བླ་མ་བརྒྱུད་པ་བོད་ཀྱི་ལོ་རྒྱུས་ལས་བླ་ཆེན་འབྲོག་མི་ལོ་ཙཱ་བའི་ལོ་རྒྱུས།
༄༅༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །བླ་མ་བརྒྱུད་པ་བོད་ཀྱི་ལོ་རྒྱུས་ནི། ཆོས་འཁོར་གྲོམ་པ་རྒྱང་དུ་རྒྱ་ཤཱཀྱ་གཞོན་ནུ་དང༌། སེ་ཡེ་ཤེས་བརྩོན་འགྲུས་གཉིས་ཀྱིས་མཁན་སློབ་མཛད་པ་ལས། སེས་བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས་དང༌། སྟག་ལོ་གཞོན་ནུ་བརྩོན་འགྲུས་གཉིས་རྒྱ་གར་དུ་བརྫངས་ཏེ། བསྟན་པའི་རྩ་བ་ཡིན་པས་འདུལ་བ་དང༌། བསྟན་པའི་སྙིང་པོ་ཡིན་པས་ཕར་ཕྱིན་དང༌། བསྟན་པའི་ཉིང་ཁུ་ཡིན་པས་གསང་སྔགས་རྣམས་ཉོན་ལ་ཤོག་གསུངས་ནས། གཉིས་པོ་རྒྱ་གར་དུ་བྱོན།
བླ་ཆེན་གྱིས་བལ་ཡུལ་དུ་བྷ་རོ་ཧཾ་ཐུང་ཞེས་བྱ་བ་ལས་སྔགས་ཀྱི་སྒོར་ཞུགས། དེ་ནས་རྒྱ་གར་དུ་བྱོན་ནས་སློབ་དཔོན་རཏྣ་ཨཱ་ཀ་ར་ཤཱནྟི་པ་གྲགས་པ་ཆེ་ཞིང་མཁས་པར་དགོངས་ནས་འདུལ་བ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་སྔགས་ཀྱང་མང་དུ་གསན།
དེ་ནས་རྒྱ་གར་ཤར་ཕྱོགས་སུ་བྱོན་ནས་སློབ་དཔོན་བིརྺ་པའི་སློབ་མ་ནི་ཌོཾ་བི་ཧེ་རུ་ཀ །དེའི་བརྒྱུད་པ་འཛིན་པའི་སློབ་དཔོན་མི་ཐུབ་ཟླ་བ་དངོས་ཀྱི་སློབ་མ་མཆོག་དགེ་སློང་དཔའ་བོ་རྡོ་རྗེ་ལ་ཧེ་བཛྲའི་རྒྱུད་གསུམ་ཡན་ལག་དང་བཅས་པ་ལ་སོགས་པའི་སྔགས་མང་དུ་གསན། བསམ་མི་ཁྱབ་ལ་སོགས་པའི་མན་ངག་མང་དུ་ཞུས། ལམ་འབྲས་རྩ་བ་མེད་པ་གཅིག་ཀྱང་གསན། རྒྱ་གར་དུ་ལོ་བཅུ་གཉིས་བཞུགས་ནས་ལོ་ཙཱ་བ་ཆེན་པོར་གྱུར། སྟག་ལོས་ནི་ཤེས་རབ་སྙིང་པོ་རྒྱ་ཀློག་ཏུ་འདོན་པ་གཅིག་ལས་མ་ཤེས། རྡོ་རྗེ་གདན་ལ་སྐོར་བ་བྱེད་ཀྱིན་བསྡད་གསུང་ངོ༌། །ཚུལ་ཁྲིམས་ཀྱི་མགོ་ཐོན་པས་སྟག་ཚོའི་སྡེ་པ་མང་པོ་བྱུང་ངོ༌། །
དེ་ནས་བླ་ཆེན་བོད་དུ་བྱོན། ཆོས་མང་དུ་གསུང་གིན་བཞུགས་སྐབས་སུ་སྤ་དྲོའི་ཚུར་ཉེ་བ་རྣམ་ཐང་དཀར་པོ་ན་བཞུགས་པའི་དུས་སུ། བླ་མ་ག་ཡ་དྷ་རས་འཕྲིན་བཏང་ནས་བསུ་རུ་ཤོག་གསུངས། ཆོས་ཅི་ཤེས་དྲིས་པས་རྡོ་རྗེ་ཐེག་པ་ལ་མཁས་པར་དགོངས་ནས་དགྱེས་པས་བསུས་ཏེ་གྲོམ་པ་ལྷ་རྩེའི་བྲག་ལ་བཞུགས་ནས་ཆོས་ཀྱི་ཟླ་བོ་བྱས་པས་ཤིན་ཏུ་མཉེས་ནས་ལོ་ལྔ་བཞུགས་པར་བྱས། གསེར་སྲང་ལྔ་བརྒྱ་འབུལ་བར་བྱས་ནས་མྱུ་གུ་ལུང་དུ་བཞུགས་པར་བྱས། ལོ་གསུམ་ན་འགྲོ་གསུང༌། བླ་མའི་ཐུགས་ལ་གསེར་རྫོགས་པར་འབུལ་དགོངས་ནས་གསེར་བསྒྲུབས་པས་བག་ཙམ་མ་ལྡང་ནས་ཟུར་ཤག་འབྱུང་བ་ལ་མི་བཏང་ནས་ཆོས་སྦྱིན་གྱི་ཤོག་གསུངས་པས། ཟུར་ཡང་དག་གི་སྒྲུབ་པ་ལ་ཞུགས་པས་སློབ་མ་ལ་ལ་ན་རེ། དགེ་སྦྱོར་གྱི་བར་ཆད་ཡིན་ཟེར་བ་ལ། འབྲོག་མི་ལོ་ཙཱ་བ་ཆེན་པོ་ཡིན་པས་མན་ངག་ཡོད་ངེས་ཟེར་ནས་ཕྱིན་པས་གསེར་སྲང་བརྒྱ་ཙམ་ཡང་ཕུལ། བླ་མས་བསམ་མི་ཁྱབ་ཀྱི་མན་ངག་གནང༌། ཟུར་པོ་ཆེ་ཤག་འབྱུང་ཡང་དགའ་ནས། བླ་མ་ཆེན་པོའི་བཀའ་དྲིན་གྱིས། །ཨ་པོའི་སེམས་ཕྱོགས་ནོར་དུ་ཐལ། །ཟེར་ལོ། །དེར་བླ་མ་ག་ཡ་དྷ་ར་ལ་གསེར་སྲང་ལྔ་བརྒྱ་དུས་གཅིག་ལ་ཕུལ་བས་ཐུགས་མ་ཆེས་པས་སྒྱུ་མ་ཡིན་ནམ་དགོངས་ཏེ། ལམ་ཁར་མང་ཀར་དྲིལ་ཆེན་གྱི་མི་མང་སར་བྱོན་ཅིང་འདི་རྣམས་གསེར་དུ་འདུག་གམ་མི་འདུག་གསུང་ཞིང་བསྟན། དེ་དག་གསེར་ཡིན་པར་དགོངས་པ་དང༌། ཤིན་ཏུ་དགྱེས་པས་ད་ཁྱོད་ཅི་དགའ་བར་བྱའི་ཅི་འདོད་གསུངས། ཅི་ཡང་མི་ཞུ་གསུངས་པས། ཡང་ཡང་གསུངས་ནས། འོ་ན་གསུང་ངག་འདི་གཞན་ལ་མི་གསུང་བར་ཞུ་བ་ཕུལ། བླ་མས་ཞལ་གྱིས་བཞེས་ནས་རྒྱ་གར་དུ་གཤེགས།
ཡང་དུས་ཕྱིས་འགོས་ཀྱིས་གྲོ་མོ་ན་ཚུར་མེ་ཏྲཱི་པ་ཡིན་གསུངས་ནས་སྤྱན་དྲངས། བོད་དུ་བྱོན་པས་མེ་ཏྲཱི་པ་མིན་པར་འདུག་པས། བླ་མས་བརྫུན་གསུངས་བྱས་པས། མེ་ཏྲཱི་པས་ཆོས་ནི་ང་མཁས་ཁྱོད་ཆོས་འདོད་པར་འདུག་པས་དེངས་དགའ་མོད་གསུངས། དེར་འགོས་ཀྱང་ཆོས་ལ་མགུ་བས་བསྙེན་བཀུར་ཡང་མང་དུ་བྱས་རྒྱ་གར་དུ་གཤེགས་སོ། །ཡང་དུས་ཕྱིས་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་མངའ་རིས་སྟོད་ནས་སྤྱན་དྲངས་ནས་བསྙེན་བཀུར་མང་དུ་བྱས་ནས་རྒྱ་གར་དུ་གཤེགས་པའི་ལམ་ཁར་གྱི་ཇོའི་སློབ་མ་ཁ་རག་གཙང་པས་སྤྱན་དྲངས་ནས་ཁ་རག་ཏུ་བྱོན་ནོ། །ཁ་རག་པས་བསྙེན་བཀུར་མང་དུ་བྱས་ནས་དེར་སྐུ་འདའ་ཁར་ངའི་བུ་ཚ་བོ་རི་རྩེ་ལ་ཡོད་པས་དེར་སྐྱོལ་གསུངས། བུ་ཚ་བོ་བདག་ཅག་ཀྱང་ལགས་ན་བྱས་པས། དེས་མི