ལྷ་ལྡན་སྨོན་ལམ་ཆེན་མོའི་འདྲ་པར་རྙིང་པ་དང་ལོ་རྒྱུས་འགྲེལ་བཤད།

ལྷ་ལྡན་སྨོན་ལམ་ཆེན་མོའི་འདྲ་པར་རྙིང་པ་དང་ལོ་རྒྱུས་འགྲེལ་བཤད།

དེ་ཡང་བོད་ཀྱི་གྲུབ་མཐའ་ཆེན་མོ་བཞིའི་ཡ་གྱལ་རྙིང་མ་ས་བཀའ་སོགས་ལ་ལེགས་པར་སྦྱངས་ཏེ་དགེ་ལུགས་པའི་སྲོལ་གཏོད་པ་རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཁོངས་སུ་གཏོགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོ་འདི་སྟོན་པ་ཤཀྱ་ཐུབ་པའི་ཆོ་འཕྲུལ་དུས་ཆེན་གྱི་དྲན་གསོ་དང་སྦྲགས་སྤྱི་ལོ་༡༤༠༩ལོར་དབུ་བཙུགས་སོ།།

སྤྱི་ལོ་༡༤༡༩ལོར་རྗེ་ཙོང་ཁ་པ་སྐུ་འདས་པ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོའི་ཚོགས་དབུར་རྒྱལ་བ་ཡབ་སྲས་དང་དགའ་ལྡན་ཁྲི་པ་སོགས་ཕེབས་སྲོལ་ཡོད་པ་ལྟར་པཎ་ཆེན་མཆོག་གིས་སྨོན་ལམ་ཆེན་མོ་བསྐྱར་བཙུགས་གནང་བ་དང་འབྲེལ་སྤྱི་ལོ་༡༩༨༦ལོར་བསྐྱོན་པའི་འདྲ་པར་ཡིན།།

པཎ་ཆེན་རིན་པོ་ཆེ་མཆོག་ལ་ཚོགས་ཕུད་འབུལ་བཞིན་པ་ཡིན།

སྨོན་ལམ་ཆེན་མོ་ནི་རྗེ་རིན་པོ་ཆེའི་སྐུ་དུས་སུ་བོད་ཟླ་དང་པོའི་ཚེས་གཅིག་ཉིན་དབུ་བཙུགས་ཀྱི་ཡོད་པ་འདྲ་ཡང་རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐབས་ནས་བཟུང་སྨོན་ལམ་ཆེན་མོ་འདི་གཞུང་གི་བྱེད་སྒོ་ལྟ་བུར་སོང་བར་བརྟེན་ཚེས་གཅིག་བླ་མ་ལོ་གསར། ཚེས་གཉིས་རྒྱལ་པོ་ལོ་གསར། ཚེས་གསུམ་གཟབ་གསོལ་གྲོལ་སྟོན་ཞེས་བར་བསྐོར་གྱི་ཕྱོགས་བཞིར་ཡོད་པའི་དར་ཆེན་ལྔ་པོ་སྐུ་བཞེངས་ཀྱི་བྱེད་སྒོ་སོགས་གནང་སྟེ་གཞུང་གི་ལོ་གསར་གྲུབ་པ་དང་ཚེས་བཞིར་སྨོན་ལམ་འཚོགས།།

 

ལྷ་ལྡན་སྨོན་ལམ་མོའི་དབུ་མཛད་དང་སྐད་་བཟང་བའི་འདྲ་པར་ཡིན། དབུ་མཛད་ནི་དགེ་འདུན་འདུས་ཚོགས་ཀྱི་ཆོས་འདོན་གྱི་སྣེ་འཁྲིད་པ་དང་སྐད་བཟང་བ་ནི་འདོན་པར་རམ་སྐྱོར་བྱེད་མཁན་ཞིག་ཡིན།

སྤྱི་ཚོགས་གསར་རྙིང་གཉིས་སུ་བྱོན་པའི་དགེ་བཤེས་ལྷ་རམས་པ་ལྷན་ཞུགས་ཀྱི་འདྲ་པར།

སེ་འབྲས་དགའ་གསུམ་གྱི་དཔེ་ཆ་བ་རྣམས་ཀྱིས་དགེ་བཤེ་ལྷ་རམས་པ་རྣམས་ལ་ཆོས་ཀྱི་བགྲོ་གླེང་ངམ་ཆོས་རྩོད་གནང་བཞིན་པ། སྤྱི་ལོ་༡༦༡༣ལོར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དགེ་བཤེས་ལྷ་རམས་པ་གཏོང་སྲོལ་གསར་གཏོད་གནང་བས་དགེ་བཤེས་ལྷ་རམས་པའམ་ལྷ་ལྡན་སྨོན་ལམ་རབ་འབྱམས་པར་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།

ད་ལྟ་ང་ཚོའི་མཐོང་ཆོས་སུ་འགྱུར་བའི་ཆོས་རྩོད་གནང་སྲོལ་ནི་དུས་རབས་༡༢པའི་དུས་དཀྱིལ་ཙམ་ལ་ལྷ་ས་སྐྱིད་ཆུའི་ལྷོ་ངོས་སུ་གནས་པའི་གསང་ཕུ་དགོན་པའི་མཁན་ཐོག་དྲུག་པ་ཕྱྭ་པ་ཆོས་སེང་གིས་སྲོལ་གཏོད་གནང་བ་ཡིན་ནོ།

