༄༅། །ཞྭ་ལུ་ལོ་ཙཱ་བའི་སུམ་རྟགས་འགྲེལ་པ་བཞུགས་སོ།།

༄༅། །ཞྭ་ལུ་ལོ་ཙཱ་བའི་སུམ་རྟགས་འགྲེལ་པ་བཞུགས་སོ།།

༄༅། །ཞྭ་ལུ་ལོ་ཙཱ་བའི་སུམ་རྟགས་འགྲེལ་པ་བཞུགས་སོ།།

 

༄༅། །སློབ་དཔོན་ཨ་ནུས་མཛད་པའི་བོད་ཀྱི་སྐད་ཀྱི་གསུང་རབ་ལ་འཇུག་ཚུལ་སུམ་ཅུ་པའི་རྣམ་འགྲེལ་བཞུགས་སོ། །

ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ། ༡༤༤༡-༡༥༢༧

 

ན་མོ་མཉྫུ་བཛྲཱ་ཡ།

ཚངས་དབང་དབྱངས་ལས་ཆོས་སྙན་གསུང་དབྱངས་ཀྱིས། །མཐའ་ཡས་འགྲོ་ལ་མཐའ་ཡས་ཆོས་སྟོན་པ། །མ་ལུས་རྒྱལ་བ་སྐྱེད་མཛད་རྒྱལ་བའི་སྲས། །གང་དང་དབྱེར་མེད་བླ་མ་མཆོག་བཏུད་ནས། །གངས་ཅན་སྐད་ཀྱི་བརྡ་སྤྲོད་གཙུག་ལག་གཞུང་། །གངས་ཅན་མཁས་པ་ཐོན་མི་སམྦྷོ་ཊ། །གངས་ཅན་དམ་ཆོས་སྒྲོན་མེ་དེས་མཛད་པའི། །བསྟན་བཅོས་ཟུང་འདི་རབ་ཏུ་དབྱེ་བར་བགྱི། །

དེ་ལ་སྟོབས་བཅུ་མངའ་བ་ཉིད་ཀྱིས། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་འབྱུང་བར་ལུང་བསྟན་པའི་ཁ་བ་ཅན་གྱི་ལྗོངས་འདིར། འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྲུལ་པའི་སྐུ། མིའི་དབང་བོ་སྲོང་བཙན་སྒམ་པོ་དེ་ཉིད་ཀྱི་སྐུ་རིང་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐོན་མི་སམྦྷོ་ཊ་ཞེས་གྲགས་པ་དེ་ཉིད་ཀྱིས་སྔར་བོད་ན་ཡི་གེ་མེད་པ་ལ། ལཉྪ་ནའི་ཡི་གེ་ལ་དཔེ་མཛད་ནས་བོད་ཀྱི་ཡི་གེ་དང་སྐད་ཀྱི་གསུང་རབ་ལ་འཇུག་པའི་ཚུལ་སྔོན་མེད་པ་ཕུལ་དུ་བྱུང་བ་མཛད་དོ། །འདི་ལ་བརྟེན་ནས་བྱང་ཕྱོགས་ཀྱི་ལྗོངས་བོད་དང་བོད་ཆེན་པོ། རྒྱ་ནག་དང་རྒྱ་ནག་ཆེན་པོའི་མཐར་ཐུག་པའི་རྒྱ་མཚོའི་གོས་ཅན་གྱི་གཞི་འདི་མཐའ་དག་བསྟན་པ་རིན་པོ་ཆེའི་སྒྲོན་མེས་དིང་སང་གི་བལ་དུ་སྣང་བར་མཛད་པ་ཉིད་ཀྱི་ཕྱིར་ན་མཁན་པོ་ཆེན་པོ་འདི་ཉིད་ཀྱིས་མཛད་པའི་གཞུང་བཟང་པོ་འདི་དག་ཉེ་བར་མཁོ་བ་ཙམ་དུ་མ་ཟད། བྱས་པ་ཤེས་ཤིང་དྲིན་དུ་གཟོ་བའི་སླད་དུ་འང་། མཁས་པ་རྣམས་ཀྱི་འབྲི་ཞིང་ཀློག་པ་དང་འཆད་པ་དང་ཉན་པ་དང་རབ་ཏུ་གསལ་བར་བྱེད་རིགས་པ་ཉིད་དོ། །སྔོན་མཁན་པོ་འདིས་བོད་ཀྱི་སྐད་ལ་མཁོ་བའི་བསྟན་བཅོས་བརྒྱད་མཛད་པར་གྲགས་པ་ལས། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་དིང་སང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མི་སྣང་ལ། ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ནི་ཐོན་མིས་མཛད་སྲིད་ནའང་། རྒྱ་གར་གྱི་སྐད་ཀློག་ཚུལ་ཡིན་གྱི། བོད་ཀྱི་སྐད་ལ་འཇུག་མ་ཡིན་ནོ། །

དེས་ན་ཐོག་མར་སུམ་ཅུ་པ་འཆད་པར་བྱེད་པ་ལ་གསུམ་སྟེ། བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ། བསྔགས་པ་བརྗོད་དེ་མཇུག་བསྡུ་བའོ། །

 

 

སྐབས་དང་པོ། མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་བཤད་པ།

 

དང་པོ་(བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ་)ལ་གཉིས་ཏེ། དོན་ཆེན་བསྒྲུབ་ཕྱིར་མཆོད་བརྗོད་བཤད། རང་བཞིན་བརྗོད་དེ་དམ་བཅའ་བཤད་པའོ། །དང་པོ་(དོན་ཆེན་བསྒྲུབ་ཕྱིར་མཆོད་བརྗོད་བཤད་པ་)ནི། སྤྱིར་དཀོན་མཆོག་གསུམ་པོ་གང་ལ་རིམ་པ་བཞིན་དོན་གཉིས་མཐར་ཕྱིན་པ་དང་ལམ་དང་འགོག་བདེན་གྱིས་བསྡུས་པའི་ལུང་རྟོགས་དང་རིག་གྲོལ་གྱི་ཡོན་ཏན་མཆོག་མངའ་བའི་དཀོན་མཆོགགསུམ་པོ་དེ་རྣམས་ལ་ཕྱག་འཚལ་ལོ། །བྱེ་བྲག་ཏུ། གང་གིས་སྒྲ་དབྱངས་ཏེ་ཨཱ་ལི་སྔོན་གྱི་དུས་སུ་གསུངས་པ་ཡི། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་མིང་གཞི་སྟེ་ཀཱ་ལི་སྔོན་དུ་གསུངས་པ་སྒྲའི་ལྷ་རྟག་ཏུ་ཞི་བ་ལ་ཕྱག་འཚལ་ལོ། །སྔོན་འཕགས་པའི་ཡུལ་དུ་སྒྲ་དང་སྙན་ངག་དང་སྡེབ་སྦྱོར་ལ་སོགས་པ་ལེགས་པར་མཛད་པའི་མཁས་པ་དཔའ་བོ་དང་ཙནྡྲ་གོ་མི་ལ་སོགས་པ་རྣམས་དང་། བདག་ཉིད་ཀྱི་བླ་མ་པཎྚྀ་ཏ་ལྷ་རིག་པའི་སེང་གེ་དང་ཡིག་མཁན་ལི་བྱིན་དག་ལ་ཡང་ཕྱག་འཚལ་ནས་ཞེས་པ་སྟེ། བརྟག་གཉིས་ལས། རྟག་ཏུ་དགེ་ལ་ཞི་བ་ཉིད། ཅེས་འབྱུང་བ་ལྟར་སངས་རྒྱས་ལ་རྟག་ཞི་བར་བཤད་དུ་ཡོད་པར་གསུངས་སོ། །འདིར་ནས་ཀྱི་སྒྲ་ནི་བྱེད་པ་པོ་གཅིག་གིས་བྱ་བ་གཉིས་བྱེད་པའི་བྱ་བ་སྔ་མའི་མཐར་སྦྱོར་བ་ཉིད་ཡིན་ཏེ། ཕྱག་འཚལ་ནས་བཤད་པར་བྱ་ཞེས་འབྲེལ་ལོ། །

གཉིས་པ་ལ་གྲུབ་མཐའ་ལ་ཞུགས་པ་ཕྱི་ནང་གཉིས་ལས། ནང་བ་སངས་རྒྱས་པའི་ཉན་ཐོས་དང་རང་རྒྱལ་དང་སངས་རྒྱས་ཀྱི་བསླབ་པ་ཀུན་གྱི་གཞི་འཛིན་པར་བྱེད་ཅིང་། ཕྱི་རོལ་པའི་ངེས་བརྗོད་དང་མཆོད་སྦྱིན་དང་སྲིད་སྲུང་དང་སྙན་ངག་སྟེ། རིག་བྱེད་བཞི་པོ་སྨྲ་བ་རྣམས་ཀྱིའང་རྒྱུ་ཡིན་ལ་འཇིག་རྟེན་ཕལ་བ་རྣམས་དང་ཐུན་མོང་བ་ཀ་བ་ལ་སོགས་པ་མིང་དང་འདུས་བྱས་མི་རྟག་ཅེས་པ་ལ་སོགས་པ་ཚིག་ཏུ་བརྗོད་པ་ཀུན་གྱི་གཞིར་གྱུར་པ་ནི་ཡི་གེའི་སྦྱོར་བ་ཡིན་པས་དགོས་པ་ཁྱད་པར་ཅན་དེ་ལྟ་བུ་དང་ལྡན་པའི་ཡི་གེའི་སྦྱོར་བ་བཤད་པར་བྱ་ཞེས་པ་སྟེ། ཚིགས་སུ་བཅད་པ་གསུམ་པོ་འདི་ནི་རྩོམ་པ་པོ་རང་ཉིད་སྐྱེས་བུ་དམ་པར་རྟོགས་པ་དང་། རྩོམ་པ་མཐར་ཕྱིན་པར་འགྱུར་བ་དང་། ཉན་པ་པོ་བསྟན་བཅོས་ལ་དགོས་སོགས་ཆོས་བཞི་མཐོང་ནས་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་མཛད་དོ། །ཞེས་ཤེས་པར་བྱའོ། །

 

སྐབས་གཉིས་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ།

 

