རྒྱལ་སྲིད་སྣ་བདུན་གྱི་མཚོན་དོན་འགྲེལ་བཤད།

རྒྱལ་སྲིད་སྣ་བདུན་གྱི་མཚོན་དོན་འགྲེལ་བཤད།

དེ་ཡང་སྐྱེས་བུ་གསུམ་གྱི་སྲུང་མའི་ཡ་གྱལ་རྒྱལ་པོ་རྣམ་ཐོས་སྲས་ཀྱི་བསྐང་ཆོག་ལས།

ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །

ཅང་ཤེས་རྟ་དང་ཐེག་ཆེན་གླང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །

དམག་དཔོན་རིན་ཆེན་སྣ་བདུན་རྣམས། །

ཞེས་པ་ལྟར་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ནས་བརྒྱད་ཁྲིའི་བར་བྱུང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཕུན་སུམ་ཚོགས་པའི་སྟོབས་ལས་བྱུང་བའི་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དུ་གྲགས་པ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་དུས་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱོན་པའི་སྐབས་མ་གཏོགས་མི་འབྱུང་ཞིང༌། སྤྱིར་རྒྱལ་པོ་ཙམ་ལ་རིན་ཆེན་སྣ་བདུན་མེད་ཀྱང༌། འཁོར་བསྒྱུར་གང་ཞིག་རྒྱལ་སྲིད་ཐོག་མར་བཟུང་ནས་མཐུ་དང་བསོད་ནམས་ལས་རང་ཤུགས་ཀྱིས་རྒྱལ་སྲིད་སྣ་བདུན་བྱུང་སྟེ་བྱ་བ་བྱེད་པ་ལས། རྒྱལ་པོ་གཞན་དང་གཞན་གྱིས་ལོངས་སྤྱོད་མི་ནུས་ཤིང༌། སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དག་གིས་སྲིད་ཀྱི་ཁ་ལོ་བསྒྱུར་བའི་སྐབས་ཀྱི་ཐུན་མིན་དགེ་མཚན་ཡིན་པར་བཤད་ལ། མཚོན་དོན་ཡང་ཡུལ་ཁམས་དབང་དུ་བསྒྱུར་ཞིང༌། སྐྱེ་འགྲོར་ལེགས་ཚོགས་སྤེལ་བ་ལ་ཟླ་མེད་དཔལ་དུ་གྲུབ་པའི་སྐྱེ་བོ་དམ་པའི་ཡོན་ཏན་ཡིན་ཏེ། དེ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་ལྡན་པར་གྱུར་པའི་ཚུལ་ནི།

 

དང་པོ། འཁོར་ལོ་རིན་པོ་ཆེ།

དེ་ཡང་ཇི་སྐད་དུ།

འཛམ་བུ་ཆུ་བོའི་གསེར་ལས་ལེགས་བྱས་ཤིང༌། །རྩིབས་སྟོང་ལྡན་པའི་དཔག་ཚད་ལྔ་བརྒྱ་པ། །

ཉི་མ་གཉིས་པ་ལྟ་བུར་མཁར་འཕགས་ཏེ། །དཔག་ཚད་འབུམ་ལམ་ཉི་མ་གཅིག་གིས་གཅོད། །

དེའི་མཐུས་ནམ་མཁའི་ལམ་ལས་དཔུང་ཚོགས་བཞི། །གླིང་བཞི་ལྷ་གནས་དང་པོར་བགྲོད་བྱེད་པའི། །

འཁོར་ལོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཆོས་ཀྱི་སྲིད་ལ་དབང་སྒྱུར་ཐོབ་པར་ཤོག །

