བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་འགྲེལ་བཤད།

བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་འགྲེལ་བཤད།

དེ་ཡང་བཀྲ་ཤིས་པའི་རི་མོ་བཀྲ་ཤིས་རྟགས་བརྒྱད་ནི། ཇི་སྐད་དུ།

རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །

འདོད་འཇོའི་བུམ་བཟང་ཡིད་འོང་ཀ་མ་ལ། །

སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །

མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོའོ། །

ཞེས་དང༌། རྣམ་སྲས་ཀྱི་མངོན་རྟོགས་ལས།

རིན་ཆེན་གདུགས་དང་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་བཟང༌། །

དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །

དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །རྒྱལ་ཆེན་འཁོར་དང་བཅས་ལ་འབུལ། །ཞེས་དང༌། སྒྲོལ་དཀར་བརྟན་བཞུགས་ལས་ཀྱང་། འཁོར་ལོ་རྒྱལ་མཚན་གདུགས་དང་དཔལ་བེའུ། །པདྨ་བུམ་བཟང་གསེར་ཉ་དུང་གཡས་འཁྱིལ། །མཆོག་ཏུ་བཀྲ་ཤིས་མཚན་པའི་རྟགས་བརྒྱད་པོ། །ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ་ཕྱིར་འབུལ། །ཞེས་པ་ལྟར་བཀྲ་ཤིས་རྟགས་བརྒྱད་ནི་འཇིག་རྟེན་གྱི་མེས་པོ་ལྷ་ཆེན་ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང༌། སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་དུ་ཡོད་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་ཡོད་པ་དེ་དང་དེ་ལ། རང་གཞན་གྱི་བསོད་ནམས་གསོག་པའི་སླད་དུ་དང་། ལྷག་པར་གཟུགས་བརྙན་གྱི་དམིགས་རྟེན་ཙམ་དུ་བྱས་ནས་འབུལ་ན་དགེ་ཚོགས་ཆེ་བ་བཅས་བོད་མིའི་སྤྱི་ཚོགས་ནང་རྟགས་དང་རྟེན་འབྲེལ་དགའ་སྟོན་སོགས་ཀྱི་བོད་རིས་ལ་སྤྱོད་སྒོ་རྒྱ་ཆེ་བའི་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་མཚོན་བྱེད་ལ་གྲུབ་མཐའ་སོ་སོའི་འདོད་ལུགས་མི་མཐུན་པ་ཅུང་ཟད་སྣང་ཡང༌། ཐུན་མོང་གི་འདོད་པ་ནི།

༡༽ གདུགས་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གདུགས་དཀར་གསེར་གྱི་ཡུ་བ་ཅན། །

ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཞེས་པ་ལྟར། གདུགས་ནི་ཐོག་མར་འཇིག་རྟེན་གྱི་མེས་པོ་ལྷ་ཆེན་ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང༌། སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་དུ་ཡོད་པ། སྤྱིར་འཇིག་རྟེན་གྱི་བྱུང་བའི་སྒོ་ནས་གོས་དར་དཀར་པོ་ཁ་དོག་གི་སྒོ་ནས་མཆོག་ཏུ་བརྩི་ཞིང༌། ས་སྤྱོད་རྒྱལ་པོ་རྣམས་ལ་སྲི་ཞུའི་རྫས་ལས་ཆེས་མཐོ་བ་ནི་གདུགས་དཀར་པོ་ཡིན་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་མངོན་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། དར་སྣ་ཚོགས་ཀྱི་འཕུར་ལྡིང་གཡོ་བ་རིན་པོ་ཆེའི་ཏོག་གིས་མཛེས་པའི་གདུགས་ཀྱི་མཚོན་བྱ་ནི་གཞན་ཕན་བྱང་ཆུབ་ཀྱི་སེམས་དང༌། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་དང༌། སྲིད་ཞིའི་གདུང་བ་ལས་སྐྱོབ་པ་བཀྲ་ཤིས་པའི་རྟགས་སུ་མཚོན་པ་དང༌། སྟོན་པས་ཀྱང་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ། གཞན་ཡང་མཚོན་དོན་དུ། ཡུ་བས་བཤད་སྒྲུབ་ཀྱི་བྱ་བ་དང༌། ཤམ་བུས་སྡེ་སྣོད་གསུམ། ཏོག་གིས་བསླབ་པ་གསུམ། གྲིབ་བསིལ་གྱིས་སྡུག་བསྔལ་ཕྲ་རགས་ལས་སྐྱོབ་པ་བཅས་མཚོན་པའོ།།