གཉིས་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་ལ་གཉིས་ཏེ། ཡི་གེའ་རྣམ་གཞག་རྒྱས་པར་བཤད། མིང་དང་ཚིག་གི་འཇུག་པ་བསྟན། དང་པོ་ཡི་གེའི་རྣམ་གཞག་རྒྱས་པར་བཤད་པ་ལ་གསུམ། བོད་ཡིག་སུམ་ཅུ་སོ་བཞི་བཤད། རྗེས་འཇུག་སྔོན་འཇུག་མི་འཇུག་བསྙད། དེ་ཉིད་ཤིན་ཏུ་རྒྱས་པར་བཤད་པའོ། །

 

ཡི་གེའི་རྣམ་གཞག་རྒྱས་པར་བཤད་པ་དང་དབྱངས་གསལ་གྱི་ཡི་གེ་སྤྱིར་བཤད་པ།

 

དེའི་དང་པོ་བོད་ཡིག་སུམ་ཅུ་སོ་བཞི་བཤད་པ་ལ། མདོར་བསྟན་རྒྱས་པར་བཤད་པ་གཉིས་ཀྱི། །དང་པོ་མདོར་བསྟན་ནི། རྒྱ་གར་གྱི་ཡི་གེ་ལ་ཨཱ་ལི་ཨ་ཕྲེང་སྟེ་ཨ་ཡིག་ལ་སོགས་པའི་ཕྲེང་བ་དབྱངས་དང་། ཀཱ་ལི་ཀ་ཕྲེང་སྟེ་ཀ་ཡིག་ལ་སོགས་པའི་ཕྲེང་བ་གསལ་བྱེད་ཀྱི་ཡི་གེ་གཉིས་ཡོད་པ་བཞིན་དུ་བོད་ཀྱི་ཡི་གེ་ལའང་ཨཱ་ལི་སྟེ་དབྱངས་དང་གསལ་བྱེད་གཉིས་ཡོད་པའོ། །

 

དེ་དག་གི་ངོ་བོ་བྱེ་བྲག་ཏུ་བཤད་པ།

 

གཉིས་པ་རྒྱས་པར་བཤད་པ་ནི། དབྱངས་དང་གསལ་བྱེད་ཀྱི་ངོ་བོ་དང་གྲངས་དུ་ཞེ་ན། བོད་ཀྱི་ཡི་གེཨཱ་ལི་དབྱངས་ཡིག་གསལ་བར་མཚོན་པར་བྱེད་པ་ནི་ཨི་ཡིག་དང་སོགས་ཀྱི་སྒྲས་བསྟན་པ་ཨི་ཨུ་ཨེ་ཨོ་རྣམས་ཏེ་བཞིར་ངེས་ཞེས་པའོ། །གང་ཡང་མཁས་པའི་ཁ་རྒྱན་དུ། བོད་ཀྱི་དབང་དུ་མཛད་དེ་དབྱངས་རྣམས་ནི་ལྔའོ། །གསལ་བྱེད་རྣམས་ནི་ཉི་ཤུ་རྩ་དགུའོ། །ཞེས་གསུངས་པ་ནི་གཞུང་འདི་དང་དངོས་སུ་འགལ་བ་ཁོ་ནར་ཟད་དོ། །བོད་ཀྱི་སྐད་ལ་ཀཱ་ལི་སྟེ། གསལ་བྱེད་ནི་གྲངས་སུམ་ཅུ་ཐམ་པ་ཉིད་དུ་ངེས་ཏེ། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨའོ། །དེ་ལ་རྒྱ་གར་གྱི་སྐད་ལ་དབྱངས་བཅུ་བཞི་དང་གསལ་བྱེད་སུམ་ཅུ་རྩ་གསུམ་དུ་ངེས་པ་ལ། འདིར་དབྱངས་ཡིག་དབྲི་བ་ཁོ་དང་ནི། གསལ་བྱེད་ལ་དབྲི་བསྣན་གཉིས་ཀ་ཡོད་དེ། དབྱངས་དང་པོ་ནི། འདིར་གསལ་བྱེད་ཐ་མར་མཛད་ལ། ཨ་ཨཱ་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཽ་རྣམས་བོད་ཀྱི་སྐད་ལ་རིང་ཐུང་དང་ལྕི་ཡང་གི་རྣམ་གཞག་མ་མཛད་པས་བོར་ཏེ། དབྱངས་ལྷག་མ་ཨི་ཨུ་ཨེ་ཨོ་བཞིར་ངེས་པར་མཛད་དོ། །གསལ་བྱེད་སུམ་ཅུ་རྩ་གསུམ་ལས། སྡེ་བ་བཞི་པ། གྷ་ཛྷ་ཌྷ་དྷ་བྷ་རྣམས་དང། ལོག་པ་ཊ་ཋ་ཌ་ཎ་ཥ་རྣམས་ཏེ་བཅུ་འཕྲི་བའི་ལྷག་མ་ཉི་ཤུ་རྩ་གསུམ་གྱི་སྟེང་དུ། བོད་སྐད་ལ་ཉེ་བར་མཁོ་བས། སྟོད་དུ་ཅ་ཆ་ཇ་གསུམ་དང་། སྨད་དུ་ཞ་ཟ་འ་གསུམ་སྟེ་དྲུག་དང་། དབྱངས་དང་པོ་ཨ་ཡིག་འདིར་གསལ་བྱེད་དུ་མཛད་པ་དང་བཅས་ཀ་སུམ་ཅུར་ངེས་པར་མཛད་པ་ཡིན་ནོ། །དེའང་ཅ་སོགས་དྲུག་ནི་རྒྱ་གར་ལ་མེད་ཅིང་། བོད་ལ་མཁོ་བ་དཔེར་ན། གཅིག་དང་བཅུ་དང་བཅོམ་ལྡན་སོགས་ལ། ཨེ་ཀ་ད་ཤ་བྷག་བཱན་སོགས་ཡོད་པ་དང་། ཆང་དང་ཆོབས་ཆགས་པ་སོགས་པ་ལ། མ་དྱམ྄་དང་། ཀ་ལ་དང་། རཱ་ག་སོགས་ཡོད་ཅིང་འཇིག་རྟེན། འཇུག་པ་འཇམ་པ་སོགས་ཇ་ཡིག་དགོས་པ་རྣམས་ལ། ལོ་ཀཨ་བཏཱར། མཉྫུ་སོགས་སུ་ཡོད་ལ། ཞིང་དང་ཞི་བ་ཞོ་སོགས་ལ། ཀྵཊ། ཤི་བ། ད་དྷི་སོགས་དང་། ཟས་དང་ཟག་པ་ཟད་པ་སོགས་ལ། ཀྵེ་ཏྲ། ཨཱ་ཤྲབ། ཀྵ་ཡ་སོགས་དང་། འམ་དང་འོན་ཏེ་འོ་མ་སོགས་ལ། ཝཱ་དང་ན་ནུ་དང་དུ་ཀ྄་དྷ་སོགས་ཏེ། ཅ་སོགས་དྲུག་པོས་བོད་ཀྱི་སྐད་ལ་བརྗོད་པ་ཇི་སྙེད་ཡོད་པ་དེ་དག་གི་སྐད་དོད་ལ་ཡི་གེ་དེ་དག་མི་སྲིད་ཅིང་། གཞན་དུའང་མེད་པས་བོད་སྐད་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུར་ངེས་པ་མཛད་པའོ། །

 

སྔོན་མིང་རྗེས་གསུམ་གྱི་ཡི་གེ་སྤྱིར་བཤད་པ།

 

གཉིས་པ་རྗེས་འཇུག་སྔོན་འཇུག་མི་འཇུག་བསྙད་པ་ནི། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་དེ་ལས་ག་ལ་སོགས་པ་རྗེས་འཇུག་ཡི་གེ་ནི་བཅུ་ཡིན་ཏེ། བཅུ་པོ་དེ་རྣམས་ལས་ག་ལ་སོགས་པ་ལྔ་ནི། རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་དུའང་འཇུག་གོ། དེ་དག་གི་ལྷག་མ་སྔོན་དང་རྗེས་གང་དུའང་མི་འཇུག་པ་ནི་ཉི་ཤུའོ། །

གསུམ་པ་དེ་ཉིད་ཤིན་ཏུ་རྒྱས་པར་བཤད་པ་ལ་གསུམ། སྡེ་ཚན་ཕྱེ་ནས་རྗེས་འཇུག་དབྱུང་། དེ་ཉིད་ནང་ནས་སྔོན་འཇུག་བསྟན། མི་འཇུག་ཡི་གེ་ཉི་ཤུ་བཤད་པའོ། །

 

རྗེས་འཇུག་གི་ཡི་གེ་རྒྱས་པར་བསྟན་པ།

 

དང་པོ་ཀཱ་ལི་གསལ་བྱེད་སུམ་ཅུ་པོ་ཕྱེད་དང་བརྒྱད་ཀྱི་སྡེ་ཚན་དུ་གནས་པ་ནི། བཞི་ཚན་བཞི་ཚན་དག་ཏུ་ཕྱེ་བ་ཉིད་དུ་གནས་པ་ལ། སྡེ་པ་དང་པོ། ཀ་ཁ་ག་ང་དང་། གསུམ་པ་ཏ་ཐ་ད་ན་དང་། བཞི་པ་པ་ཕ་བ་མ་སྟེ། སྡེ་པ་གསུམ་པོ་དེ་རྣམས་ལ་གནས་པའི་ཡི་གེ་མས་གཉིས་ཏེ་ཕྱི་མ་གང་ཡིན་པ་ག་ང་ད་ན་བ་མ་རྣམས་དང་། སྡེ་པ་དྲུག་པ་ཞ་ཟ་འ་ཡའི་གསུམ་པ་འ་ཡིག་དང་། སྡེ་པ་བདུན་པ་ར་ལ་ཤ་ས་རྣམས་ལ་ནི་ཤ་ཡིག་མ་གཏོགས་པ་ར་ལ་ས་གསུམ་སྟེ། ག་ང་ད་ན་བ་མ་འ་ར་ལ་ས་རྣམས་རྗེས་འཇུག་ཡི་གེ་བཅུ་རུ་བཤད། ཅེས་བྱའོ། །

སྔོན་འཇུག་གི་ཡི་གེ་སོ་སོར་ཕྱེ་སྟེ་བཤད་པ།

 