ཅེས་པ་ལྟར་འཁོར་ལོ་རིན་པོ་ཆེ་ནི། སྔོན་དུས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས། ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ཏེ་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང༌། དེ་དང་མཉམ་དུ་རྒྱལ་སྲིད་ཀྱི་རིན་པོ་ཆེ་གཞན་རྣམས་ཀྱང་འབད་མེད་དུ་རྗེས་སུ་འབྱོར་འོང་བ་དེ་དང༌། ཡང་ན་སྔོན་རྫོགས་ལྡན་གྱི་བསྐལ་པར་རྒྱལ་པོ་ཞིག་བཙུན་མོའི་འཁོར་གྱིས་ཡོངས་སུ་བསྐོར་ཏེ་ཁྲུས་བྱེད་སྐབས། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ། མུ་ཁྱུད་དང་ལྟེ་བ་ཐམས་ཅད་གསེར་ལས་གྲུབ་པ་མགར་བས་མ་བྱས་པ་རང་བཞིན་གྱིས་འོད་འཕྲོ་བ་ཞིག་བྱུང་བ་ན། རྒྱལ་པོས་རང་ཉིད་འཁོར་བསྒྱུར་ཡིན་པ་ཤེས་ཏེ་གུས་པ་དང་བཅས་ཕྱག་གཡས་པས་ལྷའི་འཁོར་ལོ་དེ་བསྐོར་བས། ཕྱོགས་བཞིའི་རྒྱལ་ཁམས་མཐའ་དག་དབང་དུ་བསྡུས་ཏེ་སྐད་ཅིག་གིས་རྒྱལ་སྲིད་ཀྱི་མངའ་ཐང་དར་ཞིང༌། ཡུལ་ཁམས་ལོ་ལེགས་པ། ཆབ་འབངས་རྣམས་ཆོས་ཀྱི་བྱ་བ་ལ་གཞོལ་བར་གྱུར་ཏོ།།

 

གཉིས་པ། ནོར་བུ་རིན་པོ་ཆེ།

རིན་ཆེན་བཻ་ཌཱུརྱ་ཡི་ཟུར་བརྒྱད་ལས། །སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱ་ཡི་བར། །

མཚན་མོའང་ཉིན་མོ་བཞིན་དུ་སྣང་བྱེད་ཅིང༌། །ཚ་བས་གདུངས་ཚེ་འོད་ཀྱིས་བསིལ་བ་ལྟར། །

དེ་ནི་དུས་མིན་འཆི་དང་ནད་རྣམས་སེལ། །ཡིད་ལ་གང་བསམས་ཕལ་ཆེར་འབྱུང་འགྱུར་བའི། །

ནོར་བུ་རིན་ཆེན་ཕུལ་བས་འགྲོ་ཀུན་གྱི། །ཆོས་ལྡན་རེ་བ་ཡིད་བཞིན་འགྲུབ་པར་ཤོག །

ཅེས་པ་ལྟར་ནོར་བུ་རིན་པོ་ཆེ་ནི། མདོག་མཐིང་ག་དྲི་མ་མེད་པ། འོད་དཔག་ཚད་བརྒྱད་ཅུར་སྣང་བར་བྱེད་པའི་ནུས་པ་དང་ལྡན་པ། གླིང་བཞིའི་འགྲོ་བ་ཐམས་ཅད་ཀྱི་དབུལ་ཕོངས་དང་རིམས་ནད་སེལ་བ། འདོད་རྒུ་ཡིད་བཞིན་དུ་སྐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ཉིད་སྔར་བཞིན་ཤར་ཕྱོགས་ནས་ནོར་བུ་རིན་པོ་ཆེ་ཤིན་ཏུ་སྦྱངས་པ་ཐམས་ཅད་བཻཌཱུརྱའི་རང་བཞིན་རྣམ་པར་གསལ་བ་ཞིག་བྱུང་བས། དེར་ཡོད་བཙུན་མོའི་འཁོར་མཐའ་དག་སྣང་བས་ཁྱབ་པར་གྱུར། དེའི་ཚེ་རྒྱལ་པོས་ནོར་བུ་རིན་པོ་ཆེར་བརྟག་པར་འདོད་དེ་ནམ་གུང་ལ་ནོར་བུ་དེ་རྒྱལ་མཚན་གྱི་རྩེ་ལ་བཏེགས་ཏེ་སྐྱེད་མོས་ཚལ་དུ་བཞུགས་པ་ན། དེའི་འོད་ཀྱིས་ནུས་པས་དཔག་ཚད་དུ་མར་ཁྱབ་པའི་ཡན་ལག་བཞིའི་དཔུང་ཚོགས་མང་པོ་ནོར་བུ་རིན་པོ་ཆེའི་འཁོར་དུ་གནས་སོ། །དེ་དག་གི་ལག་ཏུ་ནོར་བུ་རིགས་མང་པོ་ཐོགས་ཏེ་ཁོ་ར་ཁོར་ཡུག་ཏུ་སྣང་བས་ཁྱབ་ཅིང༌། འོད་ཀྱི་སྣང་བ་གང་ལ་ཁྱབ་པའི་ཡུལ་ཁམས་དེ་དག་འབྱོར་པ་དང་ལྡན་པ་མཐོང་ངོ༌།།