བཅོ་ལྔ་མཆོད་པ་ནི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་བཤམ་རྒྱུའི་མར་གྱི་མཆོད་པ་ཡིན་པས་མིང་དེ་ལྟར་ཐོགས། སྔར་བར་བསྐོར་གྱི་ཕྱོགས་ཚང་མར་བཅོ་ལྔ་མཆོད་པ་ཆེ་ཆུང་འདྲ་མིན་མཇལ་རྒྱུ་ཡོད་པ་རྣམས་ནི་སེ་འབྲས་དགའ་གསུམ་དང་སྐུ་དྲག་དང་མི་ཚང་ཆེ་ཁག་རྣམས་ཀྱིས་བཞེངས་པ་ཞིག་ཡིན།།

སྨོན་ལམ་ཆེན་མོ་འགྲོལ་མཚམས་སྟེ་ཚེས་༢༥ཉིན་གྱི་བྱམས་པ་གདན་འདྲེན་ནི་སྟོན་པ་ཤཀྱ་ཐུབ་པའི་བསྟན་པ་རྫོགས་རྗེས་མ་འོང་པའི་སངས་རྒྱས་རྒྱལ་བ་བྱམས་པའི་བསྟན་པ་མྱུར་དུ་འཆར་བའི་རྟགས་དང་རྟེན་འབྲེལ་གྱི་མཚོན་དོན་ཡིན་པ་དང་རྗེ་ཙོང་ཁ་པས་སྲོལ་གཏོད་གནང་།

རྨེ་རུ་བཞི་སྡེའི་དགེ་འདུན་ཀྱིས་གཙོ་བྱས་པའི་སེར་ཕྲེང་གིས་རྒྱལ་བ་བྱམས་པ་བར་བསྐོར་དུ་གདན་འདྲེན་པ་དང་བླ་ཕྱག་ལས་ཁུངས་ནས་མཇལ་དར་བསྒྲོན་པ་དང་དེ་ནས་ད་ལྡན་སེར་སྐྱ་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་སྨོན་ལམ་འདེབས་པ་དང་མཇལ་དར་འབུལ་བ་ཡིན།

རྒྱལ་བ་གནས་འདིར་བྱོན་པས་མི་རྣམས་དགའ་བས་མྱོས་ཏེ་རྡོ་འགྱོགས་དང་ཤེད་འགྲན་པ། རྟ་རྒྱུགས་མི་རྒྱུག་སོགས་ལུས་རྩལ་རྣམ་གྲངས་འདྲ་མིན་རྩེད་དེ་དགའ་བའི་བསུ་བ་ཞུ་བཞིན་པ།

ལྷ་ས་ནི་སྐྱིད་ཆུ་གཙང་པོའི་འགྲམ་དུ་གནས་པས་ཆུ་ཉེན་ཆེན་པོ་ཡོད་པར་བརྟེན་ལོ་རྒྱུས་ཐོག་ཆུ་ཟློག་གི་བྱེད་སྒོ་མང་པོ་སྤེལ་མྱོང་བ་ཡིན། རྒྱལ་པོ་སྲོལ་བཙན་གྱི་སྐུ་དུས་སུ་ལྷ་ས་ཨ་ནེའི་མཚམས་ཁུང་དགོན་གྱི་མཚམས་ཁུང་དུ་རྒྱལ་པོ་སྲོང་བཙན་གྱིས་ཆུ་ཟློག་གི་སྐུ་མཚམས་བཞུགས་མྱོང་བ། ཉང་ཉི་མ་འོད་ཟེར་གྱི་ལྷ་སའི་ཆུ་རགས་ཐོག་མར་བཟོས་པ། གུང་ཐང་བླ་མ་ཞང་གི་བསླབ་མ་ལྷ་རྗེ་དགེ་བ་འབུམ་གྱིས་ཆུ་རགས་ལ་ཞིག་གསོ་གནང་བ་ཡིན།

དུས་རབས་བཅུ་དྲུག་པའི་ནང་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་བས་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་སེ་འབྲས་ཀྱི་དགེ་འདུན་པ་རྣམས་སྐུལ་སློང་གིས་རགས་རྡོ་སྐྱེལ་བའི་སྲོལ་གཏོད་པས་ཇོ་བོ་རགས་གསོ་ཞེས་ལོ་ལྟར་གྱི་སྨོན་ལམ་ཆེན་མོའི་ཚེས་༢༥ཉིན་དགེ་འདུན་པ་སོ་སོས་བཅོ་ལྔ་མཆོད་པའི་རྒྱབ་ཤིང་གནོན་བྱེད་ཀྱི་རྡོ་སོགས་ཉོས་ཏེ་རགས་རྡོ་ཁ་གསོས་ཀྱི་རྡོ་སྐྱེལ་བ་དང་དགའ་ལྡན་ཁྲི་པས་རབ་གནས་སུ་ཕེབས་སྲོལ་སྐབས་དེ་ནས་དར་བ་དང་པཎ་ཆེན་རིན་པོ་ཆེས་དོན་དེ་དང་མཐུན་པར་མཛད་པ་དེ་བསྐྱངས་སོ།།

 

བརྒྱུད་སྐུལ།

མཆན་སྤེལ།