ་ཐམས་ཅད་མཁྱེན་པའི་ཆོས་གཞིས་བྱར་ཁར་སོ་བ་བཅས་ཡོད་དོ།།

 

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག

བ་བླ། མདོ་ཡུལ། མདོ་གསུམ། སྒེར་གཞིས། སྐྱིད་ཐང་། བྱ་ཡུལ། ལྗོན་པ། གཉལ་སྨད། མི་ཁྱིམ་བདུན། མལ་ས།  ཕོ་ཡུལ། ཆོས་ཟམ། རི་ཐང་། གསང་སྔགས་ཆོས་གླིང་། ས་འབྲོག ཤོ་པོ་ཤར། ཤོ་པོ་ལྟག་ལ། ཞོལ་གསར། གཡག་ར་གཞིས་ཁ། ཡེར་པ། ཡུལ་སྨད། རྩ་རི། འབྲིའུ། ཞིང་པ། ཁང་གྲ། ཆོང་ཀ ཀླུང་ཞོལ། གསེར་ཕྱེ་ཞོལ། ཡེར་པ། སུམ་པ། རྫོང་ཞོལ། མལ་ས། མདོ་གསུམ། ས་ཆུང་། གཡོ་སྤེ། གྲོང་གླིང་། མཚེ་སྨད། ཕུ་ནང་། རི་རོང་། དགའ་ངུས་སྟེང་། སེ་ཁུན། རྐྱང་མོ་གླིང་། དགོན་པ་ཞོལ། ཤོ་ཕུ་ནུབ། སྐར་མ་ལྷས། སྐྱ་ལོག། བཀྲ་ཤིས་ཁང་གསར། ཞོལ་གསར་ཆུས། མེ་ཤིས། ཞག་པ། གླིང་སྨད། བྲ་སེར། སྟང་རྩེ། ཕུ་འབྲོག། མདའ་ཡུལ། མཁར་པོ། གླེ་མོ། བྱེ་རི་སྒང་། སྒོམ་ལ། སྒོམ་རོང་། སྒམ་ལུང་། བྱ་རློན། བདག་ཁ། ཕོ་ཐོག་ཡུལ། བྱ་འོག། དོལ་གཞིས། ཡུལ་གོང་། བྲོན་པ། གྲིབ། ཕོ་གཉལ། ཡུལ་པ། ཀྲང་ཐང་། ཚ་ལ་ཕུ། ཕུ་མདའ། སྨིན་སྐྱིད་གླིང་། ཤུག་རྭ། ཆིང་དཀར། ཀླུང་། རབ་རང་། མཁར་གོང་། མིག་བཙུམ། ལྗོན་པ། སྒང་ཅིག  ཕོ་བྲང་ཡང་རྩེ་རྫོང་།[4] ཞེས་པ་སོགས་ཡོད།

 

ལེ་ཚན་གཉིས་པ། རི། ལ། མཚོ། གཙང་པོ།

ཁུལ་དེར་གཡག་དཀར་ལ། ཤོ་བོ་སྟག་ལ། མོ་ལ། གཉའ་ཆུ། གསེར་ཆུ། བྱ་པོ་ཆུ། ཡུལ་སྨོན་ཆུ་སོགས་ཡོད་པ་ལས།[5] གཡར་དཀར་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༥༡༣༠ གནས། ལྷུན་རྩེ་ཆུ་འམ་གཉའ་གཞུང་ཆུ་ནི་རྫོང་ཆགས་ཡུལ་གྱི་ནུབ་ཕྱོགས་སུ་རྒྱུག་ཅིང་། ཆུ་བོ་དེ་ནུབ་ནས་ཤར་དང་དེ་རྗེས་ལྷོ་རུ་སྐྱོག་ནས་བྱ་ཡུལ་གཙང་པོར་འདུ་ལ། མུ་མཐུད་ཤར་དུ་རྒྱུག་སྟེ་མཐར་ཤི་པ་ཤ་ཆུར་འདྲེས། གཙང་ཆུ་རྒྱུག་ཁུལ་གྱི་གཤོང་བརྒྱུད་ལ་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་འབྲོག་ས་དང་ས་གཞི་གཤིན་པོའི་ཞིང་སས་ཁྱབ་ཡོད།[6]

 

