ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། སྤུ་ཧྲེང་གི་གར་ཤོན།
སྤུ་ཧྲེང་གར་ཤོན་དང་རུ་ཐོག་གི་ཤོན་ཞེས་སྟོད་མངའ་རིས་ཁུལ་དུ་དར་སྲོལ་དང་དགའ་མོས་ཆེ་བའི་གླུ་གར་ཞིག་ཏུ་བརྩི་བཞིན་ཡོད་ཅིང་། དེ་ལས་ཤོན་ནི་ཞང་ཞུང་གི་སྐད་རིགས་ཤིག་དང་དེའི་དོན་ནི་གླུ་གར་དུ་གོ། དེ་ཡང་། ཤོན་ནི་གོང་དུ་ཞུས་པ་ལྟར་བོད་ཀྱི་གནའ་བོའི་བུད་མེད་ཀྱི་གླུ་གར་ཞིག་ཀྱང་ཡིན་པར་བཤད་ཅིང་། དེ་མིན་གནའ་བོའི་ཆོས་ལུགས་གར་འཆམ་ལའང་ཤོན་ཞེས་འབོད་སྲོལ་མཆིས། ཤོན་གྱི་ཞབས་བྲོ་ལའང་འབག་ཤོན་དང་ཨར་ཤོན་ཞེས་པ་གཉིས་སུ་ཡོད་པ་ལས། འབག་ཤོན་ལ་འབག་བྲོ་དང་ཨར་ཤོན་ལ་རྔ་བྲོ་ཞེས་འབོད་ལ་སྤྱི་མིང་དུ་འཆམ་ཞེས་འབོད།
སྤྱིར་ཤོན་ནི་གོང་བརྗོད་ལྟར་མངའ་རིས་ས་ཁུལ་གྱི་རྩ་མདའ་དང་། སྤུ་ཧྲེང་། རུ་ཐོག སྒར་རྫོང་སོགས་སུ་དར་ཁྱབ་བྱུང་ཞིང་། ས་ཁུལ་དེའི་རྫོང་ཁག་གི་ས་ཁམས་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་ཀྱི་བྱང་ཚད་བཅས་མི་འདྲ་བས། ཤོན་གྱི་འཁྲབ་སྟངས་དང་ཁྱད་ཆོས་མི་འདྲ་ལ་འབོད་ཚུལ་ཡང་མི་འདྲ་བར་སྣང་བས། སྤུ་ཧྲེང་རྫོང་ཁུལ་དུ་གར་ཤོན་ཞེས་འབོད།[1]
གར་ཤོན་གྱི་རྣམ་གྲངས་ལ་གཞི་སྡེ་གྲོང་སྡེའི་གར་ལ། ཀུན་དགའ་ལྷ་ཡི་ཕོ་བྲང་། དགོན་པ་སེ་རྭ། བུ་ཆུང། ཁ་ཤི། གམ་པ་ལ་མོ་སོགས་ཡིན། ཤོན་ལ་གར་ཤར་གར་སྟོད། རྟག་ཚང་རྭ་སོགས་དང་། ཤར་ཤོན་གྱི་ལེའུ་ལ། སོང་ཉི་མ་བཀྲ་ཤིས། ཤར་ཕྱོགས་ཞེས་པ་སོགས་ཡོད། འཁོར་ཆགས་གྲོང་ཚོའི་གར་ལ་ཨ་ཅོ་ངའི་བུ། དཔོན་ཕྱུག