མཆོད་རྟེན་ནི་སཾ་སྐྲྀ་ཏའི་སྐད་དུ་སྟཱུས(Stupa)ཞེས་འབོད་ཅིང་དོན་དུ་མཆོད་པའི་ཞིང་ངམ་རྟེན་ཏེ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་ལས་ཐུགས་ཀྱི་རྟེན་ལ་བརྗོད་ཅིང་། སཾ་སྐྲྀ་ཏའི་སྐད་དུ་སྟཱུས་ཞེས་པ་དེ་ཡང་དོན་ངོ་མར་རྟེན་མཆོག་ལྟ་བུ་དང་བང་སོ་ལྟ་བུ་གཉིས་ཀ་ལ་འཇུག རྟེན་མཆོག་ཅེས་པ་དྲན་རྟེན་གྱི་བཟོ་སྐྲུན་ལྟ་བུ་ལ་འབོད་ཅིང་བང་སོ་ནི་རོ་འཇུག་སའི་པུར་སྒམ་གྱི་དོན་ཡིན། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལོ་རྒྱུས་ལས། སྟོན་པ་ཤྰཀྱ་ཐུབ་པ་ཞིང་འདིར་མ་བྱོན་པའི་སྔོན་སངས་རྒྱས་གསེར་ཐུབ་ཀྱི་རིང་ལ “འབྲས་སྤུངས་མཆོད་རྟེན”བཞེངས་པར་གསུངས་པ་བཞིན་བདག་ཅག་གི་སྟོན་པ་མ་བྱོན་གོང་ནས་རྒྱ་གར་དུ་མཆོད་རྟེན་ཡོད་པ་ཞིག་སྟེ། རྒྱལ་པོ་སོ་སོའི་བང་སོ་ལའང་སྟཱུས་ཞེས་འབོད་པ་ཡིན། རང་རེའི་བོད་ཀྱི་ཡུལ་དུ་ཆ་བཞག་ནའང་གནའ་རབས་བོན་གྱི་ཆོས་དར་བ་ནས་འགོ་ཚུགས་ཏེ། ཡུལ་ལྷ། གཞི་བདག བཙན་དང༌། རྒྱལ་པོ་མཆོད་ཡུལ་རྟེན་ནམ། རྟེན་མཁར་དེ་བོད་ཡུལ་གྱི་མཆོད་རྟེན་ལས་སྔ་བར་འདོད་དོ། དེ་ཡང་ད་སྐབས་མཆོད་རྟེན་དང་གདུང་རྟེན་གྱི་དབྱེ་བ་དེ་ཙམ་འབྱེད་མི་ཤེས་པའང་མང་བས་སྤྱིར་མཆོད་རྟེན་ལ་སྐུ་རུས་སམ་པུར་ཐལ་མེད་པ་དང་ཡོད་པ་གཉིས་ལས་སྐུ་རུས་པུར་ཐལ་ཡོད་པ་ལ་གདུང་རྟེན་ཞེས་འབོད་ན་གོ་བདེ་བ་དང༌། མཆོད་རྟེན་ཡིན་ན་གདུང་རྟེན་ཡིན་མ་དགོས་ཀྱང་གདུང་རྟེན་ནི་མཆོད་རྟེན་གྱི་བྱེ་བྲག་གོ མཆོད་རྟེན་འདི་ཉིད་འཛམ་བུའི་གླིང་དུ་ཐོག་མར་དར་བ་ནས་ད་ལྟའི་བར་ལོ་ངོ་སུམ་སྟོང་ཡས་མས་ཀྱི་ལོ་རྒྱུས་ཡོད་འདོད་པར་མཁས་དབང་རྣམས་ཀྱིས་བཞེད་ཚུལ་གཅིག་མཚུངས་ཡིན། ཡིན་ནའང་མཆོད་རྟེན་གྱི་ཐོག་མའི་རྣམ་པ་ནི་གདོད་མའི་དུར་འཇུག་གི་བང་སོ་བརྩིགས་སྲོལ་ལས་རིམ་གྱིས་མཆེད་པ་ཞིག་མིན་ནམ་སྙམ་མོད་ཁུངས་མེད་ཀྱི་འོལ་ཚོད་སྨྲ་བར་མི་འོས་ཕྱིར་བློ་ལྡན་རྣམ་པས་མུ་མཐུད་དུ་དཔྱད་པར་འཚལ།