གཉིས་པ་དེ་ཉིད་ནང་ནས་སྔོན་འཇུག་བསྟན་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་ཉིད་ལའང་། དང་པོ་ག་དང་། གསུམ་པ་ད་དང་། ལྔ་པ་བ་དང་། དྲུག་པ་མ་དང་། བདུན་པ་འ་སྟེ། ག་ད་བ་མ་འ་ལྔ་རྣམས་ནི་རྗེས་སུ་འཇུག་པར་མ་ཟད་སྔོན་དུའང་འཇུག་ཅེས་པའོ། །

 

མིང་གཞི་རྐྱང་བའི་ཡི་གེ་རྒྱས་པར་བཤད་པ།

 

གསུམ་པ་མི་འཇུག་ཡི་གེ་ཉི་ཤུ་བཤད་པ་ནི། འཇུག་པའི་ཡི་གེ་བཅུ་པོ་དག་གི་ལྷག་མ། ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཉི་ཤུ་སྔོན་རྗེས་གང་དུའང་མི་འཇུག་པས་མིང་གཞི་ཁོ་ན་སྟེ། འདི་དག་ཉིད་ལས་ཚེག་བར་གཅིག་ཏུ་གསུམ་སྦྲེལ་ཀཅཉ། ཧཕཙ། ཝཞཤ། སོགས་ལྟ་བུའམ། དེ་ལྟ་བུ་དག་ལ་དབྱངས་ཀྱི་ཡི་གེ་ཨི་ཨུ་ཨེ་ཨོ་བཞི་པོ་གང་རུང་ལྡན་པ། ཁཆིཉ། ཉཏོཏ། པཙུཝ། ཝཞེཤ་སོགས་ལྟ་བུ་ནི་འབྱུང་སྲིད་ན་ཡང་། ཐོན་མི་བདག་གིས་བརྡ་སྦྱར་བའི་བོད་སྐད་ཀྱི་གསུང་རབ་ཀྱི་ཐ་སྙད་གང་དུའང་འཇུག་པ་མིན་པས་བདག་གི་བརྡ་སྦྱར་བའང་ཡོད་པ་མིན་ཞེས་པའོ། །འདིར་མཁས་པའི་དབང་པོ་དབུས་པ་བློ་གསལ་གྱིས་བཤད་པ་ལས། ཁ་ཆུ་ཆེ། ཕུ་ཆུ་ཆེ། ཁ་ོཚྭ་ཆེ་ཞེས་སོགས་མཁན་པོ་འདིའི་གཞུང་དང་མི་མཐུན་པ་སྣང་བས་དཔྱད་པར་བྱ་ཞེས་གསུངས་ཀྱང་། འདིར་འགྲེལ་པའི་དོན་ཚེག་བར་གཅིག་པ་ལ་དགོངས་པ་དང་། མིང་གང་ཡང་རུང་བ་ལ་རྗེས་འཇུག་ཡི་གེ་བཅུ་པོ་གང་རུང་ཞུགས་པར་བཞེད་པ་འོག་ནས་འབྱུང་བ་ཉིད་ཀྱིས་བརྟག་མི་དགོས་པར་གྲུབ་པ་ཉིད་དོ། །

 

མིང་དང་ཚིག་གི་འཇུག་པ་དང་ཨཱ་ལི་དོན་གཙོར་བཤད་པ།

 

གཉིས་པ་མིང་དང་ཚིག་གི་འཇུག་པ་བཤད་པ་ལ་གཉིས། རྗེས་སུ་ཨཱ་ལི་དོན་གཙོར་བཤད། དགར་བསྣས་འབྱེད་སྡུད་བཤད་པའོ། །

དང་པོ་ལ་ལྔ། རྣམ་དབྱེ་དང་པོ་དང་འབྲེལ་བ་སླར་བསྡུ་བཤད་པ། རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལའི་སྒྲ་བཤད་པ། རྣམ་དབྱེ་དྲུག་པ་ཉིད་ཀྱི་མིང་མཐའ་མཐུན་སྦྱོར་བཤད་པ། རྣམ་དབྱེ་གསུམ་པ་དང་རྒྱན་སྡུད་སོགས་བཤད་པ། རྣམ་དབྱེ་ལྔ་པ་དང་དགར་སྡུད་སོགས་བཤད་པའོ། །

 

རྣམ་དབྱེ་དང་འབྲེལ་བའི་སླར་བསྡུ་བཤད་པ།

 

དང་པོ་རྣམ་དབྱེ་དང་པོ་དང་འབྲེལ་བ་སླར་བསྡུ་བཤད་པ་ནི། རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་ནི། མིང་གང་ཡང་རུང་བ་དག་གི་ནི་མཐར་སྦྱར་བ། དེ་ལ་ཨཱ་ལི་བཞི་པ་ཨོ་ཡིག་སྦྱར་བ་ནི། དོན་རེ་ཞིག་རྫོགས་པར་སྟོན་པ་སྟེ། དེའི་ཐ་སྙད་ནི་སླར་བསྡུ་བ་ཞེས་བྱ་བར་ནི་ཤེས་པར་བྱའོ། །དཔེར་ན་འདི་ནི་རྟག་གོ། འདི་ནི་མི་རྟག་གོ། འདི་འབྱུང་ངོ་། །འདི་ཡོད་དོ། །འདི་ཡིན་ནོ། །ཕྱག་རྒྱས་བཏབ་བོ་ཞེས་པར་ཡོད་པ་ནི། ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས་པའི་ལུགས་སོ། །དེ་དང་ཚད་མཉམ་མོ། །མངོན་དགའ་འོ། །འབྱུང་བར་འགྱུར་རོ། །འོད་གསལ་ལོ། །མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པ་ལྟ་བུ་རྣམས་ནི་སླར་བསྡུ་རྫོགས་ཚིག་ཅན་དངོས་ཡིན་ལ། བྱའོ་སྙམ་ནས་ཡོད་དོ་ཞེས། ཞེས་སོགས་སླར་བསྡུ་མ་ཡིན་པ་ཡང་ཡོད་དེ། དེ་དག་ནི་གཙོ་བོར་རྣམ་དབྱེ་དང་པོ་དངོས་པོ་ཙམ་བརྗོད་པ་དང་འབྲེལ་བ་ཤས་ཆེའོ། །འདིར་ད་དྲག་གི་དབང་གིས་ཐོབ་པ། དེ་ཕྱིན་ཏོ། །གྱུར་ཏོ། །བཀའ་སྩལ་ཏོ། །ཞེས་པ་ལྟ་བུ་རྣམས་ཀྱང་འདས་ཚིག་ཡིན་པས་ད་དྲག་ཐོབ་ལ། ད་ཡིག་རྗེས་འཇུག་གི་ཕོ་ཡིན་པས་མིང་གཞིའི་ཏ་ཡིག་ལ་ཨོ་སྦྱར་བ་ཉིད་སླར་བསྡུ་སྟེ། ད་དྲག་དངོས་སུ་མ་སྦྱར་ནའང་། དེ་ཐོབ་པ་ཡིན་པས་ཕོ་ཡིག་སྦྱར་བ་ཉིད་དུ་བྱའོ། །

 

རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལའི་སྒྲ་བཤད།

 