སྡེ་སྲིད་ཤེལ་དཀར། བླ་མ་བརྒྱ་སོགས་ཡིན། ཤོན་ལ་ཤར་གསུམ་ཤར་ནས་ཤར་བ། གངས་རི་དཀར་པོའི་གཡས་ཕྱོགས། ས་འཁྲབ་ལས་མོ། གསོན་གསུམ་གསོན་ཟླ། གར་ཤར་བཅས་དང་། མཇུག་ཏུ་གར་ཤོན་དང་མཉམ་དུ་བཀྲ་ཤིས་ཞེས་པའི་ལེའུ་ཞེས་པ་འཁྲབས་ཏེ་མཇུག་སྒྲིལ་བ་ཡིན། གར་ཤོན་གྱི་རྒྱན་གོས་ཐད། འཁོར་ཆགས་གྲོང་ཚོའི་རྒྱན་གོས་གཙོར་བྱེད་ཅིང་། དེའང་བུད་མེད་རྣམས་ཀྱི་མགོ་ལ་སྒྱིག་ཆུང་(བྱུ་རུ་དང་མུ་ཏིག་ལས་གྲུབ་པའི་སྤ་འཁོར་)དང་། གཡས་གཡོན་དུ་སྤ་འདབ།(མུ་ཏིག་ཁྲུའུ་ཁྲུའུ་)སྐེ་ལ་མཇལ་དར་ཨ་ཤེ་དང་སྒྱེའུ་(བྱུ་རུའི་མཐའ་ལ་གསེར་རྒྱན་བརྒྱབ་པ་) རྣ་ཅོག་གཡས་གཡོན་ལ་རྣེའུ། དཔུང་པ་གཡས་པའི་སྟེང་དུ་ག་ལེབ། བྲང་ཁོག་གཡོན་མར་གསེར་འཁྱིལ། མདུན་དུ་སྤང་ཤེལ། རྒྱབ་ཏུ་སྒྱེ་རེ། སྣམ་བུ་དམར་པོའི་ཕྱུ་པ། ལྷམ་ཀོ་ཆག་བཅས་ཡིན། བུའི་རྒྱན་གོས་ནི་ལུས་ལ་གོས་ཆེན་སེར་པོའི་ཕྱུ་པ་དང་། མགོ་ལ་ཞྭ་མོ་ལྕགས་མདའ། རྒྱབ་ཏུ་རྒྱ་གྲི་ཕོར་ཤུབས། རྣ་ཅོག་ལ་སོག་བྱིལ་དང་གསེར་གྱི་ཨ་ལོང་། སྐེ་ལ་མཇལ་དར་ཨ་ཤེ་བཅས་ཡིན། རྔ་རྡུང་མཁན་གྱིས་ལུས་ལ་སྣམ་བུ་ནག་པོའི་ཕྱུ་པ་དང་། བསུ་རྣ་གཏོང་མཁན་གྱིས་འབུ་རས་དཀར་པོའི་ཕྱུ་པ། མདའ་མ་རྔ་ནི་ཕོ་སྐད་གཅིག་དང་མོ་སྐད་བཅས་སོ།།[2]
གཉིས་པ། སྤུ་ཧྲེང་རྨ་བྱའི་རྒྱན་གོས།
སྤུ་ཧྲེང་རྫོང་འཁོར་ཆགས་བུད་མེད་ཀྱི་རྒྱན་གོས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས་ཡོངས་གྲགས་སུ་སྤུ་ཧྲེང་རྨ་བྱའི་རྒྱན་གོས་ཞེས་འབོད། རྒྱན་གོས་དེ་ནི་དུས་རབས་བཅུ་གཅིག་ཙམ་ནས་དར་འགོ་ཚུགས་ཤིང་། ཁུལ་དེའི་གནའ་གཏམ་དུ་རྒྱལ་པོ་ནོར་བཟང་དང་ཡིད་འཕྲོག་ལྷ་མོའི་གི་ཤོད་རྒྱུན་དང་སྦྲགས་ནས་དར་འགོ་ཚུགས་པ་གྲགས་ལ། དེ་ཡང་རྒྱལ་པོའི་དགོངས་པ་འགུགས་ཐབས་ཀྱི་སླད། སྤུ་ཧྲེང་འཁོར་ཆགས་ཁུལ་གྱི་བཙུན་མོ་ལྔ་བརྒྱས་ཐབས་རྩལ་སྣ་དགུ་སྤྱད་ནས་རང་རང་གི་རྒྱན་གོས་དང་འདོགས་ཆས་ཇི་ལྟར་བྱས་ན་སྤམ་ཞིང་མཛེས་པ་ཡོད་མིན་འགྲན་ཅིང་། ཡིད་འཕྲོག་ལྷ་མོ་ནི་དེ་དག་གིས་འགྲན་སེམས་ཀྱིས་རྐྱེན་པས་ནམ་མཁར་འཕུར་དགོས་བྱུང་བའི་ཤོད་རྒྱུན་བཞིན། ཕྱི་རབས་རྣམས་ཀྱིས་གྱོན་ཆས་དེར་དམིགས་སུ་གཤོག་པ་གཉིས་བཟོས་ནས་ཤོད་རྒྱུན་དེ་དང་མཐུན་པར་བྱས།[3]