༢༽ གསེར་ཉ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ན་བཟའ་གསེར་གྱི་ཉ་རིས་ཅན། །

ཕུལ་བ་དེ་བཞིན་བདག་འབུལ་གྱི། །ཅི་བདེར་བར་ནི་བཞེས་སུ་གསོལ། །ཞེས་པ་ལྟར། ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་གྱི་མཚོན་བྱེད་གསེར་ཉ་གཡུ་ཡི་འདབ་གཤོག་དང་ལྡན་པ། མིག་འབྲས་སྒོར་ཞིང་མཛེས་ལ་འོད་འཁྱུག་པ། མཉེན་ཞིང་ལྕུག་པའི་ཉམས་འགྱུར་ཅི་ཡང་ངོམ་ཞིང༌། སྐྱེ་བོ་ཀུན་ལ་ཤེས་རབ་ཀྱི་མིག་སྦྱིན་པར་བྱེད་པ་དང༌། གཡང་རྣམས་ཉེས་པའི་སྐྱོན་སྤངས་པར་བྱེད་ཅིང༌། ཆོས་སྲིད་ཤེས་བྱར་འཁྱུག་པའི་རྟགས་སུ་མཚོན་པ་དང༌། ཡང་ན་ཉ་མོ་གསེར་གྱི་ཁྲབ་ཅན་གྱི་ལོ་རྒྱུས་ལྟར་བཀྲ་ཤིས་པ་དང༌། རྒྱ་མཚོར་རོལ་པས་དམ་པའི་ཆོས་ལ་སྤྱོད་པ་དང༌། མྱུར་འཁྱུག་གིས་ཤེས་རབ་དང༌། གསེར་མདོག་ཅན་གྱི་མིག་གཉིས་འབུར་བས་བདེན་གཉིས་བཅས་མཚོན་ནོ།།

༣༽ བུམ་པ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །རེ་བ་ཐམས་ཅད་རྫོགས་མཛད་པའི། །

བུམ་པ་བཟང་པོ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་གསེར་གྱི་བུམ་པ་ནི། དེ་བཞིན་གཤེགས་པའི་མགུལ་གྱི་རྣམ་པ་སྟེ། བཀྲ་ཤིས་པའི་མཚན་མས་ཀུན་ནས་སྤྲས་པ། གསེར་གྱི་བུམ་པའི་ནང་དུ་དྭངས་གསལ་འཆི་མེད་བདུད་རྩིས་གང་བའམ། ཡང་ན་རིན་པོ་ཆེས་གང་བ་ཟད་མི་ཤེས་པའི་གཏེར་ཆེན་པོའི་བུམ་པས་སྐྱེ་རྒུ་ཐམས་ཅད་བུམ་པའི་བཅུད་ཀྱིས་གང་བ་ལྟར་རང་རྒྱུད་ཆོས་ཀྱིས་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང༌། ཡང་ན་འདོད་དགུའི་ལོངས་སྤྱོད་ཐམས་ཅད་འབད་མེད་དུ་འབྱུང་བའི་གཏེར་གྱི་བུམ་པས་ཡོན་ཏན་དང་བསོད་ནམས་ཕུང་པོའི་བཅུད་ཀྱིས་རབ་ཏུ་གང་ཞིང་རྣམ་དཀར་བསོད་ནམས་ཀྱི་རྟེན་བྱེད་ཅིང༌། ཅི་འདོད་ཚེའི་བདུད་རྩིར་མཚོན་པ་དང༌། སྲིད་ཞིའི་དགེ་ལེགས་འཛད་མེད་འཕེལ་བ་སོགས་མཚོན་པ་ཡིན།

༤༽ པདྨ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །འདམ་གྱི་སྐྱོན་གྱིས་མ་གོས་པའི། །