གཉིས་པ་རྣམ་དབྱེ་གཉིས་པ་སོགས་དང་འབྲེལ་བ་ལའི་སྒྲ་བཤད་པ་ནི། རྗེས་འཇུག་ཡི་གེ་བཅུ་པོ་རྣམས་ལས། གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་བཅུ་པ་ས་ཡིག་གནས་པ་དེ་ལ་ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་སུ་ཞེས་འབྱུང་བ་ནི། ཤར་ཕྱོགས་སུ་འགྲོ། སངས་རྒྱས་ལ་སྐྱབས་མཆི། ཞེས་པ་ལྟ་བུའི་སུ་ཡིག་རྣམས་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཡིན་ཅིང་། དེ་བཞིན་དུ་གང་ཡང་རུང་བའི་མིང་གི་མཐའ་ན་རྗེས་འཇུག་བརྒྱད་པ་ར་ཡིག་གནས་པ་དེ་ལ། ཨཱ་ལི་གཉིས་པ་ཨུ་ཡང་སྦྱར་བས། རུ་ཞེས་འབྱུང་བའང་རྣམ་དབྱེ་གཉིས་པ་དང་། རྣམ་དབྱེ་བཞི་པ་དག་སྟེ། འདི་རུ་མགོན་པོ་རྟག་བཞུགས་ནས། །ཞེས་པ་གཉིས་པ་ལས་དང་། རྣམ་དབྱེ་བཞི་པ་དཔེར་ན། དེང་འདིར་བདེ་ལེགས་ཤོག་ཅེས་པ་ལྟ་བུའི་འདིར་ཅེས་པའང་འདི་རུ་ཞེས་པ་བསྡུས་པ་སྟེ། འདི་ནས་བཤད་པའི་རུ་ཡིག་ཕལ་ཆེར་དིང་སང་། འདིར་ནི་རྒྱལ་བ་དགྲ་རྒྱལ་ཞེས་པ་དང་། དེར་ནི་ཁྱེད་རྣམས་ཕྱིན་པར་འགྱུར། ཞེས་པ་ལྟ་བུར་ར་ཡིག་ཉིད་སྦྱོར་བས་རྣམ་དབྱེ་གཉིས་པ་སྟོན་པ་མང་བར་སྣང་ངོ་། །ཡང་གང་ཡང་རུང་བའི་མིང་མཐའ་ན་རྗེས་འཇུག་གསུམ་པ་ད་ཡིག་གནས་པ་དེ་ལ། ཨཱ་ལི་གཉིས་པ་ཨུ་ཡིག་སྦྱར་བས་དུ་ཞེས་པ་འབྱུང་བའང་། རྣམ་དབྱེ་གཉིས་པ་ལས་ཀྱི་དོན་ལ་དབུགས་དབྱུང་དུ་གསོལ། བཤད་དུ་གསོལ། མདུན་དུ་བཀུག་བསམ་དུ་མེད། ཅེས་པ་ལྟ་བུ་རྣམས་དང་། རྣམ་དབྱེ་བཞི་པ་ལ། དེའི་ཆེད་དུ་དང་། དེའི་ཕྱིར་དུ་ཞེས་པ་ལྟ་བུ། བདུན་པ་གནས་གཞི་ལ། སྟེང་དུ་བཞགནང་དུ་བཅུག་ལྟ་བུ་དང་། ཚེ་སྐབས་ལ། དུས་རྒྱུན་དུ་ལྟ་བུ་དང་། ད་དྲག་མཐའ་ལས་ཀྱང་། དྲག་ཏུ་བརྒྱལ། རྒྱབ་ཏུ་བསྐྱུར། །དབང་བསྐུར་ཏུ་གསོལ། བཀའ་སྩལ་ཏུ་གསོལ། ཕ་རོལ་ཏུ་ཞེས་སོགས་ལ། ཏ་ལ་ཨུ་སྦྱར་བ་ཕོའི་མིང་མཐའ་དྲངས་པ་སྟེ། འདི་ལའང་དེ་ཉིད་རང་གི་སྒྲ་མཐུན་པའི་ཞེས་པ་དང་ཅི་རིགས་པར་སྣང་ངོ་། །རྗེས་འཇུག་བཞི་པ་ན་ཡིག་དང་དགུ་པ་ལ་ཡིག་ནི་ཨཱ་ལི་སྦྱོར་བ་ལ་མི་ལྟོས་པར་ན་དང་ལ་ཡིག་རྐྱང་པ་དངོས་ཀྱང་བདུན་པ་གནས་གཞི་དང་། གཉིས་པ་ལས་དང་། བཞི་བ་དགོས་ཆེད་དང་། དེ་ཉིད་ཚེ་སྐབས་ལ་འཇུག་པ་ཡོད་དེ། དཔེར་བརྗོད། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་པ་དང་། མཉན་ཡོད་ན། ཀུན་དགའ་ར་བ་ན། འདི་ཡོད་ན་འདི་འབྱུང་ཞེས་སོགས་རྣམ་དབྱེ་བདུན་པ་ཉིད་དང་། དེ་ཁོ་ན་ཉིད་ཅེས་པ་དེ་ཉིད་དང་། སྔ་དྲོའི་དུས་སུ་ན། ནམ་ལངས་པ་ན། ཉི་མ་ཤར་བ་ན་ཞེས་སོགས་ཚེ་སྐབས་ལ་འཇུག་ཅིང་། སྡོམ་དུ་ན་ཞེས་པ་ལ་སོགས་འགའ་ཞིག་རྒྱ་གར་གྱི་སྐད་དོད་མེད་པ་ལ་ལོ་ཙཱ་བས་བླ་ཐབས་སུ་བསྣན་པའང་སྣང་སྟེ། ད་མདོར་བསྡུ་ན། ཞེས་དང་། ཡིན་གྲང་ན། ལྷའང་ཕྱག་འཚལ་ན། དོན་དམ་པར་དབྱེར་མེད་ན། བྱང་ཆུབ་ཐོབ་པར་བྱ་ན། དེ་ལྟ་ན་ཞེས་སོགས་ལྟ་བུའོ། །ལ་ཡིག་རྣམ་དབྱེ་གཉིས་པ་ལ་འཇུག་པ། སངས་རྒྱས་ལ་སྐྱབས་སུ་མཆི་སོགས་དང་། ཤིང་ལ་རླུང་གིས་བསྐྱོད་པ་ཞེས་པ་ལྟ་བུ་དང་། རྣམ་དབྱེ་བཞི་པ་ཆེད་དུ་བྱ་བ་འཇུག་པ། བྲམ་ཟེ་ལ་གཟན་བྱིན། ཞིང་ལ་ཆུ་དྲོངས། བདག་ལ་ཐུགས་བརྩེ་བར་མཛོད། ཟས་ལ་སྲེད་ཅེས་པ་ལྟ་བུ་དང་། རྣམ་དབྱེ་བདུན་པ་ལ་འཇུག་པ། ཤིང་ལ་བྱ་བ་གནས། རྒྱ་མཚོ་ལ་ནོར་བུ། མཁས་པ་ལ་ཡོན་ཏན། ནམ་མཁའ་ལ་ཉི་ཟླ། ས་ལ་ལོ་ཏོགཕྱུག་པོ་ལ་ནོར་ཡོད་ཅེས་སོགས་ཤིན་ཏུ་མང་ངོ་། ཁ་ཅིག་ཏུ་ཚིག་གི་འཇོག་མཚམས་ལ་བླ་ཐབས་སུ་བྱས་པའང་མང་སྟེ། མཐོ་རིས་ཀྱི་བོད་པ་དང་ལྡན་པ་ལ་གནོད་པ་མི་མངའ་ཞིང་། ཞེས་པ་ལྟ་བུའོ། །དེ་ལྟར་སུ་དང་། རུ་དང་། དུ་དང་། ན་དང་། ལ་དང་། འདི་ནས་ཤུགས་ཀྱིས་བསྟན་པའི་ཏུ་ཡིག་རྣམས་ནི། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང་། བཞི་པ་ཆེད་དུ་བྱ་བ་དང་། བདུན་པ་རྟེན་གནས་དང་། དངོས་པོའི་དེ་ཁོ་ན་ཉིད་དང་། ཚེ་སྐབས་ཏེ་དུས་རྣམས་སྟོན་པ་ལ་ལའི་སྒྲ་དང་དོན་མཐུན་པ་ཡིན་ཏེ། ཤར་ཕྱོགས་སུ་འགྲོ་དང་། ཤར་ཕྱོགས་ལ་འགྲོ། དེ་རུ་འགྲོ་དང་དེ་ལ་འགྲོ། རྒྱ་གར་སྐད་དུ་དང་། རྒྱ་གར་སྐད་ལ། འདི་ན་ཡོད་དང་འདི་ལ་ཡོད་ཅེས་སོགས་ཏེ། སྨྲ་སྒོར། དུ་ལ་སོགས་པ་ལ་དང་མཐུན། །ཞེས་པ་ལྟ་བུ། ཕུང་པོ་རྣམས་ནི་དུ་ཞེས་པ་ལྟ་བུའི་དུ་ནི་ལ་དང་དོན་མཐུན་པ་མ་ཡིན་ཏེ། ག་ཏི་ཞེས་པ་བསྒྱུར་བ་གྲངས་ཅི་ཙམ་ཡོད་འདྲི་བའི་ཚིག་ཡིན་པས་སོ། །

 

རྣམ་དབྱེ་དྲུག་པ་ཉིད་ཀྱི་མིང་མཐའ་མཐུན་སྦྱོར་བཤད་པ།

 

གསུམ་པ་རྣམ་དབྱེ་དྲུག་པ་ཉིད་ཀྱི་མིང་མཐའ་མཐུན་སྦྱོར་བཤད་པ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་གྱི་དང་པོ་མདོར་བསྟན་ནི། རྣམ་དབྱེ་དྲུག་པ་འབྲེལ་བའི་སྒྲ་དང་མིང་གི་སྒྲ་མཐའ་རྗེས་འཇུག་ཡི་གེ་བཅུ་བོ་ས་ོསོ་ལ། ཨི་སྦྱར་བའི་རྣམ་དབྱེ་དང་མཐུན་ལུགས་ནི། འདི་དང་འདིའོ་ཞེས་ཤེས་པར་བྱའོ། །

གཉིས་པ་རྒྱས་བཤད་ནི། དེ་དག་ཀྱང་དཔེར་ན་རྗེས་འཇུག་བཅུ་ལས་དང་པོ་ག་དང་ང་གཉིས་ཡོད་པའི་མཐའ་ཅན་ལ་ནི། རྗེས་འཇུག་གི་ཡི་གེ་དང་པོ་ག་ལ་ཨི་སྦྱར་བའི་གི་ཞེས་པ་ཉིད་མཐུན་ཏེ། བདག་གི་རྣམ་དཔྱོད་པད་ཚལ་རྒྱས་པའི་གཉེན། གང་གི་མཁྱེན་བརྩེ་ཉི་མའི་འོད་ཟེར་གྱིས། ཞེས་པ་ལྟ་བུ་དང་། རྗེས་འཇུག་གསུམ་པ་ད་དང་། ལྔ་བ་བ་དང་། བཅུ་བ་ས་རྣམས་སྦྱར་བའི་མཐའ་ལ་ནི་ཀྱ་དང་ཨི་སྦྱར་བ་ཀྱི་ཞེས་པའི་སྒྲ་མཐུན་ཏེ། ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། ཞེས་པ་ལྟ་བུ་དང་། རྗེས་འཇུག་བདུན་པ་འ་ཡིག་གི་མཐའ་ཅན་ཉིད་ལ་ནི་བདུན་པ་འ་ཡིག་ཉིད་ལ་ཨི་སྦྱར་བའི་འི་ཉིད་མཐུན་ཏེ། བྱང་ཆུབ་སེམས་དཔའི་སྦྱོར་བ་ཞེས་པ་ལྟ་བུ་འ་ཡིག་དངོས་ཀྱི་མཐའ་ཅན་དང་། དེའི་སྒྲ་འཇུག་པའི་ཚུལ་ནི། ཞེས་པའི་དེ་དང་། སྒྲ་དང་འཇུག་པ་རྣམས་ཀྱི་མཐའ་ལ་འ་ཡིག་དངོས་སུ་མེད་ཀྱང་། རྗེས་འཇུག་བཅུ་བོ་མ་ཞུགས་པའི་མིང་གི་སྦྱོར་བ་མེད་པར་གསུངས་པར་རིགས་པས་འ་མཐའ་ཅན་དུ་དོན་གྱིས་ཐོབ་པ་རྣམས་ཀྱི་མཐར་ཡང་འི་ཉིད་མཐུན་པའོ། །སྔར་བཤད་པའི་ལྷག་མ་རྣམས་ཏེ། ན་མ་ར་ལ་ཞེས་པ་རྣམས་ཀྱི་མཐའ་ཅན་ལ་ནི། གྱ་ལ་ཨི་སྦྱར་བ་གྱི་ཞེས་པ་ཉིད་མཐུན་ཏེ། དོན་གྱི་ཚུལ། གཏམ་གྱི་གཞི། ཤར་གྱི་ཕྱོགས། དཔལ་གྱི་བདག་པོ། ཞེས་པ་ལྟ་བུ་རྣམས་དང་། འདི་ནས་དངོས་སུ་མ་བསྟན་ཡང་། ཚིགས་བཅད་རྐང་བ་ཁ་སྐོང་ལ་ཡི་གེ་རྐྱང་པ་དང་མཐའ་རྟེན་དངོས་སུ་མེད་པའི་མཐར་ཡ་ལ་ཨི་སྦྱར་བ་ཉིད་སྣང་སྟེ། རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །ཞེས་དང་། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་མང་ངོ་། །

