༄༅། །གཙང་གཞུང་རང་རེའི་རྒྱན་ཡིན།
རྩོམ་པ་པོ། རྣམ་གླིང་བསྟན་པ།
གཙང་པའི་མི་ལ་ཆང་རག་བཏུང་ཤེད་འདུག་ཅེས་མ་གསུངས། །
གཙང་ཡུལ་ལྗོངས་ཀྱི་ཐོན་ཁུངས་གཙོ་བོ་འབྲུ་རིགས་རེད་ལགས། །
གཙང་གི་བུད་མེད་འཁེལ་འཐག་ལག་ཤེས་འདུག་ཅེས་མ་གསུངས། །
གཙང་པའི་བུ་མོ་ཨ་ཅེ་སྣང་བཟའི་རྒྱུད་འཛིན་རེད་ལགས། །
གཙང་པའི་མི་ལ་ལས་ཀའི་ཧུར་བརྩོན་འདུག་ཅེས་མ་གསུངས། །
བརྩོན་པ་སྔས་མགོར་བརྒྱབ་ནས་འདོད་དོན་སྒྲུབ་པར་བྱེད་ཀྱི། །
གཙང་པའི་མི་ལ་ཤེས་བྱ་ཡོན་ཏན་མི་འདུག་མ་གསུངས། །
གཙང་པའི་ཕོ་གཞོན་མོ་གཞོན་མགོ་བོ་དགྱེ་དགྱེར་བཞུགས་འདུག །
གཙང་གི་ཡུལ་ན་མི་བུ་རླབས་ཆེན་མེད་ཅེས་མ་གསུངས། །
གཙང་གི་ཆོས་རྗེ་ས་པཎ་བོད་མིའི་རྒྱན་ཆ་རེད་ལགས། །
གཙང་པའི་ཡུལ་ན་མཛངས་མ་བྱུང་མྱོང་མི་འདུག་མ་གསུངས། །
གཙང་གི་ཨ་ཅེ་སྣང་ས་མཛངས་མ་མིན་ན་གང་རེད། །
གཙང་པའི་ཨོ་ལོར་བྱམས་དང་སྙིང་རྗེ་མི་འདུག་མ་གསུངས། །
བྱམས་དང་སྙིང་རྗེའི་བདག་ཉིད་རྗེ་བཙུན་མི་ལའི་འཁྲུངས་གཞི། །
གཙང་ལྗོངས་བདེ་བའི་ཡུལ་ལ་ཞུམ་མེད་སྙིང་སྟོབས་ཡོད་པས། །
རི་རྒྱལ་ལྷུན་པོ་ཡིན་ཡང་ཕར་སྤོ་ཚུར་སྤོ་རེད་འདུག །
ཟབ་ཡངས་ཆུ་མོ་ཡིན་ཡང་ཐང་གཤོང་སྐམ་སར་སྐྲུན་གྱི། །
གཙང་གི་གཞོན་སྐྱེས་ན་གཞོན་དཔུང་གདང་ཤིག་ཤིག་ངང་ནས། །
མེས་པོའི་ཞབས་རྗེས་འཚོལ་ཕྱིར་བཅུ་ཕྲག་གནས་ལ་འབུངས་ཀྱི། །
རང་རང་རྐང་པ་བཙུག་ས་ལག་པས་བཟོ་དགོས་ཇི་བཞིན། །
རང་རང་འདུན་ལམ་ཆེད་དུ་དཀའ་བ་ཁྱད་བསད་བྱེད་ཀྱི། །
རི་ཆེན་གངས་དཀར་ཏི་སི་གཙང་གི་ལྷག་བསམ་ཡིན་ནོ། །
དྭངས་གཙང་ཉང་ཆུ་ཆུ་མོ་འགྱུར་མེད་བརྩེ་བ་ཡིན་ནོ། །
གཟི་བྱིན་བཀྲ་ཤིས་ལྷུན་པོ་གཙང་གི་རྒྱན་ཆ་ཡིན་ནོ། །
ད་ནི་མི་སྡོད་སྐྱིད་པའི་གཙང་གི་གཞུང་ལ་ཕེབས་དང་། །
གཙང་མཆོག་ཡུལ་གྱིས་ཁྱེད་ལ་དགའ་བསུའི་གླུ་དབྱངས་ཡོད་དོ། །
ལྷ་རྩེའི་སྟོད་གཞས་དིང་རིའི་འཁྲུག་གཞས་སྣེ་ལེན་ཡོད་དོ། །
རྣམ་གླིང་ཞོལ་བའི་ལྷ་མོའི་ཟློས་གར་ཟབ་རྒྱས་ཡོད་དོ། །
ཐོབ་རྒྱལ་གཞས་ཆེན་དཔོན་ཉམས་ངང་གིས་བསུ་བ་ཡོད་དོ། །
ད་ནི་ལན་གཅིག་གཙང་མཆོག་ཡུལ་ལ་ཕེབས་པ་གནང་དང་། །
ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་མཆོག་གཙང་ཡུལ་འདི་རུ། །
རྒྱང་རྩེ་ཕྱུར་བ་པ་སྣམ་རྩམ་པ་རྣམ་གླིང་ཞོག་ཁོག །
ལྷ་རྩེ་སྟོད་གཞས་ས་སྐྱ་ཤ་མར་གཞིས་རྩེ་མཆོད་ཆང་། །
ད་དུང་ས་སྐྱ་ཞ་ལུ་བཀྲིས་ལྷུན་དགོན་པ་སོགས་དང་། །
བོད་པའི་གནའ་ཤུལ་ལོ་རྒྱུས་ཞིབ་འཇུག་བསམ་ན་གཙང་ལ་ཕེབས། །
སྒྲ་སྒྱུར་རིག་གཞུང་སྔོག་འདོན་བསམ་ཚེ་དཔལ་ལྡན་ས་སྐྱར་ཕེབས། །
སྔོན་བྱོན་མཁས་པའི་ཞབས་རྗེས་དཔྱད་དཔོག་བསམ་ན་གཙང་ལ་ཕེབས། །
སྣ་མང་སྲོལ་རྒྱུན་རིག་གནས་རྒྱུས་ལོན་དགོས་ཚེ་གཙང་ལ་ཕེབས། །
གཙང་ལྗོངས་བོད་པའི་རིག་གནས་ཀུན་གྱི་ཀ་བརྟེན་ཉག་གཅིག་ཡིན། །
གཙང་ལྗོངས་མེས་པོའི་ཞབས་རྗེས་འཚོལ་གནས་གཙོ་བོ་ཡིན་ལགས། །
གཙང་ལྗོངས་ཤེས་རིག་ཟུངས་ཁྲག་གསོ་བའི་བདུད་རྩི་ཡིན་ངེས། །
༠༢༡/༤ / ༥ ཉིན་མལ་ཁང་ནང་ཐོལ་བྱུང་དུ་བྲིས་པར་ཐལ།