པདྨ་དཀར་པོ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པར་ལྟར་བདག་སོགས་འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་པ་མཚོན་བྱེད་མེ་ཏོག་པདྨ་ཚོན་མདངས་ཀྱིས་རབ་ཏུ་མཛེས་ཤིང༌། དྲི་བཟང་པོ་ཕྱོགས་མེད་དུ་འཐུལ་བ། འདབ་སྟོང་རྣམ་པར་བཞད་ཅིང་མཉེན་ལྕུག་གི་ལོ་མ་རྒྱས་པ། ཚེ་རབས་ཀུན་ཏུ་རྫུན་ལ་སོགས་ངག་གི་མི་དགེ་བ་ཐམས་ཅད་ཡོངས་སུ་སྤངས་ཏེ་ཚིག་འཇམ་པོས་སྨྲ་མཁས་པ། དམ་པའི་ཆོས་ཀྱི་བདུད་རྩི་མྱངས་ནས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་ལྗགས་པདྨ་ལྟ་བུ་འཐོབ་པར་བྱེད་ཅིང༌། སྲིད་པར་གནས་ཀྱང་སྲིད་པར་མ་ཆགས་པར་ལས་ཉོན་གྱི་དྲི་མས་མ་གོས་པ། འདོད་ཡོན་ལྔའི་ཡོན་ཏན་དང་ལྡན་པས་ལྷ་ཆེན་པོ་རྣམས་ཀྱང་དེ་ལ་དགའ་བ་ལྟར། དེས་ཀྱང་ལམ་འབྲས་ལྟ་སྤྱོད་སོགས་ཕྱི་ནང་ཐམས་ཅད་གཙང་བ་སྦྲང་རྩིའི་བཅུད་ཆགས་པ་དང་འདྲ་བར་མཚོན་པའོ།།

༥༽ དུང་དཀར་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །སྙན་པ་ཕྱོགས་བཅུར་སྒྲོགས་པ་ཡི། །

འབུད་དུང་གཡས་འཁྱིལ་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་དུང་དཀར་གཡས་འཁྱིལ་ནི། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་ལྔ་པས་བཟུང་བའི་བཀྲ་ཤིས་པའི་ཆོས་དུང་གཡས་སུ་འཁྱིལ་བ་བུས་པའི་སྒྲ་སུས་ཐོས་ཀྱང་ངན་འགྲོར་མི་སྐྱེ་བའི་ཕན་ཡོན་ཡོད་ཅིང༌། སྟོན་པར་ཆོས་འཁོར་བསྐོར་བར་བསྐུལ་བའི་རྟེན་དུའང་དུང་དཀར་བྱུང་ཞིང༌། སངས་རྒྱས་ཀྱི་ཚེམས་ཕྲེང་བཞི་བཅུའི་མཚན་མ་མངོན་སུམ་དུ་གསལ་ཞིང༌། ཚེམས་ཀྱི་བར་ནས་དམ་པའི་ཆོས་དང༌། བཀྲ་ཤིས་པའི་སྒྲ་དབྱངས་ཏེ་གསུང་དབྱངས་ཕྱོགས་བཅུར་སྒྲོག་པ་དང༌། སྐྱེ་རྒུ་རྣམས་ལ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པའི་བཀྲ་ཤིས་པའི་དུང་དཀར་གཡས་སུ་འཁྱིལ་བ་སྟེ། དུང་དཀར་གཡས་འཁྱིལ་གྱིས་སྙན་པ་དམ་པའི་ཆོས་ཀྱི་སྒྲ་དབྱངས་ཕྱོགས་བཅུར་ཁྱབ་པའི་ཚངས་པའི་གསུང་དབྱངས་ཚོན་པ་ཡིན།

༦༽ དཔལ་བེའུ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །དཔལ་གྱི་བེའུ་གཡུང་དྲུང་འཁྱིལ། །

དགེ་བའི་དོན་དུ་མངའ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་དཔལ་བེའུ་ནི། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་མཚོན་བྱེད་རིན་པོ་ཆེ་དཔལ་བེའུ་འཇའ་དང་འོད་ཀྱི་རང་བཞིན་ཅན་ལྟ་ན་སྡུག་པ་པ་ཏྲ་ལྟར་འཁྱིལ་བ་ཅན། སངས་རྒྱས་ཀྱི་མཁྱེན་པ་ཐམས་ཅད་ཐོགས་མེད་དུ་མཁྱེན་ཅིང༌། གཏིང་དཔག་དཀའ་བའི་སྟོབས་ཐམས་ཅད་རང་གི་རྒྱུད་ལ་འཐོབ་པར་བྱེད་ཅིང༌། དཔལ་བེའུའམ་པ་ཊ་ནི་ཐུགས་སམ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་ཡེ་ཤེས་ལྔ་ཡི་དཔལ་དང་ལྡན་པ་དང༌། དཔལ་བེའུ་ནི་གཡུང་དྲུང་གི་རི་མོ་སྟེ། རྟག་བརྟན་འགྱུར་མེད་དང༌། ཚེ་རིང་འབྱུང་བའི་རྟགས་སུ་ལུས་ལ་འདིའི་རི་མོ་འབྱུང་བས་རྟག་བརྟན་འཆི་བ་མེད་པའི་གོ་འཕང་སྟེ་ཐར་ལམ་མཚོན་ནོ།།