གསུམ་པ་དོན་བསྡུ་ནི། དེ་ལྟར་ན་གི་ཀྱི་གྱི་དང་འི་དང་ཡི་ཞེས་པ་འདི་དང་རྣམ་དབྱེ་དྲུག་པ་དང་འབྲེལ་བའི་སྒྲ་གསལ་བར་བྱེད་པ་ལ། རྗེས་འཇུག་གི་ཡི་གེ་རྣམས་སོ་སོའི་མཐར་རང་རང་གི་སྒྲ་དང་མཐུན་པའི་ཡི་གེ་སོགས་རྣམས་ལ་ཨི་སྦྱར་བ་དྲུག་པ་འབྲེལ་བའི་ས་བཤད་པའོ། །

རྣམ་དབྱེ་གསུམ་པ་དང་རྒྱན་སྡུད་སོགས་བཤད་པ།

 

བཞི་པ་རྣམ་དབྱེ་གསུམ་པ་དང་རྒྱན་སྡུད་སོགས་བཤད་པ་ལ་རྣམ་དབྱེ་གསུམ་པ་དངོས་བཤད་པ། དེའི་ཞར་བྱུང་རྒྱན་སྡུད་བཤད་པ། ལྷག་བཅས་བཤད་པ། འབྱེད་སྡུད་བཤད་པ་དང་བཞིའི་དང་པོ་དངོས་བཤད་པ་ནི།

 

རྣམ་དབྱེ་གསུམ་པ་དངོས་བཤད་པ།

 

སྔར་བཤད་མ་ཐག་པའི་གི་ཀྱི་གྱི་འི་ཡི་ཞེས་པའི་སྒྲ་ལྔ་པོ་དེ་དག་ཉིད་ལ་ནི་རྗེས་འཇུག་བཅུ་པ་ས་ཡིག་སྦྱར་བ་ནི། རྣམ་དབྱེ་གསུམ་པ་བྱེད་པ་པོ་རུ་ཤེས་པར་བྱའོ། །དཔེར་ན། འདི་སྐད་བདག་གིས་ཐོས་པ་ཞེས་དང་། གང་གིས་མཚོན་ཏེ་མཚན་ཉིད་དུ། །ཞེས་དང་། ཁྱོད་ཀྱིས་སྲོག་ཆགས་གསད་མི་བྱ། །ཞེས་དང་། འཁོར་བ་ལ་ནི་རྒྱབ་ཀྱིས་ཕྱོགས། །ཞེས་དང་། སངས་རྒྱས་ཀྱིས་གསུངས་ཞེས་པ་ལྟ་བུ་དང་། འིའི་མཐར་ས་སྦྱར་བ་བྱང་ཆུབ་སེམས་དཔའ་འིས། དེ་འིས་འདི་འིས་ཞེས་པ་ལྟ་བུ་འདིའི་དངོས་བསྟན་ལྟར་ན་ཐོབ་པ་འདྲ་བར་སྣང་ཡང་སྐད་གསར་བཅད་ལ། བྱང་ཆུབ་སེམས་དཔས། དེས་འདིས་ཞེས་པ་འདི་དག་གིས་བྱེད་པ་པོ་སོགས་གསལ་བར་སྣང་ངོ་། ཡི་ལ་ས་སྦྱར་བ་ནི། མཛའ་བོ་གཉིས་སྐྱེས་འདི་ཡིས་ནི། །ཞེས་སོགས་ལྟ་བུ་དང་། གྱི་ལ་ས་སྦྱར་བ། ཀུན་གྱིས་གོ་བར་བྱ་ཕྱིར་བཤད། ཅེས་དང་། གཏམ་གྱིས་བསྙད་ཅེས་དང་། གསོར་གྱིས་ཕུག་ཅེས་དང་། ཟིལ་གྱིས་མནན་ཞེས་པ་ལྟ་བུ་དང་། ཡང་མདོ་ལས། མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་སོགས་དང་། ཟིལ་གྱིས་མནན་ཞེས་དང་། རབ་འབྱོར་ཀྱིས་གསོལ་བ་ཞེས་སོགས་ན་ར་ལའི་མཐར་ཀྱི་སྦྱར་བ་ནི་ད་དྲག་གིས་ཡིན་པའི་དབང་དུ་བྱས་པ་སྟེ། འདིའང་མང་བར་གསུང་རབ་རྣམས་ན་ཡོད་པས་ཞིབ་ཏུ་དཔྱད་པར་བྱའོ། །སྟག་སྟོན་གྱིས། ད་བ་ས་གསུམ་གྱི་མཐར་དམིགས་བསལ་ལ་གྱིས་འཐོབ་པའི་དཔེར་བརྗོད་དུ། ཁྲུས་གྱིས། བག་ཡོད་ཀྱིིས། གསོལ་གདབ་ཀྱིས། ཞེས་པ་ལྟ་བུ་བཤད་པ་ནི། རྣམ་དབྱེའི་བྱེད་པ་དང་། ཚིག་མ་ཕྱེ་བའི་གསུང་སྟེ། འདིའི་གྱིས་ཞེས་པ་ནི་ཀུ་རུ་ཞེས་པ་བསྒྱུར་བའི་ཚིག་ཡིན་གྱི། རྣམ་དབྱེ་གསུམ་པའི་ཆ་ཤས་མིན་པའི་ཕྱིར་རོ། །

 

རྒྱན་སྡུད་ཀྱི་སྒྲ་བཤད་པ།

 

གཉིས་པ་དེའི་ཞར་བྱུང་རྒྱན་སྡུད་བཤད་པ་ནི། སྔར་འབྲེལ་བའི་སར་བཤད་པའི་ཀྱི་དང་འི་དང་ཡི་རྣམས་ཀྱི་ཨཱ་ལི་སྟེ་དབྱངས་དང་ཨི་ཡིག་ཕྱིས་ནས། ཀྱ་འ་ཡ་ཞེས་པར་སོང་བ་ལ། རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། ཀྱང་འང་ཡང་ཞེས་པ་འབྱུང་བ་ནི། སྨྲ་བ་བཅད་ཀྱང་སྲིད་པ་འཆད་ཅེས་པ་ལྟ་བུ་ཚིག་རྒྱན་གཉིས་དང་། དེ་ལས་ལྔ་ནི་སྔོན་དུའང་འཇུག། ཅེས་པ་ལྟ་བུ་སྡུད་པ་དང་། རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་པ་ལྟ་བུ་རྣམས་སྟེ། ཡང་དང་འང་ཉིད་ཚིགས་བཅད་ཀྱི་ཡིག་གྲངས་ཚང་ན་འང་དང་། མ་ཚང་ན་ཡང་དུ་འགྱུར་ཏེ། རྒྱན་སྡུད་དང་སྡུད་པ་ཅི་རིགས་པ་སྣང་ངོ་། །

 

ལྷག་བཅས་བཤད་པ།

 

གསུམ་པ་ལྷག་བཅས་ནི། སྔར་བཤད་པའི་ལ་དང་དོན་མཐུན་པའི་སུ་ཡིག་ལ་དབྱངས་ཨུ་ཕྱིས་ནས་དེ་ལ་སྡེ་པ་གསུམ་པ་ཏ་སྡེའི་དང་པོ་ཏ་སྦྱོར་བས་སྟ་ཞེས་པར་སོང་བ་དེ་ལ་དབྱངས་ཨཱ་ལི་གསུམ་པ་ཨེ་སྦྱར་བས་སྟེ་འབྱུང་བ་དེ་ནི་བརྗོད་བྱའི་དོན་དེ་མ་རྫོགས་པར་སྟོན་པ་ལྷག་མ་དང་བཅས་པའི་སྒྲའོ། །འདིའི་དཔེར་བརྗོད་ཀྱི་བསྡུ་བའི་ཚིགས་བཅད་ནི། ག་ང་བ་མ་འ་རྣམས་དང་། །རྐྱང་པ་མཐའ་རྟེན་མེད་པ་སྟེ། །ད་མཐར་དེ་དང་ད་དྲག་དང་། །ས་ན་ར་ལའི་མཐར་ཏེའོ། །ཞེས་པ་བཟུང་ནས། ལྷག་བཅས་ཀྱི་སྒྲ་རྗེས་འཇུག་གི་དབང་གིས་ཏེ་དང་དེ་དང་སྟེ་གསུམ་དུ་ངེས་པའང་རིམ་པ་བཞིན། རྗེས་འཇུག་ག་ང་བ་མ་དང་། འ་ཡིག་དངོས་སུ་ཡོད་པ་དང་། མིང་མཐའི་ཡི་གེ་རྐྱང་པ་དང་། མཐའ་རྟེན་འ་ཡིག་དངོས་སུ་མ་བྲིས་པས་མེད་པ་ལྟར་སྣང་བ་རྣམས་ཏེ་དེ་དག་གི་མཐར་ས་སྟེ་ཐོབ་པ། དཔེར་ན། རྟག་སྟེ། འཇིགས་པ་མེད་པའི་ཕྱིར་ཞེས་པ་དང་། འཇིག་ཅིང་འབྱུང་སྟེ་བྱས་བྱས་པའི་ཕྱིར་ཞེས་པ་དང་། རྒྱས་བཏབ་སྟེ་ཞེས་དང་། འདི་ནི་མཐོང་བའི་ལམ་སྟེ་ཞེས་དང་། དེ་ནི་བྱང་ཆུབ་སེམས་དཔའ་སྟེ་ཞེས་དང་། དཔག་བསམ་ཤིང་ཅན་རྒྱས་པ་སྟེ་ཞེས་དང་། ཤར་ལ་སོགས་པ་ཕྱོགས་བཅུ་སྟེ་ཞེས་པ་ལྟ་བུ་རྣམས་དང་། ད་ཡིག་གི་མཐར་དེ་ཐོབ་པ། འདི་ལྟར་བཤད་དེ་ཞེས་དང་། འདི་ལྟ་བུ་ཞིག་ཡོད་དེ་ཞེས་དང་། ཐེ་ཚོམ་བཅད་དེ་ཞེས་སོགས་དང་། ད་དྲག་དང་ས་ན་ར་ལའི་མཐར་ཏེ་རྐྱང་ཐོབ་པ། དེར་ཕྱིན་ཏེ་ཞེས་དང་། དེ་ལྟར་གྱུར་ཏེ་ཞེས་དང་། བཀའ་བསྩལ་ཏེ་ཞེས་དང་། སངས་རྒྱས་ཏེ། ཤེས་ཏེ། ཡིན་ཏེ། འོན་ཏེ་ཞེས་དང་། འབྱུང་བར་འགྱུར་ཏེ། བདལ་ཏེ་ཞེས་སོགས་མང་ངོ་། །འདི་རྣམས་ལའང་ལྷག་བཅས་ཏེ། ཚིག་ཕྱི་མ་སྒྲུབ་བྱེད་འདྲེན་པ་ལྟ་བུ་དང་། ཚིག་གི་འཇོག་མཚམས་དང་། ཚིགས་བཅད་ཀྱི་ཁ་སྐོང་ལྟ་བུ་དག་ཀྱང་སྣང་སྟེ། དཔག་བསམ་ཤིང་ཅན་རྒྱས་པ་སྟེ། ཞེས་པ་ལྟ་བུ་རྣམས་སོ། །