 

གསུམ་པ། བཙུན་མོ་རིན་པོ་ཆེ།

ཡིད་འོང་ལྟ་ན་སྡུག་པའི་བུད་མེད་ནི། །ལུས་དང་ཁ་ནས་དྲི་ཞིམ་རབ་ཏུ་འབྱུང༌། །

གང་གིས་རེག་ན་བདེ་བའི་མཆོག་སྟེར་ཞིང༌། །གླིང་དེར་བཀྲེས་སྐོམ་མྱ་ངན་སེལ་བར་བྱེད། །

བུད་མེད་སྐྱོན་ལྔ་སྤངས་ཤིང་ཡོན་ཏན་ནི། །རྣམ་པ་བརྒྱད་དང་རབ་ཏུ་ལྡན་གྱུར་པའི། །

བཙུན་མོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཟག་མེད་བདེ་བ་ཆེ་ལ་སྤྱོད་པར་ཤོག །

ཅེས་པ་ལྟར་བཙུན་མོ་རིན་པོ་ཆེ་ནི། གཟུགས་མཛེས་ཤིང་ལྟ་ན་སྡུག་པ། རིག་པ་གསལ་ལ་ངག་འཇམ་པ། ལུས་ཕྲ་མ་མཛེས་པའི་མཚན་མ་བཅོ་བརྒྱད་སོགས་ཀྱིས་མཛེས་ཤིང༌། དར་ཟབ་ཀྱི་གོས་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་སོགས་པར་མཁས་ཤིང་མཐོང་བ་ཙམ་གྱིས་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ཅིང་བདེ་ལེགས་ཐམས་ཅད་སྟེར་བའམ། སྔར་བཞིན་རྒྱལ་པོའི་དྲུང་དུ་བཙུན་མོ་གཟུགས་མཛེས་ཤིང་བལྟ་བའི་ཆོག་མི་ཤེས་པ། ཁ་ནས་ཨུཏྤལའི་ངད་ལྡང་བ། བ་སྤུའི་ཁུང་བུ་ཐམས་ཅད་ནས་ཙན་དན་གྱི་དྲི་བྱུང་ཞིང་གྲང་བའི་དུས་སུ་ལུས་ལ་རེག་ན་དྲོད་སྦྱིན་པ། ཚ་བས་གདུང་སྐབས་ལུས་ལས་བསིལ་བའི་རེག་བྱ་སྟེར་བ། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ་ཞིག་ལྷགས་པས། དེར་རྒྱལ་པོས་མངོན་ཤེས་ཀྱིས་བརྟག་སྟེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་མ་གཏོགས་གཞན་ལ་ཡིད་ཀྱིས་ཀྱང་འདོད་ཆགས་སུ་མི་བྱེད་པ་རྟོགས་པས་ཕོ་བྲང་དུ་བསུས་པ་ན། འཁོར་ལ་བྱམས་ཤིང་འབངས་ལ་མ་ལྟར་བརྩེ་བར་འགྱུར་ཏོ།།

 

བཞི་པ། བློན་པོ་རིན་པོ་ཆེ།

གཞན་ལ་མི་འཚེ་ཆོས་མ་ཡིན་པ་སྤངས། །ཡང་དག་ཐ་སྙད་ལས་ལ་སྐྱོ་བ་མེད། །

ས་ཡི་བདག་པོའི་ཡིད་ལ་བསམས་པ་རྣམས། །མ་སྨྲས་པར་ཡང་ཤེས་ནས་སྒྲུབ་པར་བྱེད། །

དཔུང་རྣམས་འགྲོ་དང་གནས་དང་ལྡོག་པ་ཡི། །བྱ་བ་ཀུན་ལ་རབ་ཏུ་མཁས་གྱུར་པའི། །

བློན་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྒྱལ་བའི་དགོངས་པ་ཇི་བཞིན་སྐོང་བར་ཤོག །