༧༽ རྒྱལ་མཚན་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །ཉོན་མོངས་བདུད་ལས་རྒྱལ་བ་ཡི། །

ཆོས་ཀྱི་རྒྱལ་མཚན་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་རྒྱལ་མཚན་ནི། ལྷ་རྫས་ལས་གྲུབ་པའི་དར་ཚོན་སྣ་ལྔ་ལྷབ་ལྷུབ་དུ་གཡོ་ཞིང༌། དགོས་འདོད་ཀུན་ཏུ་འབྱུང་བའི་ནོར་བུ་རིན་པོ་ཆེ་ཏོག་གིས་མཛེས་པར་སྤུད་པ། བསྟན་པ་མི་ནུབ་བསྐལ་པར་གནས་པའི་རྒྱལ་མཚན་རྫོགས་པའི་སངས་རྒྱས་ཀྱི་སྐུ་ལུས་ལྟ་བུ་ཕས་ཀྱི་རྒོལ་བ་དང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང༌། སྟོབས་ཡོངས་སུ་རྫོགས་ཏེ་བརྗིད་ཅིང་མཛེས་པས་མཐོང་བ་ཙམ་གྱིས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ། སྐྱེ་བོ་ཕལ་པའི་ལུས་ལས་སུམ་འགྱུར་གྱིས་འཕགས་པ་ཐོབ་པར་བྱེད་ཅིང༌། རྒྱལ་མཚན་ནི་ཕ་རོལ་བདུད་དང་མུ་སྟེགས་ཕམ་པར་བྱས་ཏེ། མཚན་དཔེའི་ཡོན་ཏན་ཡོངས་སུ་རྫོགས་པར་མཚོན་པ་ཡིན།

༨༽ འཁོར་ལོ་ནི། ཇི་ལྟར་སྔོན་གྱི་སངས་རྒྱས་ལ། །གསེར་གྱི་འཁོར་ལོ་མུ་འཁྱུད་ཅན། །

ཚངས་པ་ཆེན་པོས་ཕུལ་བ་ལྟར། །དེ་བཞིན་བདག་གིས་དབུལ་བར་བགྱི། །ཞེས་པ་ལྟར་འཁོར་ལོ་ནི། ལྷ་ཆེན་ཚངས་པ་ཆེན་པོ་ལ་སོགས་པས་དེ་བཞིན་གཤེགས་པར་ཕུལ་ཞིང༌། དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་དུ་བསོད་ནམས་ཀྱི་སྟོབས་ལས་འཁོར་ལོའི་མཚན་མ་རང་བཞིན་གྱིས་མངོན་པ་སྟེ། དེ་བཞིན་གཤེགས་པའི་ཞབས་ཀྱིས་མཚོན་བྱེད་སྲིད་པའི་དྲ་བ་ཉོན་མོངས་པའི་རང་བཞིན་ཅན་རྩད་ནས་གཅོད་ཅིང༌། ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། གཞན་གྱི་སྟོབས་རྣམས་འཕྲོག་ཅིང་རང་གི་དཔལ་དང༌། ལོངས་སྤྱོད་སྙན་གྲགས་དང༌། དབང་ཐང་ཐམས་ཅད་བསྐྱེད་ཅིང༌། ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་སྟེ། འཁོར་ལོ་ནི་བརྗོད་བྱ་འཁོར་ལོ་གསུམ་དང༌། རྗོད་བྱེད་སྡེ་སྣོད་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོའི་མཚོན་ཚུལ་དང་བཅས་བརྒྱད་པོ་རྣམས་ཡིན་ནོ། །དེ་ལྟར་རྟགས་བརྒྱད་ཕུལ་བས་རང་གཞན་ཐམས་ཅད་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་འགྱུར་རོ།།

དེ་ལྟར་བཀྲ་ཤིས་རྟགས་བརྒྱད་ནི། སངས་རྒྱས་བྱང་སེམས་དང༌། རྩ་བརྒྱུད་ཀྱི་བླ་མ་ཀུན་ལ་མཆོད་པར་འབུལ་བའི་སྲོལ་ཡང་ཡོད། དེ་ཡང་དབུ་ལ་གདུགས་དང༌། སྤྱན་ལ་གསེར་ཉ། མགུལ་ལ་བུམ་པ། ལྗགས་ལ་པདྨ། གསུང་ལ་དུང་དཀར། ཐུགས་ལ་དཔལ་བེའུ། སྐུ་ལ་རྒྱལ་མཚན། ཞབས་ལ་འཁོར་ལོའི་མཆོད་པ་བཀྲ་ཤིས་པའི་རྟགས་སུ་འབུལ་ལོ། །