 

འབྱེད་སྡུད་ཀྱི་སྒྲ་བཤད་པ།

 

བཞི་པ་འབྱེད་སྡུད་བཤད་པ་ནི། རྗེས་འཇུག་གི་ཡི་གེ་བཅུ་པོ་ལ་རྗེས་འཇུག་ཉིད་ཀྱི་ཡི་གེ་དྲུག་པ་མ་ཡིག་སྦྱར་ན། འབྱེད་དང་སྡུད་པ་ལ་སོགས་པ་ཅི་རིགས་པར་འཇུག་པ་ཡིན་ཏེ། འབྱེད་པ་ནི། དེ་ལ་འབྱུང་པོ་ནི། ཤ་ཟའམ། སྨྱོ་བྱེད་དམ། གྲིབ་གནོན་ནམ། སྲིན་པོའམ་ཞེས་པ་ལྟ་བུ་དང་། སྡུད་པ་ནི། ལྷའམ་མིའམ། ལྷ་མ་ཡིན་ནམ། དུད་འགྲོ་འམ་སེམས་ཅན་དུ་གཏོགས་པ་དེ་དག་ཐམས་ཅད་ཀྱིས་ཞེས་པ་ལྟ་བུ་དང་། ཡང་འདི་རྟག་གམ་མི་རྟག་ཅེས་པ་ལྟ་བུ། དྲི་བ་དང་། ཐེ་ཚོམ་ལའང་འཇུག་ཅིང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཞེས་པ་ལྟ་བུ་གང་ཡང་རུང་བ་བསྡུ་བ་རྣམ་པར་བརྟག་པའམ་གདམ་ང་ཅན་ལའང་འཇུག་གོ།

 

རྣམ་དབྱེ་ལྔ་པ་དང་དགར་སྡུད་སོགས་བཤད་པ།

 

ལྔ་པ་རྣམ་དབྱེ་ལྔ་པ་དང་དགར་སྡུད་སོགས་བཤད་པ་ལ། རྣམ་དབྱེ་ལྔ་པ་དངོས་དང་། ཞར་བྱུང་དགར་སྡུད་བཤད་པ། བོད་པའི་རྣམ་དབྱེ་བཤད་པ་དང་གསུམ་གྱི་དང་པོ་རྣམ་དབྱེ་ལྔ་པ་དངོས་ནི།

རྣམ་དབྱེ་ལྔ་པ་དངོས་དང་ཞར་བྱུང་དགར་སྡུད་བཤད་པ།

 

རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་རྣམས་ཀྱི་བཞི་པ་ན་ཡིག་དང་དགུ་པ་ལ་ཡིག་དག་ལ་བཅུ་པ་ས་ཡིག་སྦྱར་བའི་ནས་དང་ལས་ཞེས་བྱ་བ་དག་ནི་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་ས་སྟོན་པ་ཡིན་ཏེ། ཤར་ནས་ཉི་མ་འཆར། ནང་ནས་ནོན། རྒྱུ་ལས་འབྲས་བུ་ཞེས་སོགས་མང་པོ་སྣང་ངོ་། །

གཉིས་པ་ཞར་བྱུང་དགར་སྡུད་བཤད་པ་ནི། རིགས་དང་རྫས་དང་ཡོན་ཏན་སོགས་ཀྱི་སྤྱི་ལས་ལོགས་སུ་དགར་བ། ལྷ་ཡིས་ནང་ནས་ཚངས་པ་དང་། །མི་ཡིས་ནང་ནས་བྲམ་ཟེ་ཉིད། །ཅེས་པ་ལྟ་བུ་དང་། སྐྱེ་བོ་རྣམས་ལས་རྒྱལ་རིགས་དཔའ། །བུད་མེད་རྣམས་ལས་སྔོ་བསངས་མཛེས། །ཞེས་པ་ལྟ་བུ་དང་། སྡུད་པའང་དེ་བཞིན་དུ་འཇུག་པ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར། ཞེས་སོགས་ཤིན་ཏུ་མང་ཞིང་། ལྷག་བཅས་ལའང་མཐོང་སྟེ། ཕྱག་འཚལ་ནས་བཤད་པར་བྱ། ཞེས་པ་ལྟ་བུ་དང་། སྔ་ཕྱི་མཚམས་སྦྱོར་བ་ལའང་སྟེ། དེ་ནས་ཞེས་པ་རྣམས་སོ། །

 

བོད་པའི་རྣམ་དབྱེ་བཤད་པ།

 

གསུམ་པ་བོད་པའི་རྣམ་དབྱེ་བཤད་པ་ནི། གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ། ཀྱེ་ཞེས་བྱ་བའི་སྒྲ་སྦྱར་བ་ནི་མིང་ནས་བོད་པའི་རྣམ་དབྱེ་ཡིན་པར་ཤེས་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དང་། ཞེས་པ་ལྟ་བུ་སྟེ་གོ་སླའོ། །

 

དགར་བརྣན་འབྱེད་སྡུད་སོགས་བཤད་པ།

 

གཉིས་པ་དགར་བརྣན་འབྱེད་སྡུད་ལ་སོགས་བཤད་པ་ལ། ནི་སྒྲའི་དགར་བརྣན་སྒོས་སུ་བཤད། དང་སྒྲ་འབྱེད་སྡུད་སྒོས་སུ་བཤད། དེ་དང་གང་གི་འཇུག་ཚུལ་བཤད། བདག་པོའི་ས་དང་དགག་སྒྲ་བཤད། ཚིགས་བཅད་འགྲོལ་བའི་མན་ངག་བཤད། རྗེས་འཇུག་མེད་མི་རུང་དུ་བཤད་པ་དང་དྲུག་གི་དང་པོ་ནི་སྒྲའི་དགར་བརྣན་སྒོས་སུ་བཤད་པ་ནི།

 

ནི་སྒྲ་བཤད་པ།

 

གང་མིང་ཞེས་སོགས་རྩ་བ་གསུམ་པའི་ཚིགས་སུ་བཅད་པ་སྟེ། གང་ཡང་རུང་བའི་མིང་གི་མཐའ་དང་མཐུན་པ་ཡི། རྗེས་འཇུག་བཞི་པ་ན་ཡིག་ལ་ནི་དབྱངས་ཨི་སྦྱར་བ་ནི་ཞེས་པའི་སྒྲ་འདི་མང་པོའི་ནང་ནས་དམིགས་ཀྱིས་དགར་བ་དང་། དོན་དང་ཁྱད་ཆོས་བྱ་བྱེད་མང་པོ་དམིགས་ཀྱིས་ངེས་བཟུང་བྱས་ཏེ་བསྣན་ནས་བརྗོད་པའི་ཚིག་ཏུ་འགྱུར་ཏེ། དཔེར་ན། ལྷའི་ཚོགས་འདི་དག་ལས་གདོང་བཞི་པ་འདི་བ་ནི་ཚངས་པའོ། །ལག་པ་བཞི་པ་འདི་ནི་ཁྱབ་འཇུག་གོ། མིག་སྟོང་ཡོད་པ་འདི་ནི་བརྒྱ་བྱིན་ནོ། །མགྲིན་པ་སྔོན་པོ་འདི་ནི་དབང་ཕྱུག་གོ། ཞེས་པ་ལྟ་བུའི་སྒྲ་ནི་དགར་བའི་ཚིག་ཡིན་ཏེ། སཾསྐྲིཏ་ལ་ཧི་དང་ཧུ་ཞེས་པ་ཡོད་བསྒྱུར་བའོ། །

བརྣན་པ་ནི། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་ཐུགས་སུ་ཆུད། །ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པ་ནི་མངའ། ཞེས་སོགས་ལྟ་བུའོ། །

དང་སྒྲ་བཤད་པ།

 

གཉིས་པ་དང་སྒྲ་འབྱེད་སྡུད་སྒོས་སུ་བཤད་པ་ནི། མིང་གང་ཡང་རུང་བའི་བར་མཚམས་རྣམས་སུ་རྗེས་འཇུག་གསུམ་པ་ད་ཡིག་ལ་ནི། རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས་དང་ཞེས་པའི་སྒྲར་གྱུར་པ་དེ་ནི་ཚིག་སང་ཕྱིའི་ནུས་པས་སྡུད་པ་ལའང་འཇུག་སྟེ། གང་དང་གང་ཡིན་པ་དེ་དང་དེ་ཐམས་ཅད་ཅེས་པ་ལྟ་བུ་དང་། ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱི་མཐོ་རིས་སོ། །ཞེས་པ་ལྟ་བུ། འབྱེད་པ་ལ་འཇུག་པའང་། ཕུང་པོ་ལ་ལྔ་སྟེ། གཟུགས་དང་ཚོར་བ་དང་། ཞེས་སོགས་ཀྱི་དང་སྒྲའོ། །

རྒྱུ་མཚན་ལ་འཇུག་པ་དཔེར་ན། ལེགས་པར་སློབས་དང་མཁས་པར་འགྱུར། ཞེས་པ་སྟེ། བསླབས་པས་ཞེས་པའི་དོན་ཅན་ནོ། །

