ཉེ་བའི་རིན་ཆེན་བདུན་གྱི་མཚོན་དོན་འགྲེལ་བཤད།

ཉེ་བའི་རིན་ཆེན་བདུན་གྱི་མཚོན་དོན་འགྲེལ་བཤད།

འཁོར་ལོས་སྒྱུར་རྒྱལ་གྱི་ལོངས་སྤྱོད་གཞན་ཉེ་བའི་རིན་ཆེན་བདུན་ནི། མངོན་བྱང་གི་མདོ་ལས།

འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ།  །

དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ།  །

མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད།  །

རེག་འཇམ་གཟིམ་ཆས་ལྭ་གོས་རྣམ་པ་བདུན།  །

ཞེས་དང༌། སྒྲོལ་དཀར་བརྟན་བཞུགས་ལས།

གཡུལ་ལས་རྒྱལ་བར་བྱེད་པའི་རལ་གྲི་དང༌།  །

ཚ་གྲང་གནོད་པ་སྐྱོབ་པའི་པགས་པ་དང༌།  །

ཡང་འཇམ་ཉོན་མོངས་སྤངས་པའི་མལ་ཆ་དང༌།  །

དགའ་མགུ་རྩེ་བར་བྱེད་པའི་ཡིད་འོང་ཚལ།  །

གང་འདོད་བལྟ་ནུས་བདེ་བར་ཉལ་བའི་ཁྱིམ།  །

ཐག་བཟང་བསྲེག་བཅད་མི་ནུས་འཇམ་པའི་གོས།  །

ཆུ་ལ་མི་བྱིང་ངལ་དུབ་མེད་པའི་ལྷམ།  །

ཉེ་བའི་རིན་ཆེན་སྣ་བདུན་འདི་དག་འབུལ།  །

ཞེས་གསུངས་པ་ལྟར་ཉེ་བའི་རིན་ཆེན་བདུན་ནམ་དམན་པའི་རིན་ཆེན་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ་སོགས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་རྗེས་སུ་འགྲོ་བའམ་དེ་དང་བར་ཐག་ཉེ་བའི་རིན་ཆེན་གྱི་རིགས་ཡིན་པས་ཉེ་བའི་རིན་ཆེན་སྣ་བདུན་ཞེས་གྲགས་སོ།  །