དེ་ཡང་བཀྲ་ཤིས་བརྩེགས་པ་ལས།

ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབས། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །

གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །

སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པདྨ་ལོ་འདབ་རྒྱས། །

མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ཆེ། །

བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །

དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག །ཅེས་གསུངས་པ་ལྟར་གདུགས་དཀར་གྱིས་སངས་རྒྱས་ཀྱི་སྐུའི་དབུ་གདུགས་ལྟར་རྒྱས་པ་མཚོན་པ་དང༌། གསེར་ཉས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མཚོན་ལ། པདྨས་ཞལ་དཀྱིལ་ཁེབས་པའི་ལྗགས་མཚོན་པ་དང༌། ཆོས་དུང་གིས་དཔལ་གྱི་མགུལ་བ་མཚོན་པ་དང༌། བུམ་པས་གསུང་གི་ཡོན་ཏན་མཚོན་པ་དང༌། དཔལ་བེའུས་ཐུགས་ཀྱི་ཡོན་ཏན་མཚོན་ཞིང༌། རྒྱལ་མཚན་གྱིས་སྐུའི་ཡོན་ཏན་མཚོན་པ། འཁོར་ལོ་འཕྲིན་ལས་ཀྱི་ཡོན་ཏན་མཚོན་བྱེད་དུ་སྦྱར་ནས་དེ་དང་དེས་འཇིག་རྟེན་ཐམས་ཅད་དགེ་བར་མཛད་པའི་ཚུལ་དང་བཅས་རྒྱ་ཆེར་སྤྲོས་པ་ཡོད་དོ།།

གཞན་ཡང་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་དོན་ནི། རིན་ཆེན་གདུགས་ཀྱིས་ཚེ་འདིའི་ནད་རིམས་གདོན་བགེགས་སོགས་བར་ཆད་མི་མཐུན་འགལ་རྐྱེན་དང༌། ཕྱི་མ་ངན་སོང་གསུམ་དང༌། ལྷ་མིའི་སྡུག་བསྔལ་སོགས་འཕྲལ་དང་ཡུན་གྱི་སྡུག་བསྔལ་གྱི་ཚ་གདུང་མཐའ་དག་ལས་སྐྱོབ་ཅིང༌། ཕན་བདེའི་གྲིབ་བསིལ་གྱི་དགའ་སྟོན་ཡངས་པོར་འབེབས་པའི་རྟེན་འབྲེལ། གསེར་ཉས་ཉ་རྣམས་ཆུ་མཚོར་འཇིགས་མེད་ཅི་དགར་འཕྱོ་ཞིང་རྒྱུ་བ་ལྟར་རང་གཞན་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བའི་འཇིགས་པ་མེད་ཅིང༌། བདེ་ནས་བདེ་བར་ཐོགས་མེད་དུ་རང་དབང་གིས་རྒྱུ་ཞིང་རྩེན་པའི་རྟེན་འབྲེལ། གཏེར་ཆེན་བུམ་པས་ཚེ་དཔལ་ལོངས་སྤྱོད་སོགས་ཁམས་གསུམ་གྱི་སྲིད་པ་དང་ཞི་བའི་ཕྱྭ་གཡང་གི་འདོད་རྒུ་མཐའ་དག་ཟད་མི་ཤེས་པ་འཇོ་བའི་རྟེན་འབྲེལ། པདྨས་ལུས་ངག་ཡིད་གསུམ་གྱི་མི་དགེའི་ཉེས་སྐྱོན་གྱི་དྲི་མ་མཐའ་དག་དང་བྲལ་ཞིང༌། རྣམ་དཀར་དགེ་བའི་འདབ་བརྒྱ་ལྷུག་པར་བཞད་དེ་གཏན་བདེ་ངེས་ལེགས་སྦྲང་རྩིའི་བཅུད་བཟང་ལྷུག་པར་འཇོ་བའི་རྟེན་འབྲེལ། དུང་དཀར་གཡས་འཁྱིལ་གྱིས་གདུལ་བྱའི་ཁམས་དབང་མོས་པ་དང་འཚམས་པའི་ཟབ་རྒྱས་ཆོས་ཀྱི་སྒྲ་དབྱངས་སྙན་པར་སྒྲོག་པས། འགྲོ་བ་རྣམས་མ་རིག་པའི་རྨོངས་གཉིད་ལས་སློང་ཞིང༌། རང་གཞན་གྱི་ཕན་བདེ་སྒྲུབ་པའི་བྱ་བར་བསྐུལ་བ། དཔལ་བེའུས་ཆོས་དང་སྲིད་གཉིས་གཅིག་གྲོགས་སུ་གཅིག་འཁྱེར་ཏེ་ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་བ་དང༌། དེ་བཞིན་དུ་ལམ་གྱི་དུས་སུ་ཐབས་དང་ཤེས་རབ་ཟུང་སྦྲེལ། སྟོང་པ་དང་རྟེན་འབྱུང་འགལ་མེད་ཟུང་དུ་འབྲེལ་བ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་དང་བརྩེ་བ་ཟུང་འཇུག་བཅས་ཀྱི་རྟེན་འབྲེལ། རྒྱལ་མཚན་གྱིས་རང་གཞན་ཀུན་གྱི་སྒོ་གསུམ་བྱ་བ་དང་བཅས་པ་བར་ཆད་མི་མཐུན་པའི་རྐྱེན་གྱིས་བརྫི་བ་མེད་པར་རྒྱལ་བ་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནག་ཕྱོགས་བདུད་རིགས་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ།   གསེར་གྱི་འཁོར་ལོས་རྒྱལ་བའི་ལུང་དང་རྟོགས་པའི་དམ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྒྱུན་མི་ཆད་པར་འཁོར་ཞིང༌། དེ་ལ་བརྟེན་ནས་སྐྱེ་རྒུ་རྣམས་རྣམ་གྲོལ་དགེ་བའི་དཔལ་ཡོན་ལ་སྦྱོར་བའི་རྟེན་འབྲེལ་བཅས། རྟགས་བརྒྱད་ཀྱི་གཟུགས་བརྙན་གང་དུ་མཆིས་པ་དེར་བཀྲ་ཤིས་ཀྱི་དགེ་མཚན་འཕེལ་བའི་རྟེན་འབྲེལ་མཆིས་པ་ལགས་སོ། །ཞེས་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གིས་གསུངས།

བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་བྱ་ནི་ཐུང་མོང་གི་འདོད་དེ། གཞན་ནི་སྐྱེ་བོ་མཆོག་དམན་བར་མ་ཀུན་གྱིས་རང་རང་གི་རྒྱུད་དང་འཚམ་པར་གོ་བ་གཞན་ལ་བྱེད་པའང་སྣང་ལ། བཀྲ་ཤིས་རྟགས་བརྒྱད་ལ་རེ་རེ་བྱས་ནས་འབྲི་བ་དང༌། རྟགས་བརྒྱད་ཚང་མ་འབྲེལ་ནས་རྟགས་བརྒྱད་བུམ་གཟུགས་སུ་འབྲི་བ་གཉིས་སུ་འབྱུང་ཞིང༌། དེ་ཡང་རྟགས་བརྒྱད་བུམ་གཟུགས་ནི། པདྨའི་དབུས་སུ་དཔལ་བེའུ། དེའི་སྟེང་དབུས་སུ་འཁོར་ལོ་ལ་གསེར་ཉས་བསྐོར་བ། སྟེང་དུ་རྒྱལ་མཚན་དང་གདུགས་ལ་དུང་དཀར་གྱི་ཏོག་གིས་བརྒྱན་པས་བུམ་བཟོ་ཆགས་པས་རྟགས་བརྒྱད་བུམ་གཟུགས་ཞེས་བརྗོད་ཅིང༌། དེ་ནི་བཟོ་བོའི་འདུ་བྱེད་ཀྱི་རྩལ་ལས་བྱུང་བ་ཡིན་གྱི་མཚོན་བྱ་གཞན་ཡོད་པ་མ་མཐོང་ངོ༌། །བདེ་དཀར་བརྟན་བཞུགས་ལས།

འཁོར་ལོ་རྒྱལ་མཚན་གདུགས་དང་དཔལ་བེའུ། །

པདྨ་བུམ་བཟང་གསེར་ཉ་དུང་གཡས་འཁྱིལ། །

མཆོག་ཏུ་བཀྲ་ཤིས་མཚན་པའི་རྟགས་བརྒྱད་པོ། །

ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ་ཕྱིར་འབུལ། །

ཞེས་སོ།།

བརྒྱུད་སྐུལ།

མཆན་སྤེལ།