ཚེ་སྐབས་ལ་འཇུག་པ། དུས་དང་བྱ་བ་མཉམ་དུ་བརྗོད་པ། ཉི་མ་ཤར་བ་དང་འགྲོ། ཞེས་པ་ལྟ་བུ།

གདམས་ངག་འདོམས་པའི་ཚིག་ལའང་། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་། ཉོན་དང་། གྱིས་དང་། ཞེས་སོགས་ལྟ་བུ་རྣམས་ཏེ། དེ་ལྟར་དང་སྒྲའི་འཇུག་པ་ནི་རྣམ་པ་ལྔའོ། །

དེ་སྒྲ་བཤད་པ།

 

གསུམ་པ་དེ་དང་གང་གི་འཇུག་ཚུལ་བཤད་པ་ནི། གང་ཡང་རུང་བའི་མིང་གི་ཡ་མཐའ་ཐོག་མ་རུ་རྗེས་འཇུག་གསུམ་པ་ད་ཡིག་ལ་དབྱངས་ཨེ་སྦྱར་བ་དེ་ཞེས་པའི་སྒྲ་འདི་ནི་འཇུག་ཚུལ་མང་སྟེ། ཐ་སྙད་ཀྱི་དབང་དུ་བྱས་ན་འདས་པ་དང་། རྣམ་གྲངས་གཞན་བརྗོད་པ་དང་། ལྷག་བཅས་དང་གསུམ་ལ་འཇུག་པ་ཡིན་ཏེ། ང་དེའི་ཚེ་དེའི་དུས་ན་ཞེས་པ་ལྟ་བུ་འདས་པ་དང་། མིག་ཀྱང་དེ་ཡིན་རིག་པའང་དེ་སྟེ། དེ་ནི་བློོ་དང་དེ་ཤེས་རབ་ཅེས་པ་ལྟ་བུ་རྣམ་གྲངས་གཞན་བརྗོད་པ་དང་། ཞབས་ལ་བཏུད་དེ་སྤྱི་བོས་བླང་ཞེས་པ་ལྟ་བུ་ལྷག་བཅས་རྣམས་ལ་འཇུག་པས་སོ། །

དངོས་པོའི་དབང་དུ་བྱས་ནས། བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། གསང་བའི་དངོས་པོ་དང་། དེ་ཁོ་ན་ཉིད་ཀྱི་དངོས་པོ་ཞེས་བྱ་བ་དང་བཞི་རུ་འཇུག་པར་བྱས་ཏེ། དཔེར་ན། བདག་གི་དེ། ཁྱོད་ཀྱི་དེ། དེ་སྦ་བར་བྱ། དེ་ཁོ་ན་ཉིད་ཅེས་པ་དང་། འདིའང་བརྡ་སྔོན་དུ་སོང་བ་ལ་བརྗོད་པ་ཉུང་བས་ཆོག་པ་དང་། གཞན་གྱི་གསལ་བར་ཤེས་ཀྱིས་དྭོགས་པའི་བརྗོད་པ་ལ་མཁོ་ཉིད་དོ། །

དུས་ཀྱི་དབང་དུ་བྱས་ནས་སྔར་བཤད་པ་དཔེར་བརྗོད་པ་ལྟར་འདས་པ་དང་། དེར་མ་ཟད་དེའི་དུས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང་བར་འགྱུར་ཞེས་པའི་དེ་ཡིག་ལྟ་བུ་མ་འོངས་པ་ལའང་འཇུག་པས་འཇུག་པ་རྣམ་པ་གཉིས་ཡིན་ནོ། །དེ་ལྟར་ན་དེ་ཞེས་བྱ་བའི་འཇུག་པའི་ནི། འདིར་གསུམ་དང་བཞི་དང་གཉིས་ཀྱི་དབྱེ་བས་རྣམ་པ་དགུ་སྟེ། འོན་ཀྱང་ཐ་སྙད་ཀྱི་སྐབས་སུའང་འདས་པ་འབྱུང་་བ་མི་ཟློས་པའི་རྒྱུ་མཚན་ནམ། ཡང་ན་ཐ་སྙད་ཀྱི་དབང་དུ་བྱས་པའི་གསུམ་གྱི་ཡ་གྱལ་གཞན་ཞིག་ཡིན་པབརྟག་པར་བྱའོ། །

གང་སྒྲ་བཤད་པ།

 

གང་ཡང་རུང་བའི་མིང་བརྗོད་པའི་དང་པོ་རུ། རྗེས་འཇུག་དང་པོ་ག་ཡིག་ལ་ནི་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བ་གང་ཞེས་པ་ནི་སྤྱི་ལ་ཁྱབ་པའི་སྒྲ་ཉིད་དུ་འགྱུར་ཏེ། གང་གི་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། ཞེས་དང་། གང་དང་ཡང་དག་ལྡན་བྱས་ཞེས་དང་། གང་གི་བློ་གྲོས་སོགས་དང་། གང་བྱས་ན་མི་རྟག་སོགས་སྤྱི་ཁྱབ་ཀྱི་སྒྲ་ཡིན་པས་བྱེ་བྲག་ལའང་འཇུག་པ་ཉིད་དོ། །འདིར་སངས་རྒྱས་པ་རྣམས་ཀྱི་སྒྲ་འཇུག་པ་ལ་བརྡ་དང་བརྗོད་འདོད་ཀྱི་དབང་ཁོ་ན་ཡིན་གྱི་དོན་གྱི་སྒོ་ནས་ཤེས་པ་ཅི་ཡང་མེད་དེ་བརྗོད་འདོད་ངེས་པའི་རྒྱུ་ཡིན་ཕྱིར་ཞེས་དང་། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་པ་མིན། །ཞེས་རྟོག་གེའི་ཚུལ་ལས་འབྱུང་བས་སོ། །

 

བདག་སྒྲ་བཤད་པ།

 

བཞི་པ་བདག་པོའི་ས་དང་དགག་སྒྲ་བཤད་པ་ནི། གང་ཡང་རུང་བའི་མིང་གི་མ་མཐའ་ན། པུརུཥ་ནི་སྐྱེས་བུ་སྟེ། དེའི་རུ་དང་ཥ་ཕྱིས་པའི་པུ་ཡིག་ཀྱང་སྐྱེས་པའི་ཕོ་མཚོན་པའི་སྒྲ་ཡིན་ལ། ལིངྒ་ཞེས་རྟགས་སམ་མཚན་མ་སྟེ། པུ་ལིངྒ་ཡི་སྒྲ་པ་ཡིག་ལྟ་བུ་མེད་པ་དེ་ལ་པུ་ལིངྒའི་སྒྲ་སྦྱར་ན་དེ་བདག་པོའི་སར་ནི་ཤེས་པར་བྱ་ཞེས་པ་སྟེ། དཔེར་ན། རྟ་པ། གསེར་པ། སངས་རྒྱས་པ། མུ་སྟེགས་པ། ཚོང་པ་ཞེས་པ་སོགས་ལྟ་བུ་དང་། འདི་ལ་ཁ་ཅིག་ཏུ་བ་ཕྱེད་ཀྱང་སྣང་སྟེ། ཁ་ལོ་བ། ཕོ་ཉ་བ་སོགས་དང་། ཁ་ཅིག་ཏུ་པོ་ཡིག་སྟེ། བྱེད་པ་པོ། ཚོར་བ་པོ་སོགས་དང་། ཁ་ཅིག་ཏུ་ཅན་ཡིག་སྟེ། རལ་གྲི་ཅན། འཁོར་ལོ་ཅན་སོགས་དང་། འདིས་མཚོན་ནས། བློ་ལྡན་ཤེས་ལྡན་སོགས་ཀྱང་བདག་པོའི་སར་ཤེས་པེ་བྱའོ། །

 

དགག་སྒྲ་བཤད་པ།

 

གང་ཡང་རུང་བའི་མིང་གི་ཡ་མཐའ་སྟེ། ཐོག་མ་ན་སྟྲཱི་བུད་མེད་དམ་མོ། ལིངྒ་རྟགས་ཏེ། སྟྲཱི་ལིངྒ་ཡི་སྒྲ་མོ་རྟགས་མེད་པ་དེ་ལ་སྟྲཱི་ལིངྒ་སྦྱར་ན་སྒྲ་དེ་དག་པའི་གནས་སུ་ཤེས་པར་བྱའོ། །ཞེས་པ་སྟེ། འདིར་མོ་རྟགས་ནི་དགག་སྒྲ་སྟེ། བོད་སྐད་ལ་མ་མི་མེད་མིན་ཞེས་སོགས་ལྟ་བུ་སྟེ། དགག་སྒྲ་ཐོག་མ་ན་ཡོད་པ། མ་རིག་པ། མི་ཤེས་པ། མ་སྐྱེས་པ། མི་འགགས་སོགས་ལྟ་བུ་དང་། མ་མཐའ་ན་ཡོད་པ། གཟུགས་མེད། སྒྲ་མེད་སོགས་ལྟ་བུ་དང་། ཡོད་མིན་མེད་མིན་ཞེས་སོགས་ལྟ་བུ་དང་། འདི་དགག་པའི་གནས་སུ་ཤེས་པར་བྱའོ། །

ཚིགས་བཅད་འགྲོལ་བའི་མན་ངག་བཤད་པ།

 

ལྔ་པ་ཚིགས་བཅད་འགྲོལ་བའི་མན་ངག་བཤད་པ་ནི། གསུང་རབ་རྣམས་སུ་ཚིགས་སུ་བཅད་པ་བསྡེབས་པའི་དོན། རྣམ་དབྱེ་དང་ཚིག་ཕྲད་སོགས་མཚམས་སྦྱོར་རྣམས་ཀྱི་སྒྲ་ཅུང་ཟད་བསྡུས་པ་ཡོད་པ་དེ་ཡང་མཚམས་སྦྱོར་བསྡུས་པ་དེ་བཞིན་དུ་སྦྱར་ནས་བཤད་པར་བྱའོ། ཞེས་པ་ལྟ་བུ་སྟེ། འདིར་མཚམས་སྦྱོར་དང་རྣམ་དབྱེ་དང་ཚིག་སྔ་ཕྱིའི་ནུས་པ་སྟེ། དེ་རྣམས་ལ་བརྟགས་ནས་ཚིགས་བཅད་རྣམས་ལྷུག་པར་ཕྲལ་ཏེ་བཤད་ཅེས་པའ་ིདོན།