ཅེས་པ་ལྟར་བློན་པོ་རིན་པོ་ཆེ་ནི། རྣམ་ཐོས་ཀྱི་བུ་ལྟར་ལོངས་སྤྱོད་དང་དཔལ་འབྱོར་ཕུན་སུམ་ཚོགས་པ། གཡུལ་དུ་དཔའ་ཞིང་ལས་ལ་མཛངས་པ། སྲིད་ཀྱི་ལས་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་སྤྱན་གྱི་འབྲས་བུ་དང་མཚུངས་པ། རྒྱལ་པོས་སྟོང་གསུམ་གསེར་གྱིས་ཁེངས་ཤིག་ཅེས་བཀའ་བསྩལ་ནའང་སྐད་ཅིག་གིས་སྒྲུབ་ནུས་ཤིང་གཏོང་ཕོད་ཆེ་བ་བསོད་ནམས་དང་བློ་སྟོབས་ལྡན་པའི་བློན་པོ་རིན་པོ་ཆེ་སྔར་བཞིན་བྱུང་སྟེ། མཁས་ཤིང་གསལ་ལ་ཡིད་གཞུངས་པ། རྒྱལ་པོས་གང་བསམ་པ་ཡིད་བཞིན་དུ་སྐོང་བ། བློན་པོའི་ཡོན་ཏན་ཡོངས་སུ་རྫོགས་པས་རྒྱལ་སྲིད་ཀྱི་མངའ་ཐང་སྔར་ལས་བླ་ལྷག་ཏུ་རྒྱས་པར་གྱུར་ཏོ།།

 

ལྔ་པ། གླང་པོ་རིན་པོ་ཆེ།

ཡན་ལག་བདུན་ལྡན་གངས་ཀྱི་རི་བོ་འདྲ། །རང་བཞིན་གླང་པོ་སྟོང་གི་སྟོབས་དང་ལྡན། །

ཉི་མ་གཅིག་གིས་འཛམ་གླིང་ལན་གསུམ་འཁོར། །ཅང་ཤེས་སྐུད་པ་ཡིས་ཀྱང་དཀྲི་བར་ནུས། །

གཞན་ལ་མི་གནོད་མི་འཁྲུག་དལ་གྱིས་འགྲོ། །ཕ་རོལ་སྡེ་ལས་རྒྱལ་བར་བྱེད་པ་ཡི། །

གླང་པོ་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །ཐེག་པ་མཆོག་གི་བཞོན་པས་འགྲོ་བར་ཤོག །

ཅེས་པ་ལྟར་གླང་པོ་རིན་པོ་ཆེ་ནི། ཐལ་དཀར་གྱི་མདོག་ལྟ་བུ་ལ་དཀར་ཞིང་མཛེས་པའི་མཆེ་བ་དྲུག་དང་ལྡན་པ། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་མངའ་བ། གཡུལ་ལས་རྣམ་པར་རྒྱལ་ཞིང༌། ཤིན་ཏུ་མགྱོགས་ཁྱད་དང་ལྡན་པ་གླང་ཆེན་ས་སྲུང་གི་བུ་ལྟ་བུའི་གླང་པོ་རིན་པོ་ཆེ་བྱང་ཆུབ་ཅེས་བྱ་བ་བྱུང་སྟེ། ཡན་ལག་བདུན་ཤིན་ཏུ་དུལ་ཞིང་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་བ། སྤྱི་གཙུག་གསེར་གྱི་རྒྱལ་མཚན་གྱིས་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་ལུས་ཡོངས་སུ་བཀླུབས་ཤིང་མཛེས་པ། རྒྱལ་པོས་བརྟག་པར་འདོད་པས། གླང་པོ་རིན་པོ་ཆེར་ཆིབས་ཏེ་ཕྱོགས་བཞིའི་རྒྱ་མཚོ་ལ་ཐུག་གི་བར་སྐད་ཅིག་གིས་བསྐོར་ཏེ་ཕྱིར་ཕོ་བྲང་དུ་འཁོར་ནས་ཁྱེའུ་སུས་ཀྱི་དཔལ་ལ་ལོངས་སུ་སྤྱོད་དོ།།

 

 