ཉེ་བའི་རིན་ཆེན་བདུན་ལས་རལ་གྲི་རིན་པོ་ཆེ་ཡུ་བ་གསེར་གྱི་པ་ཏྲ་ལ་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་ཤིང་འོད་སྔོན་པོ་འཕྲོ་བ། ཕས་རྒོལ་ཟིལ་གྱིས་ནོན་པའི་མཐུ་ཅན་ཏེ་གཡུལ་དུ་གདེངས་ཙམ་བྱས་པས་ཀུན་གྱིས་འདུད་པར་གྱུར་པ་དང་གཅིགཔགས་པ་རིན་པོ་ཆེ་ཡངས་ཤིང་འཇམ་ལ། གསེར་གྱི་སྤུ་རིས་ཅན། ཆར་གྱིས་མི་བརླན་ཞིང་རླུང་གིས་མི་བསྐྱོད་པ། ཆུར་དཔག་ཚད་བཅུ་གཉིས་དང་ཞེང་དུ་དཔག་ཚད་ལྔ་པ། དྲོ་གྲང་གང་འདོད་ཀྱི་སྣང་བ་འབད་མི་དགོས་པར་འབྱུང་བ་དང་གཉིས། རིན་པོ་ཆེ་ནགས་ཚལ་ལམ་སྐྱེད་མོས་ཚལ་ཤིང་འབྲས་གྱི་ལྗོན་པ་དང༌། མེ་ཏོག་སྣ་ཚོགས་ཤིང་བྱ་དང་རི་དྭགས་རྣམས་བག་ཡངས་སུ་རྒྱུ་བ། འབབ་ཆུ་དྭངས་མས་སྙན་པའི་སྒྲ་དབྱངས་བར་མེད་དུ་སྒྲོག་པ་ཉམས་དགའ་བ་དང་གསུམ། གོས་རིན་པོ་ཆེ་ཕུ་ཐུང་ཅན་ཕྱི་གསེར་གྱི་རི་མོ་ལ་ནང་སྲབ་ལ་འཇམ་པ། དྲི་མ་མི་གོས་པ་ཚ་གྲང་བཀྲེས་སྐོམ་ངལ་དུབ་ཀྱིས་མི་གནོད་ཅིང༌། མེ་དང་མཚོན་གྱི་གནོད་པས་ཀྱང་མི་ཚུགས་པ་དང་བཞི། ལྷམ་རིན་པོ་ཆེ་གོས་སྐུད་དང༌། པ་ཏྲ་ཕྲ་ཚོམ་གྱིས་སྤྲས་པའི་མཆིལ་ལྷམ་ཆུར་མི་བྱིང་བ་དང༌། ལུས་བདེ་བས་ནོན་པར་བྱེད་ཅིང༌། འདོད་ན་ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་བར་ཡང་ངལ་དུབ་མི་འབྱུང་བ་དང་ལྔ། ཁང་ཁྱིམ་རིན་པོ་ཆེ་བཀོད་ལེགས་རིན་པོ་ཆེའི་རྟ་བབས་ཀྱི་སྣམ་བུ་སོགས་ཀྱིས་མཛེས་ཤིང་གསལ་ལ་རྒྱ་ཆེ་བ། ཆུར་དཔག་ཚད་བཅུ་གཉིས་དང༌། ཞེང་དུ་དཔག་ཚད་བདུན་པ། མཐའ་སྐོར་ལྗོན་པ་དང་འདབ་ཆགས་ཀྱིས་གང་བ། གནམ་ས་བར་སྣང་ཁོར་ཡུག་གི་བཀོད་པ་སྣ་ཚོགས་མཐོང་བ། རྨི་ལམ་དགེ་བ་བསིལ་དྲོད་གང་འདོད་བྱུང་བ། ཡིད་དུ་འོང་བའི་གཞོན་ནུ་མ་རྣམས་ཀྱི་གླུ་གར་རོལ་མོའི་ཚོགས་ཀྱིས་བསྙེན་བཀུར་བ་དང་དྲུགམལ་རིན་པོ་ཆེའི་གཟིམ་ཁྲིའི་སྟེང་དུ་དར་འབོལ་སྔས་བཟང་པོ་དང་ཉལ་གཟན་ལྟ་བུ་རེག་ན་འཇམ་པ། མནན་ན་འཕར་བ་དང་བཅས་པའི་མལ་སྟན་ཅན་བཅས་ཉེ་བའི་རིན་ཆེན་བདུན་ནོ།  །

 

ཉེ་བའི་རིན་ཆེན་བདུན་གྱི་ཡོན་ཏན།

        ༡༽ རལ་གྲི་ནི་རིན་པོ་ཆེ་གསེར་གྱི་པ་ཏྲ་ཅན་ལ་རིན་པོ་ཆེའི་འཕྲ་ཚོམ་གྱིས་མཛེས་ཤིང་འོད་སྔོན་རབ་ཏུ་འཕྲོ་བ་སྟེ། རྒྱལ་པོ་གང་གི་ཁོ་ལག་ཏུ་བཟོས་པའི་རལ་གྲི་འོད་ཟེར་སྔོན་པོ་འཕྲོ་བ་ཡུལ་འཁོར་གང་དག་སྟེ་རྒྱལ་པོའི་ཐུགས་དང་བཀའ་ལས་འགལ་བར་འདོད་པ་དེའི་སར་མགྱོགས་པར་འགྲོ་ཞིང་མ་བཏང་ཀྱང་ཡུལ་འཁོར་དེ་དག་འདུལ་བར་བྱེད་པ་དང༌།