ས་བཅད་བཞི་པ། ཞིང་འབྲོག་ཐོན་ཁུངས།

ལྷུན་རྩེ་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་ཞིང་། རྨོ་འདེབས་ས་ཁྱོན་མུའུ་ཁྲི་ ༤.༣ ཡོད་པར་ལོ་ཏོག་གཙོ་བོ་ནས་དང་། དགུན་གྲོ དཔྱིད་གྲོ སྲན་མ། ལ་ཕུག བྲའུ། པད་ཁ། མྱུག་མ། ཞོག་ཁོག་འདེབས་ལས་སོགས་ཀྱི་ཐོན་སྐྱེད་བྱེད། རྩྭ་ཐང་གི་རྒྱ་ཁྱོན་ལ་མུའུ་ཁྲི་ ༨༠༠ ཡོད་པའི་ནང་སྒོ་ཕྱུགས་གཙོ་བོ་འབྲི་དང་། མཛོ། བ་གླང་། རྟ་བོང་བུ། དྲེལ། ཕག་པ། ར་ལུག་སོགས་གསོ་ཚགས་བྱེད། རྫོང་དེའི་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་ ༣༠ ཟིན་པར་ཤིང་སྣ་གཙོ་བོར་སྡོང་རིང་ཐང་ཤིང་། རི་མཐོའི་གསོམ་ཤིང་། ཧི་མ་ལ་ཡའི་སྒྲོན་ཤིང་། སྟག་པ། ལོ་སྐྱུར་ཐང་ཤིང་། ཤུག་པ། སྦྱར་པ། ལྕང་མ་རིགས་སོགས་སྐྱེ་ལ། ས་གནས་དམིགས་བསལ་ཐོན་རྫས་ཤིང་འབྲས་ལ་ཁམ་བུ་དང་། ཀུ་ཤུ། གླ་རྩི། དབྱར་རྩྭ་དགུན་འབུ། དོམ་འཁྲིས། ཤྭ་བའི་ཁྲག་རྭ། སྙི་བ་སོགས་ཡོད།[7]

 

ས་བཅད་ལྔ་པ། ཐུན་མིན་ཐོན་ཁུངས།

ལྷུན་རྩེ་རྫོང་གི་ཐུན་མིན་ལག་ཤེས་བཟོ་རྩལ་གཙོ་བོ་སྣམ་བུ་དང་། ས་གདན། ཁ་གདན། ཉལ་ཆས། ཟངས་ཆས། དངུལ་ཆས། ཇ་མདོང་། སྙུག་སྣོད། བོད་གྲི ཤིང་ཕོར། བོད་བཟོའི་ལྷམ་ཞྭ། རྫ་དཀར། སྨྱུག་སླེ་སོགས་གྲགས་ཆེ་བ་ཡོད།[8]

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ།

ཁུལ་དེའི་རི་སྐྱེས་སྲོག་ཆགས་གཙོ་བོ་གཟིག་དང་། འབྲོང་། རྐྱང་། བྱ་ཝང་། བྱི་ལ་དོམ་ཆུང་། ཤྭ་བ། ཆུ་སྲམ། གླ་བ། དོམ་ནག དགོ་བ། རི་བོང་། ཝ། འཕྱི་བ། དབྱི། རྒོད།  ཏི་ཕུ་སོགས་ཡོད། སྐྱེས་དངོས་དབྱར་རྩྭ་དགུན་འབུ། ཡུ་གུ་ཤིང་། ཀོ་ཤ སྙི་བ། གངས་ལྷ་མེ་ཏོག པད་མ་སེར་པོ།  ལུག་མིག་མེ་ཏོག  བྱི་ཤང་དཀར་མོ། དབྱར་རྩྭ་དགུན་འབུ། ཨ་བྷི་ཎ། རྫ་ཡུངས། ཀླུ་བདུད་དཀར་ནག གླང་ཆེན་ཆིག་ཐུབ། སྐྱེར་པ། སོ་ལོ་དམར་པོ། སྡེ་ཁུང་སོགས་ཡོད། མངའ་ཁོངས་ནང་གཏེར་ཁའི་ཐོན་ཁུངས་གཙོ་བོ་གསེར་བྱེ། ཞ་ཉེ། མུ་ཟི། ལྕགས། ཆུ་ཤེལ་རྡོ། མཱན། མཐི། ཧ་ཡང་། ཆུ་ཤེལ་སོགས་ཡོད།[9]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] Document No.0833_LTWA_25 རྩ་ཚིག་དེ་བཞིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་ཨང་༢༥པར་བཞུགས། ཡིག་ཚགས་དེ་ནི་བོད་ཤོག་དྲིལ་མ་ཞེང་ཚད་ལ་སན་ཊི་མི་ཊར༧༨དང་རིང་ཚད་ལ་སན་ཊི་མི་ཊར༢༤༤ཅན་ཞིག་དང་། སྔ་ཕྱི་ཀུན་ཁྱུག་ཡིག་ཏུ་བྱས་ཤིང་ཁྱོན་ཡིག་འབྲུ་༤༦༣༧མཆིས།

[2] གོང་གསལ་གཞུང་རྒྱུག་ལྡིང་ཁག་གསེར་ཁུང་པ་སོགས་ལ་ཁྲལ་སྒྲུབ་རྐང་ཉི་ཤུ་རྩ་གསུམ་ཡོད་ཀྱང་བུད་སྟོང་གིས་རྐྱེན་པས། ལྕགས་སྟགས་ནས་བཟུང་རྐང་ཉི་ཤུ་རྩ་གཅིག་རྫོང་སྐྱོང་ཁོངས་སུ་བཞག་འདུག་པ་དང་། དེ་བཞིན་གྲོ་ལུང་ལྡིང་འོག་རྒན་ཁག་སོགས་ལའང་སྒྲུབ་རྐང་སུམ་ཅུ་སོ་གཅིག་ཡོད་མོད་ཀྱང་། བུད་སྟོང་ལས་རྐང་ཉི་ཤུ་རྩ་གསུམ་རྫོང་སྐྱོང་དུ་སླེབས་ཡོད་འདུག་ཅིང་། ལྷག་པར་ཟངས་རོང་ལྡིང་འོག་ལྟ་བུར་མཚོན་ན་ལྕགས་སྟག་ཞིབ་གཞུང་གོང་གི་ཡིག་ཆར་སྒྲུབ་རྐང་ཉི་ཤུ་ཕྱེད་རྩ་གཉིས་འཁྲི་བའི་ས་རིས་ཡོད་ཀྱང་། ཞིབ་གཞུང་དེ་བཀོད་སྐབས་ལེབ་སྟོང་དུ་འགྱུར་བས་ས་རིས་དགེ་བེད་ཆེད་རྫོང་སྐྱོང་འོག་འཇགས་འདུག

[3] སྒེར་པ་བྱ་པའི་ཁྲལ་འདོན་སྐོར་ལ་ལྕགས་བྱི་(༡༧༨༠)སྒོ་དེབ་མཆན་བཀོད་བྱེད་སྐབས། སྒེར་དེར་ཁྲལ་པ་བསྡད་རྐང་བཞི་བརྒྱ་དང་སུམ་ཅུ་སོ་ལྔ་དང་། བུད་སྟོང་དུ་འགྱུར་བ་རྐང་སུམ་བརྒྱ་དང་ཕྱེད་བཞི་ཡོད་པར། དུས་སྐབས་དེར་ཞིབ་དཔྱོད་པས་བསྡད་རྐང་གཉིས་དང་ལྔ་ཆ་གཉིས་དང་བརྒྱད་ཅུ་ཐམ་པའི་ཆ་རེར་བུད་རེ་དང་། བུད་རྐང་བཞི་རེར་འདོན་རེ་བརྩིས་པས་འདོན་ཉིས་བརྒྱ་དང་དྲུག་བཅུ་རེ་བཞི་ཙམ་ཡོད་པར། ཤིང་འབྲུག་(༡༧༨༤)ལོར་འདོན་ཆག་སུམ་ཅུ་སོ་བཞི་བཏང་འདུག་ལ། ལྕགས་སྟག་ཞིབ་གཞུང་སྐབས་ཁྲལ་འབབ་ངོ་བོ་རྐང་བཞི་བརྒྱ་དང་བཞི་གསུམ་ཆ་གཅིག་ལ་ཉིས་སྣའི་འདོན་གཉིས་བརྒྱ་དང་གཉིས་དྲུག་ཆ་གཅིག་གཏན་འབེབས་མཛད་པ་ལས། མི་སེར་སྟོང་ཚབ་ཆེ་ཁར་བསྡད་དུད་ཀྱང་འཁྱེར་དམན་ལ་བརྟེན་གཞུང་སའི་ཞིབ་དཔྱོད་པ་དང་ལྷུན་རྩེ་འདུ་སྤྱི་གྲོས་མོལ་གྱིས། ས་རྟེན་དང་ཁྲལ་འཁྲི་ག་འཛོལ་མི་ཡོང་ཆེད་འདོན་ལྔ་བཅུ་ང་གཉིས་དང་དྲུག་ཆ་གཅིག་གི་རྒྱ་ཤིང་བརྔོད་གསུམ་གྱི་མཚོན་གཞུང་འབབ་དང་། རྫོང་སྐྱེལ་སོགས་ཞི་དྲག་ཁྲལ་རིགས་ཆེ་ཕྲ་རྩ་ཆག་གནང་བ་བོད་ལ་དུས་འགྱུར་མ་བྱུང་བར་སྔར་མུས་སུ་གནས་ཡོད་འདུག

[4] (1)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གས་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༡༡༩།

(2) 武振华.西藏地名.中国藏学出版社.1995年.

[5]索朗旺堆,错那隆子加查曲松县文物志,西藏人民出版社.1993.Pg 46.

[6]西藏地名资料简编,西藏自治区革命委员会测绘局.1979.Pg 119-122.

[7]西藏地名资料简编,西藏自治区革命委员会测绘局.1979.Pg 119-122.

[8]西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 101.

[9]西藏地名.国家测绘局地名研究所编.中国藏学出版社.1995.北京.Pg. 101.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།