འཁོར་ཆགས་བུད་མེད་ཀྱི་རྒྱན་གོས་ལས་གྱོན་ཆས་ཀྱི་རྒྱུ་ཆ་གཙོ་བོ་གོས་ཆེན་དང་། སྲམ་ལྤགས། ཚ་རུ། སྣམ་བུ་སོགས་ལས་གྲུབ་པ་དང་། དེར་འདོགས་པའི་རྒྱན་ཆ་རྣམས་གསེར་དངུལ་དང་། གཡུ་བྱུར་སོགས་རིན་ཆེན་ཤ་སྟག་ལས་གྲུབ་ཡོད། རྒྱན་གོས་དེ་དག་བཟོ་ལྟ་དམིགས་བསལ་ཆེ་བ་དང་། ཚོན་མདོག་རྣམ་པར་བཀྲ་ཞིང་། གྱོན་ཆས་དེ་རྣམས་ལས་རིགས་ཆེ་བ་མི་འདྲ་བ་བཞི་ཙམ་ལས་གྲུབ་ཡོད་དེ། རྫ་མདོག་གི་སྣམ་བུ་ལས་གྲུབ་པའི་གནའ་བོའི་སྐྱེས་མའི་གྱོན་ཆས། གོས་ཆེན་ལས་གྲུབ་པའི་སྟོད་ལྷེ། འཇའ་ལྷམ། སྐེ་རགས་བཅས་ལས་གྲུབ། རྒྱན་ཆར་རིགས་ཆེ་བ་མི་འདྲ་བ་བཅོ་ལྔ་ཙམ་ལས་གྲུབ་ཡོད་པ་དེ། རྒྱན་ཆུང་དང་། སྒ་ལོ། སྐེའུ། རྣ་ལོང་རིང་མོ། གདོང་གི་རྒྱན་ཆ། དཔྲལ་ཐོད་ཀྱི་འདོགས་རྒྱན། གསེར་དང་དངུལ་ལེབ། སྒོར་མོ་དང་གྲུ་བཞིའི་དབྱིབས་ཀྱི་གའུ་རེ་རེ། ཁ་ཏོག གཡུ་བྱུར་མུ་ཏིག་དང་དངུལ། ཉ་ཕྱིས་ཀྱི་ཕྲེང་བ་རེ་རེ་བཅས་ལས་གྲུབ། གཞན་ད་དུང་ཞྭ་མོ་དང་དཔུང་པ་གཡས་པར་གཤོག་པའི་དབྱིབས་ཀྱི་འདོགས་ཆས་བཅས་ལས་གྲུབ་ཅིང་། རྒྱན་གོས་དེ་རྣམས་ཕོ་བྲང་ནང་ཤོན་འཁྲབ་སྐབས་དང་། སྐུ་དྲག་ཁག་གི་གཉེན་སྒྲིག་སྐབས་གོན་སྲོལ་མཆིས་སོ།།[4]
གསུམ་པ། དུས་སྟོན།
སྤུ་ཧྲེང་རྫོང་ཁུལ་དུ་ལོ་གསར་སྔ་ཕྱི་གཉིས་ལ་དགའ་སྟོན་བྱེད་པ་ལས། གཞུང་འབྲེལ་གྱིས་རྒྱལ་པོ་ལོ་གསར་ཟབ་རྒྱས་སྲུང་བརྩི་ཞུ་བས། ལོ་གསར་དེར་གཞུང་སྒེར་ཆོས་གསུམ་ཡོད་ཚད་དུས་སྟོན་ལ་རོལ་ཞིང་། ཡང་སྒོས་རྫོང་གི་རྟེན་འབྲེལ་གྱི་འཇུག་སྒོ་རྒྱ་ཆེར་གནང་སྲོལ་མཆིས་པ་ནི། དུས་སྐབས་དེའི་གཞུང་འབྲེལ་དྲུང་ཡིག་གིས་མཛད་སྒོའི་རིམ་པ་རྣམས་ཐོ་གཞུང་དུ་བཀོད་པ་ལྟར་བྱས་ན། གཞུང་འབྲེལ་ལོ་གསར་མཛད་སྒོར་རྫོང་སྡོད་དབུ་བཞུགས་ཐོག་དྲུང་ཡིག