ཉེ་བའི་རིན་ཆེན་བདུན་གྱི་མཚོན་དོན་འགྲེལ་བཤད།
འཁོར་ལོས་སྒྱུར་རྒྱལ་གྱི་ལོངས་སྤྱོད་གཞན་ཉེ་བའི་རིན་ཆེན་བདུན་ནི། མངོན་བྱང་གི་མདོ་ལས། འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། ། དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། ། མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། ། རེག་འཇམ་གཟིམ་ཆས་ལྭ་གོས་རྣམ་པ་བདུན། ། ཞེས་དང༌། སྒྲོལ་དཀར་བརྟན་བཞུགས་ལས། གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌། ། ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌། ། ཡང་འཇམ་ཉོན་མོངས་སྤངས་པའི་མལ་ཆ་དང༌། ། དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ། ། གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ། ། ཐག་བཟང་བསྲེག་བཅད་མི་ནུས་འཇམ་པའི་གོས། ། ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷམ། ། ཉེ་བའི་རིན་ཆེན་སྣ་བདུན་འདི་དག་འབུལ། ། ཞེས་གསུངས་པ་ལྟར་ཉེ་བའི་རིན་ཆེན་བདུན་ནམ་དམན་པའི་རིན་ཆེན་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་རྗེས་སུ་འགྲོ་བའམ་དེ་དང་བར་ཐག་ཉེ་བའི་རིན་ཆེན་གྱི་རིགས་ཡིན་པས་ཉེ་བའི་རིན་ཆེན་སྣ་བདུན་ཞེས་གྲགས་སོ། །