དྲུག་པ། རྟ་མཆོག་རིན་པོ་ཆེ།

མེ་ཏོག་ཀུ་མུ་ད་བཞིན་རབ་ཏུ་དཀར། །ལྷ་ཡི་གཙུག་རྒྱན་ནོར་བུ་སོགས་ཀྱིས་བརྒྱན། །

མདོག་དང་དབྱིབས་དང་བོང་ཚོད་ཕུན་སུམ་ཚོགས། །བསྒོ་ན་ཉིན་གཅིག་འཛམ་གླིང་ལན་གསུམ་འཁོར། །

ལུས་ལ་ནད་མེད་གཟི་བརྗིད་ཆེན་པོ་ཅན། །ཡོངས་སུ་ངལ་བ་མེད་པའི་བཞོན་པ་ནི། །

རྟ་མཆོག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །རྫུ་འཕྲུལ་མཆོག་གི་ཤུགས་དང་ལྡན་པར་ཤོག །

ཅེས་པ་ལྟར་རྟ་མཆོག་རིན་པོ་ཆེ་ནི། སྤུ་མདོག་སྔོན་པོ་རྨ་བྱའི་མགྲིན་པའི་སྤུ་ལྟ་བུ་ཡིད་དུ་འོང་བ། ནད་མེད་ཅིང་འཚེར་སྐད་ཀྱིས་འཛམ་གླིང་ལ་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ཅང་ཤེས་བ་ལ་ཧ་ལྟ་བུའམ་བར་སྣང་ནས་རྟ་མཆོག་རིན་པོ་ཆེ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་བྱུང་སྟེ། ཞོན་ན་གུས་པར་བྱེད་པ། རིན་པོ་ཆེ་དུ་མའི་རྒྱན་གྱིས་བརྒྱན་པ། མགོ་ནག་རྔོག་མ་ལྕང་ལོར་འདུག་པ། རྫུ་འཕྲུལ་གྱིས་བར་སྣང་ལ་འགྲོ་བ་སོགས་རྣམ་པར་འཕྲུལ་པའི་ཆོས་ཅན་དག་མཐོང་བས། རྒྱལ་པོས་ཚོད་བགམ་ཆེད་ཉི་མ་ཤར་ཁར་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་ཞོན་ཏེ་སྐད་ཅིག་གི་རྒྱ་མཚོའི་ཕ་མཐའ་བསྐོར་ཅིང༌། ཕྱིར་ཕོ་བྲང་དུ་འཁོར་ནས་སྔར་བཞིན་ཁྱེའུ་སུས་ཀྱི་བདེ་བ་ཉམས་སུ་མྱོང་ངོ༌།།

 

བདུན་པ། དམག་དཔོན་རིན་པོ་ཆེ།

དེ་ཡང་ཇི་སྐད་དུ།

རྡོ་རྗེ་རིན་ཆེན་མཐོན་ཀ་མརྒད་དང༌། །གསེར་དང་དངུལ་དང་སྤུག་ལ་སོགས་པ་ནི། །

ཟད་པ་མེད་པས་ས་ཕྱོགས་རབ་འགེངས་པ། །དེ་ཡི་འབྱོར་པ་ཤིན་ཏུ་བརྟན་པ་སྟེ། །

གཡོ་དང་སྒྱུ་མེད་གཞན་ལ་གནོད་པ་མེད། །སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་འགྱུར་བའི། །

ཁྱིམ་བདག་རིན་ཆེན་ཕུལ་བས་འགྲོ་བ་ཀུན། །གསུང་རབ་རིན་ཆེན་མཛོད་ཀུན་འཛིན་པར་ཤོག །

ཅེས་པ་ལྟར་ཁྱིམ་བདག་རིན་པོ་ཆེ་ནི། མཁས་ཤིང་ཡིད་དྲང་པ། གཏོང་ཕོད་དང་ལྡན་པ། ལྷའི་མིག་གི་མངོན་ཤེས་མངའ་བ། ལྷག་པར་དཔག་ཚད་དུ་མས་ཆོད་པའི་བདག་མེད་ཀྱི་གཏེར་ཁ་གྱ་ནོམ་པ་མང་པོས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ནོར་གྱིས་དགོས་པ་ཅི་འདོད་དུ་བསྒྲུབས་པ་དང༌། མཛོད་ཀྱི་བདག་པོར་གྱུར་པ་ཞི་དུལ་གྱི་དཔལ་དང་ལྡན་ཞིང་གཏོང་ཕོད་པ་སྐྱེ་བོ་ཀུན་གྱིས་མཐོང་ན་མི་མཐུན་པ་མེད་པའི་མཛའ་བཤེས་སུ་གྱུར་པའོ།།