་ཕན་སྐྱོལ་གསུངས། དེ་བླ་ཆེན་གྱིས་སློབ་མ་སྒོམ་ཆེན་སེ་རོག་གཉིས་ཅན་དུ་བཞུགས་ནས། བུ་སྒྲུབ་པ་ལ་ནན་ཏན་མ་ཆུང༌། ངས་མ་བསྒོམས་ཀྱང་སྔགས་པ་འཆི་ན་འདི་བཞིན་ཡིན་གསུངས་ནས། རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས་ནས་འོད་རིལ་བ་ཙམ་ཞིག་སྤྱི་གཙུག་ནས་འཐོན་ནས་སོང་གསུངས། ད་ལྟ་ཡང་ཐོད་ཕུ་ན་རྡོ་རྗེ་དྲིལ་བུ་ཡོད་དོ། །བླ་ཆེན་འབྲོག་མི་ཉིད་གཞུང་གསུངས་པའི་སློབ་མ་ལ་མན་ངག་མི་གསུང༌། མན་ངག་གསུངས་པའི་སློབ་མ་ལ་གཞུང་མི་གསུང་བ་ཡིན་གསུངས། གཞུང་ཚར་བའི་སློབ་མ་ནི་ལྷ་རྩེའི་གྱི་ལྗང་དབུ་དཀར་བ། ཤངས་ཀྱི་བྲག་རྩེ་སོ་ནག་པ། ས་སྐྱའི་འཁོན་དཀོན་མཆོག་རྒྱལ་པོ། འཕྲང་འོག་གི་དབྲད་དཀོན་མཆོག་རྒྱལ་པོ། བླ་མ་མངའ་རིས་པ་གསལ་བའི་སྙིང་པོ་དང་ལྔ་ལགས། མན་ངག་རྫོགས་པའི་སློབ་མ་ནི་འབྲོམ་དེ་པ་སྟོན་ཆུང༌། ལྷ་བཙུན་ཀ་ལི། བླ་མ་སེ་མཁར་ཆུང་བ་རྣམས་ཡིན། འབྲོམ་ཞབས་ཏོག་ཆེ། ལྷ་བཙུན་ཇོ་མོའི་མིང་པོ་བླ་མ་སེས་བླ་ཆེན་གྱི་སྤྱན་སྔར་སྔར་ལོ་བདུན་ཕྱིས་བཅུ་སྟེ་བཅུ་བདུན་བཞུགས། གནག་སྨད་སུམ་ཅུ་ཙམ་ཕུལ། བླ་མའི་ཞལ་ནས་འབུལ་བ་ཆུང་སྟེ་མཁོ་གསུངས། ཞབས་ཏོག་ཆུང་ཡང་ཡུན་རིང་བ་དང་སྤྱོད་ལམ་གྱིས་མཉེས་ནས་མན་ངག་ཐོབ་པ་ཡིན་གསུངས། གསུང་ངག་ཚར་ནས་གཞུང་ཞུས་པས་མན་ངག་བྱིན་པ་ལ་གཞུང་མི་བཤད་ཀྱི། ཁྱོད་རང་གཞུང་ལ་དད་ན་ས་སྐྱར་སོང་གསུངས་ནས་བླ་མ་སེས་ས་སྐྱར་ལོ་བཞི་བཞུགས་ནས་ས་སྐྱ་པ་ཆེན་པོ་ལས་གཞུང་ཚང་བར་གསན་ནོ། །བླ་མ་འབྲོག་ལ་གྲུབ་པ་ཐོབ་པའི་སློབ་མ་ནི་ཕོ་གསུམ་མོ་བཞི་སྟེ། ཕོ་གསུམ་ནི་སྒྱེར་སྒོམ་སེ་བོ། གཤེན་སྒོམ་རོག་པོ། དབུས་པ་གྲོང་པོ་ཆེའོ། །མོ་བཞི་ནི། རྟོད་མོ་རྡོ་རྗེ་མཚོ། དབྲད་སྒོམ་མ་དཀོན་ནེ། ཤབ་པ་མོ་ལྕམ་གཅིག །འཕྱང་མོ་ནམ་མཁའ་མོ། དེ་ལ་དང་པོ་དྲུག་གིས་ནི་ལུས་མ་སྤངས་པར་གྲུབ་པ་ཐོབ་བོ། །འཕྱད་མོ་ནམ་མཁས་ནི་ཐུན་མོང་གི་དངོས་གྲུབ་གྲུབ་པའོ། །གཞན་ཡང་གྲུབ་པ་ཐོབ་པའི་སློབ་མ་མང་དུ་བཞུགས་པར་གདའ། ཚངས་པར་སྤྱོད་པའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་ཨི་ཐི།།