        ༢༽ པགས་པ་རིན་པོ་ཆེ་སྲབ་འཇམ་ཡང་པར་གསེར་གྱི་སྤུ་རིས་ཅན་ཏེ་ཀླུའི་པགས་པ་གང་ཞིག་ཚོང་དཔོན་གྱིས་འབུལ་བ་ཞེང་དུ་དཔག་ཚད་ལྔ་དང༌། ཆུར་དཔག་ཚད་བཅུ་པ་ཆར་གྱིས་མི་བརླན་པ། རླུང་གིས་མི་སྐྱོད་པ། མེ་ཡིས་མི་འཚིགགྲང་ན་དྲོ་བར་བྱེད་པ། དྲོ་ན་བསིལ་བར་བྱེད་པ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གང་ན་འགྲོ་བ་དེར་བློན་པོ་རིན་པོ་ཆེས་འཁྱེར་ཞིང་དེས་ཁྱིམ་གྱི་བྱ་བ་ཐམས་ཅད་སྒྲུབ་པར་བྱེད་པ་དང༌།

        ༣༽ རིན་པོ་ཆེའི་ནགས་ཚལ་ལམ་རྒྱལ་པོ་སྐྱེད་མོས་ཚལ་ལ་དགའ་ཞིང་དེར་ཉེ་བར་ཕེབས་པ་ན། སྐྱེད་མོས་ཚལ་དེའི་ཡོན་ཏན་དང༌། རྒྱལ་པོའི་སྔོན་བསགས་དགེ་བའི་སྟོབས་ཀྱིས་འཆི་མེད་ལྷ་ཡི་དགའ་ཚལ་གྱི་རྣམ་པ་ལྟར་ཡིད་དུ་འོང་བའི་ལྗོན་ཤིང་སྣ་ཚོགས་དང༌། མེ་ཏོག་སྣ་ཚོགས་ཀྱིས་རབ་ཏུ་མཛེས་ཤིང༌། བྱ་དང་རི་དྭགས་ཕོ་མོ་རྣམས་བག་ཕེབས་ངང་རྒྱུ་བ་དང༌། འབབ་ཆུ་དྭངས་ཤིང་གཙང་མས་སྙན་པའི་སྒྲ་དབྱངས་བར་མེད་དུ་སྒྲོག་ཅིང་ཉམས་དགའ་བ། གཞན་ཡང་ལྷའི་བུ་མོ་དག་གིས་དགའ་བའི་འཛུམ་མདངས་ཀྱིས་རྩེད་འཇོར་རོལ་བས་རྒྱལ་པོ་བདེ་དགས་ཚིམས་པར་བྱེད་པ་དང༌།

        ༤༽ རིན་པོ་ཆེའི་གོས་ཕུ་ཐུང་ཅན་ཕྱི་རུ་གསེར་གྱི་རི་མོ་ནང་འཇམ་པ་སྟེ། གོས་ཀྱི་རྒྱུས་སྤུས་ཐགས་བཟང་ལེགས་ཤིང་མཆོག་ཏུ་འཇམ་པ་དྲི་མས་མ་གོས་པ་ཡིན་ཏེ། གྱོན་ཚེ་ལུས་ཀྱི་དྲོ་གྲང་སྙོམས་ཤིང༌། བཀྲེས་སྐོམ་དང་ངལ་དུབ་ཀྱི་གནོད་པ་མེད་ལ། མེ་དང་མཚོན་གང་གིས་ཀྱང་བསྲེག་པ་དང་གཅོད་པ་སོགས་ཀྱིས་མི་ཚུགས་པ་དང༌།

        ༥༽ རིན་པོ་ཆེའི་ལྷམ་ལ་གོས་སྐུད་དང་པ་ཏྲ་འཕྲ་ཚོམ་གྱིས་སྤྲས་པའི་མཆིལ་ལྷམ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྐང་པར་གྱོན་པ་ན་སྐམ་སར་རྐང་པ་མི་འབྱིང་བ་ཇི་བཞིན་ཆུ་ལའང་མི་འབྱིང་བ་དང༌། གལ་ཏེ་ཡུལ་ཐག་ཤིན་ཏུ་རིང་པོ་རྣམས་སུ་འགྲོ་ན་དཔག་ཚད་བརྒྱའི་བར་ཡང་འགྲོ་ནུས་ཤིང་ལུས་ལ་ངལ་བ་མི་འབྱུང་བ་དེ་དང༌།

