ལྷ་ས་གཙུག་ལག་ཁང་གི་ཀ་བ་རྟགས་ཅན་བཞི།
ལྷ་ས་གཙུག་ལག་ཁང་གི་ཀ་བ་རྟགས་ཅན་བཞི། དུང་དཀར་ཚིག་མཛོད་ཆེན་མོ་ལྟར་བསྒྲིགས། དུང་དཀར་བློ་བཟང་འཕྲིན་ལས། ཀ་བ་བུམ་པ་ཅན། ལྷ་ས་གཙུག་ལག་ཁང་ཆེན་པོའི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་གྲས་སུ་ཀ་བ་རྟགས་ཅན་བཞི་ཡོད་པའི་ནང་གསེས་ཞིག་སྟེ། ཀ་བ་འདི་གང་ཡིན་ད་ཕན་ཇོ་བོ་རྗེ་ཨ་ཏི་ཤས་ངོ་མཁྱེན་པ་མ་གཏོགས་སུས་ཀྱང་ངོས་འཛིན་མ་ཐུབ་ཅིང༌། ཇོ་བོ་རྗེས་གསང་བ་སྲུང་བའི་ཕྱིར་དུ་གཙུག་ལག་ཁང་གི་ཕྱོགས་གང་དུ་ཡོད་མེད་གསལ་པོར་གསུངས་མེད། 《བཀའ་ཆེམས་ཀ་ཁོལ་མ》དང༌། 《ཆོས་འབྱུང་མེ་ཏོག་སྙིང་པོ》《མཁས་པའི་དགའ་སྟོན》སོགས་མང་པོ་ཞིག་ལས། རྒྱལ་པོ་སྲོང་བཙན་སྒམ་པོས་ཀ་བ་འདི་དང་ཉེ་བའི་སར་རིན་པོ་ཆེའི་གཏེར་སྦས་པར་གསུངས་པ། ཀ་བའི་གཏེར་རྟགས་མཚན་མར་བརྟགས་ན་དོན་དངོས་དང་མཐུན་ནམ་སྙམ།