རྩིས་པ། གཉེར་ཚང་སྡེ་པ། ཁང་གཉེར། གདན་གཉེར། གཞིས་གཉེར། དཀོར་གཉེར། ཡོང་སྡུད་བ། དམག་དཔོན། ལས་མོ། ཇ་མ། གླིང་སྲུང་བ་བཅས་དང་། གཞིས་མཁར་སྡེ་པ། བཤད་གླིང་གྲྭ་དབུ་མཛད་དགེ་བསྐོས། འཁོར་ཆགས་རྒན་པོ། འཁོར་ཆགས་གྲྭ་ཚང་སྐུ་ཚབ། གད་ཁ་ཚོ་པ། ས་སྐྱ་བླ་བྲང་དང་དབུ་ཆོས་གཉིས་སོགས་ཞི་དྲག་དཔོན་རིགས་རིམ་པར་ལྷན་འཛོམས་ཀྱིས་ལོ་གསར་རྟེན་འབྲེལ་བྱེད་པར་གསལ།[5] དེ་མིན་ལོ་གསར་སྐབས་མི་སེར་ལའང་གཞུང་ནས་ཚྭ་འབྲུ་སོགས་བཟའ་བཅའ་སྩོལ་སྲོལ་འདུག་ལ། མི་སེར་རང་ངོས་ནས་ཀྱང་ལོ་གསར་གྱི་རྟེན་འབྲེལ་ཉིན་བཞི་ལས་མི་ཉུང་བར་གཏོང་ཞིང་། ལོ་གསར་བྱེད་སྒོའི་རྣམ་པ་ནི་མངའ་རིས་སྤྱིའི་ལོ་གསར་དང་ལྷག་པར་དབུས་གཙང་ཁུལ་གྱི་ལོ་གསར་གཏོང་སྲོལ་དང་གཅིག་མཚུངས་སུ་སྣང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. དངོས་མིན་རིག་གནས་ཤུལ་བཞགབོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༢༠།
[2]. བོད་ལྗོངས་ཞིབ་འཇུག བོད་ཀྱི་མངའ་རིས་ས་ཁུལ་དུ་དར་བའི་དམངས་ཁྲོད་ཞབས་བྲོ་གར་ཤོན་གྱི་སྒྱུ་རྩལ་སྐོར་ལ་རགས་ཙམ་དཔྱད་པ། ངག་དབང་གསུང་རབ། ཕྱི་ལོ་ ༡༩༩༧། དུས་དེབ་དང་པོ། ཤོག་ ༤༠-༤༣།
[3]. བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༢༥༦།
[4]. བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་དཔེ་རིས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༢༥༦།
[5]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། ཤོག ༡༩༦-༢༠༤།