འདི་ལ་དམག་དཔོན་རིན་པོ་ཆེ་བགྲངས་པའང་ཡོད་ཅིང༌། དམག་དཔོན་རིན་པོ་ཆེ་ནི། དཔའ་དང་སྙིང་སྟོབས་ལྡན་པ། འཕྲུལ་དང་མཚོན་གྱི་སྒྱུ་རྩལ་དང་གཡུལ་འགྱེད་ཀྱི་ཐབས་ལ་མཁས་པ། དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། གཞུ་བདུངས་པ་ཙམ་གྱིས་ཀྱང་ཕ་རོལ་མི་བསྲུན་དགྲ་སྡེ་ཐམས་ཅད་སྤ་བཀོང་བར་བྱེད་པའི་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་ཆེན་འཕགས་སྐྱེས་པོ་ལྟ་བུ་ཡིན་ཞེས་གྲགས་སོ།།

 

སྣ་བདུན་གྱི་མཚོན་དོན།

གོང་གསལ་རྒྱལ་སྲིད་སྣ་བདུན་གྱི་རི་མོ་རྣམས་ང་ཚོའི་རྒྱུན་མཐོང་གི་ཅ་དངོས་སྣ་ཚོགས་དང༌། ཐང་ག །གཙུག་ལག་ཁང་སོགས་ཀྱི་ལྡེབས་བྲིས་སུ་འབྲི་སྲོལ་ཡོད་པས། རྒྱལ་སྲིད་སྣ་བདུན་གྱིས་ཡོན་ཏན་དང་འཕྲིན་ལས་མཚོན་ཏེ། འཁོར་ལོས་བརྩོན་འགྲུས་ཅན་རྣམས་མཁས་པའི་གོ་འཕང་བསྟོད་པ་མཚོན་ཞིང༌། ནོར་བུས་ཤེས་བྱའི་ནོར་གྱིས་ཕོངས་པའི་སྐྱེ་བོར་ཡོན་ཏན་གྱི་ལོངས་སྤྱོད་འཛད་མེད་དུ་སྩོལ་བ་མཚོན། བློན་པོས་ཡོན་ཏན་གྱི་རྒྱལ་སྲིད་འཛིན་པའི་ཐབས་མཚོན། ཁྱིམ་བདག་གིས་ཤེས་བྱས་དབུལ་བའི་ཉམ་ཐག་རྣམས་ལ་ཡོན་ཏན་གྱི་གཏེར་སྦྱིན་པ་མཚོན། རྟ་མཆོག་གིས་གནས་བཅུའི་ཐང་ཆེན་དུ་བརྩོན་འགྲུས་ཀྱི་བང་རྩལ་ལྷོད་མེད་དུ་བསྐུལ་བ་མཚོན། བཙུན་མོས་དུག་གསུམ་གྱི་རྟིང་གནོན་ལ་ཐབས་ཤེས་གཉིས་ཟུང་དུ་འབྲེལ་དགོས་པ་མཚོན་པ་བཅས་མཁས་པར་འདོད་པ་དག་གིས་རྒྱལ་སྲིད་སྣ་བདུན་གྱི་འདྲ་བརྙན་དངོས་སུ་བཤམས་པ་དང༌། ཡིད་ཀྱིས་སྤྲུལ་ཏེ་མཆོད་པར་བྱས་ན་ཡོན་ཏན་གྱི་འཕྲིན་ལས་ཁྱད་པར་ཅན་འབྱུང་བའི་རྟེན་འབྲེལ་ཆེ་བར་གསུངས་སོ། །དེ་ཡང་གསང་འདུས་ལས།

ཞིང་འདི་རིན་ཆེན་སྣ་བདུན་གྱིས། །མཁས་པ་དག་གིས་ཡོངས་བཀང་ལ། །

དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེར་ཤེས་རབ་ཅན་གྱི་དབུལ། །

ཞེས་དང༌། གཞན་ཡང༌།

མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །

བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་ཟད་གཏེར་ལ་སྤྱོད་པར་ཤོག །

ཅེས་གསུངས་པ་ལྟར་རོ།།

བརྒྱུད་སྐུལ།

མཆན་སྤེལ།