༄༅། །དབུས་པ་བློ་གསལ་གྱི་རྟགས་འཇུག་གི་འགྲེལ་པ་བཞུགས་སོ།།
༄༅༅། །རྟགས་ཀྱི་འཇུག་པའི་འགྲེལ་པ་བཞུགས་སོ།། མཛད་པ་པོ། དབུས་པ་བློ་གསལ། ༄༅༅། །རྒྱ་གར་སྐད་དུ། ལིང་གཱ་བ་ཏཱ་ར་བྲི་ཏི། བོད་སྐད་དུ། རྟགས་ཀྱི་འཇུག་པའི་འགྲེལ་པ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བསྟན་བཅོས་མཛད་པའི་སློབ་དཔོན་གྱིས་མིང་གཞིའི་ཡི་གེ་རྣམས་ཐ་དད་པར་ཤེས་པར་བྱ་བའི་ཕྱིར།སུམ་ཅུ་པའི་ཡན་ལག་གི་བསྟན་བཅོས་རྟགས་ཀྱི་འཇུག་པ་མཛད་པ་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །དེ་འཆད་པ་ན།བརྡ་སྤྲོད་པའི་གཙུག་དག་ལས་ཀ་ལ་སོགས་པ་གསལ་བྱེད་རྣམས་ནི་ཕོ་དང༌།ཨ་ལ་སོགས་པ་དབྱངས་ཡིག་རྣམས་ནི་མོ་དང༌།རྀ་རཱྀ་ལྀ་ལཱྀ་རྣམས་ནི་མ་ནིང་དུ་བཤད་ལ།འདིར་ཡི་གེ་སུམ་ཅུ་པོ་སྡེ་པ་ཕྱེད་དང་བརྒྱད་དུ་གནས་པའང་འབྱུང་གནས་ཀྱི་སྟོབས་ཀྱིས་སྡེ་པ་ལྔར་བསྡུས་པའོ།།