        ༦༽ ཁང་ཁྱིམ་ལ་རིན་པོ་ཆེ་བཀོད་ལེགས་རིན་པོ་ཆེའི་རྟ་བབ་ཀྱི་སྣམ་བུ་ལ་སོགས་པས་མཛེས་ཤིང་གསལ་ལ་གཞི་རྒྱ་ཆེ་བའི་ཁང་ཁྱིམ་ནི། ཁང་པའི་ནང་མཚན་མོའི་དུས་སུ་ཟླ་འོད་ལྟར་འོད་སྣང་ཞིང་དེ་བཞིན་གཟའ་དང༌། རྒྱུ་སྐར་དང༌། སྐར་མདའ་དག་ཀྱང་ཁང་ཁྱིམ་དེར་ལྟ་བར་འདོད་ཚེ་ཉེ་བར་འོང་ཞིང་འོད་སྣང་འཚེར་བ་དང༌། ད་དུང་དགུན་དུས་སོགས་གནམ་གཤིས་གྲང་མོའི་དུས་སུ་དྲོ་བ་དང༌། དེ་བཞིན་དབྱར་དུས་སོགས་ཚ་བའི་སྐབས་སུ་གྲང་བའི་རང་བཞིན་ཅན་གྱི་བསིལ་རླུང་ལྡང་བ་བཅས་ཀྱིས་ཡིད་བདེ་བ་དང༌།

        ༧༽ རིན་པོ་ཆེའི་མལ་ལམ་གཟིམ་ཁྲིའི་སྟེང་དུ་དར་འབོལ་སྔས་བཟང་པོ་དང་ཉལ་གཟན་ལྟ་བུ་རེག་འཇམ་དང༌། འཁར་དང་བཅས་པའི་མལ་ཕྲན་ཅན་ཏེ༑མལ་ཆ་ནི་སྔས་མཐོ་ཞིང་གཞན་རྣམས་ཁོད་སྙོམས་ལ་མཐོ་དམའ་མེད་པ༑མནན་ན་ནེམ་ཞིང་འཕར་བ། འཇམ་ཞིང་བདེ་བ་གལ་ཏེ་བསམས་ན་དེའི་བསམ་པས་བློ་གྲོས་རྣམ་པར་གྲོལ་ཞིང་བློ་གསལ་བ། ཉོན་མོངས་པའི་འདོད་ཆགས་ཟིལ་གྱིས་གནོན་ཅིང་བྲལ་བར་བྱེད་པ་བཅས་ཡིན་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་དང༌། གླག་བླ་ཆོས་འགྲུབ་ཀྱིས་མཛད་པའི་བདེ་སྨོན་འགྲེལ་པ་སོགས་ལས་གསུངས་ལ། ཉེ་བའི་རིན་ཆེན་བདུན་འདི་ནི་རང་རེའི་དགོན་སྡེ་དང་གཙུག་ལག་ཁང་སོགས་ཀྱི་ལྡེབས་ངོས་སུ་འབྲི་སྲོལ་ཡོད་ཅིང་དམ་པའི་ཆོས་ཀྱི་རྣམ་གྲངས་ལ། ཡིད་བརྟན་འཕེར་བ་དང་དང་བ་འདྲེན་པའི་རི་མོའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་ནོ།  །

རལ་གྲི་པགས་པ་ནགས་ཚལ་གོས་དང་ལྷམ།  །

ཁང་ཁྱིམ་མལ་ཆ་ཉེ་བའི་རིན་ཆེན་བདུན།  །

དེ་དག་སོ་སོའི་བྱེད་ལས་ཡོན་ཏན་རྣམས།  །

ཤེས་པར་བྱས་ནས་ལྷ་ལ་དབུལ་བ་ནི།  །

བསོད་ནམས་རྒྱ་ཆེན་བསྡུད་པའི་ཐབས་མཁས་ཡིན།  །

ཞེས་གསུངས་པ་ལྟར་ལགས་སོ།  ། །  །

བརྒྱུད་སྐུལ།

མཆན་སྤེལ།