 

རྗེས་འཇུག་མེད་མི་རུང་བ་བཤད་པ།

 

དྲུག་པ་རྗེས་འཇུག་མེད་མི་རུང་དུ་བཤད་པ་ནི། མིང་དང་ཚིག་གི་དོན་གསལ་བར་བྱེད་པ་ལ་རྗེས་འཇུག་གི་ཡི་གེ་བཅུ་པོ་མེད་དུ་མི་རུང་བ་ཡིན་ཏེ། སྔོན་འཇུག་ལྔ་པོ་གང་རུང་ཡོད་དམ་མེད་ཀྱང་རུང་ལ། མིང་གཞིའི་ཡི་གེ་གང་ཡིན་ཞིག་ལ་གཉིས་སྦྲེལ་ཡོད་དམ་གསུམ་སྦྲེལ་ཡོད་ཀྱང་རུང་། ཨཱ་ལི་བཞི་ལས་གང་ཡང་རུང་བ་དང་འབྲལ་ཡང་རུང་། རྗེས་འཇུག་ཡི་གེ་བཅུ་པོ་གང་རུང་ཞིག་མ་ཞུགས་ན། མིང་གཞན་སྦྱོར་བ་སྟེ། རྗེས་འཇུག་བཅུ་པོ་གང་རུང་ཞུགས་པ་ལས་གཞན་པའི་མིང་གི་སྦྱོར་བ་ཐོན་མི་བདག་གིས་བརྡ་སྦྱར་བའི་གསུང་རབ་ལ་ཡོད་མི་སྲིད་པའི་ཕྱིར། །

 

སྐབས་གསུམ་པ། བསྔགས་པ་བརྗོད་དེ་མཇུག་བསྡུ་བ།

 

གསུམ་པ་བསྔགས་པ་བརྗོད་དེ་མཇུག་བསྡུ་བ་ལ། རྗེས་འཇུག་ཤེས་པས་མཁས་པར་གྱུར། མཁས་པས་ཉམས་སུ་བླང་ཚུལ་བཤད། དེའི་ཐོག་མའི་བསླབ་རིམ་བསྟན། བསླབ་པར་བྱ་བའི་དུས་ཀྱི་བྱ་བ་བསྟན་པ་དང་བཞིའི་དང་པོ་རྗེས་འཇུག་ཤེས་པས་མཁས་པར་གྱུར་པ་ནི།

རྗེས་འཇུག་ཤེས་པས་མཁས་པར་འགྱུར་བ་བཤད་པ།

 

རྗེས་འཇུག་བཅུ་ཡི་དོན་གྱི་འཇུག་ཚུལ་མཁས་པར་ཤེས་ན། གསུང་རབ་ཡི་གེར་འབྲི་པ་དང་། གླེགས་བམ་དུ་བྱས་པ་ཀློག་པ་དང་སློབ་པ་ལ་བཤད་པ་བྱེད་པ་རྣམས་ཀྱི་དུས་སུ་རྗེས་འཇུག་དང་འབྲེལ་བའི་མཚམས་སྦྱོར་གྱི་སྒྲ་ལ་རྨོངས་པའི་ཐོགས་པ་མེད་ཅིང་ཚིག་དོན་འབྲེལ་བ་སྨྲ་བ་འབེལ་བའི་གཏམ་ལ་མཁས་པའི་མཆོག་ཏུ་འགྱུར་ཞིང་གཞན་ཡང་རྗེས་འཇུག་ཤེས་པ་ཡི་ཕན་ཡོན་གྱི་གསུང་རབ་དེའི་དོན་གྱི་རྣམ་པར་འབྱེད་པའི་སྦྱོར་བ་སྟེ། འགྲེལ་བ་སོགས་མ་མཐོང་བཞིན་དུའང་དོན་རྣམ་པར་འབྱེད་པའི་འགྲེལ་པ་དང་མཐུན་པའི་ངག་ཚིག་སྦྱོར་བ་ཤེས་པར་འགྱུར་བའོ། །

 

མཁས་པས་ཉམས་སུ་བླང་ཚུལ་བཤད་པ།

 

གཉིས་པ་མཁས་པས་ཉམས་སུ་བླང་ཚུལ་བཤད་པ་ནི། དེ་ལྟ་བུའི་མཁས་པ་དེས་རྗེས་འཇུག་གི་སྦྱོར་བ་ལ་མཁས་པར་འགྱུར་པའི་ཚེ་ན། རྗེས་འཇུག་གི་སྦྱོར་བ་མཁས་པ་དེས་ལུང་གི་དོན་དང་ཕྱིན་ཅི་བ་ལོག་པར་སྦྱོར་བ་སྟེ། གསུང་རབ་ཀྱི་དོན་མ་ནོར་བར་ཤེས་པ་དང་། དེས་བླ་མའི་མན་ངག་ཕྱིན་ཅི་མ་ལོག་པར་གོ་བར་འགྱུར་བས་རྗེས་འཇུག་ལ་མཁས་པ། ལུང་སྟོན་ལ་མཁས་པ། བླ་མའི་མན་ངག་ལ་མཁས་པ་སྟེ་དེ་གསུམ་སྦྱར་ནས་སྙིང་པོའི་དོན་ཉམས་ལེན་གྱི་ཐོག་ཏུ་དབབ་པར་བྱ་ཞེས་པའོ། །

 

ཐོག་མའི་བསླབ་རིམ་བསྟན་པ།

 

གསུམ་པ་དེའི་ཐོག་མའི་བསླབ་རིམ་བསྟན་པ་ནི། སྔར་སྨོས་པའི་རིམ་པ་དེ་དག་ནི་ལས་དང་པོ་པ་བསླབ་པ་ལ་བརྩོན་པའི་གང་ཟག་གིས། དང་པོ་ང་རོ་དྲག་པོ་ཀ་ལ་སོགས་པ་རྣམས་ལ་རང་རང་གི་འབྱུང་གནས་ལས་ལེགས་པར་ཐོན་པའི་སྐད་ཀྱིས་སྦྱང་བར་བྱ་ཞིང་། དེ་ལས་སྔོན་འཇུག་དང་མིང་གཞི་དང་རྗེས་གསུམ་སྦྱར་ནས་ཀློག་པ་དང་། དེ་ནས་ཚིག་བར་གཅིག་གི་བར་གྱི་ཡི་གེ་བསྡུས་ནས་ཀློག་པ་སོགས་བྱ་སྟེ། ཀློག་ཚུལ་རྒྱས་པར་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་བྱིས་པ་བདེ་བླག་ནས་འབྱུང་བ་བཞིན་དུ་སྟེ། རྒྱས་པར་དེ་ཉིད་དུ་བལྟའོ། །རིམ་པ་དེ་དག་ནི་ཀློག་དག་པའི་ཆེད་དུ་ངེས་པར་བསླབ་དགོས་པ་ཡིན། རྟགས་འཇུག་ནས་འབྱུང་བ་ལྟར། རྗེས་འཇུག་བཞི་ཡིས་སྦྱོར་བ་སྟེ། གང་ལ་འཇུགགང་གིས་འཇུགཇི་ལྟར་འཇུགཅིའི་ཕྱིར་འཇུག་པ་རྣམས་ནི་ཤིན་ཏུ་གཅེས་པས་བླ་མ་ལས་ཆོས་མཉན་པ་དང་། རང་ཉིད་ཀྱི་བསམས་པ་དང་གཞན་ལ་བསྟན་པའི་ཆེད་དུ་ངེས་པར་སྦྱོར་བའོ། །མཉན་པ་སོགས་ཀྱི་ཡན་ལག་དེ་དག་གི་མཐུ་ཡིས་ནི་འཐོབ་བྱ་འབྲས་བུའི་ཆེད་དུ་གསུང་རབ་ཀྱི་དོན་རྣམ་པར་ངེས་པར་གཏན་ལ་དབབ་པར་བྱའོ། །དེ་ལྟ་བུའི་བསླབ་པའི་རིམ་པ་འདི་ཡིས་ནི། སྐྱེས་བུ་གང་ཞིག་འབད་པ་ཆུང་དུས་ཀྱང་། ཤེས་རབ་མྱུར་དུ་གྲོལ་བར་འགྱུར་ན་ཆེན་པོས་ལྟ་ཅི་སྨོས། རྒྱུ་མཚན་དེའི་ཕྱིར་ན་མཁས་པར་འདོད་པས་དུས་དང་པོར་སྔར་སྨོས་པའི་བསླབ་པའི་རིམ་པ་འདི་ཉིད་ལ་བསླབ་པར་བྱ་ཞིང་། དེ་ཤེས་ནས་བརྡ་སྤྲོད་པའི་གཞུང་། རྒྱས་པའང་མཉན་པར་བྱས་ནས་བསླབ་པ་གསུམ་གང་ལ་དད་པ་ཡི། གཞུང་ཉིད་བླ་མ་རྣམས་ལས་མཉན་པར་བྱ། །ཞེས་པའོ། །

 

བསླབ་པར་བྱ་བའི་དུས་ཀྱི་བྱ་བ་བསྟན་པ།

 

བཞི་པ་བསླབ་པར་བྱ་བའི་དུས་ཀྱི་བྱ་བ་བསྟན་པ་ནི། ལས་དང་པོ་པས་དེ་ལྟར་སློབ་པའི་ཚེ་ཁེངས་པ་མེད་པས་སློབ་དཔོན་ཉིད་དུ་འཛིན་ཅིང་། ལེ་ལོ་གཡེང་བ་རྣམ་པར་སྤང་བར་བྱ་སྟེ། རྟག་སྦྱོར་གྱི་བརྩོན་འགྲུས་དང་། ཟོ་བཟང་དད་པ་སྟེ་གུས་སྦྱོར་གྱི་བརྩོན་འགྲུས་གཉིས་ལ་བསྟེན་པའི་སྐྱེས་བུ་དེས་ནི་སློབ་པ་མྱུར་དུ་རྟོགས་པར་འགྱུར་ཏེ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་བུའི་གང་ཟག་དོན་དུ་འགྱུར་བ་ཉིད་ཀྱི་ཕྱིར་དུས་སུ་འདོམས་པར་བྱ་ཞིང་། དེ་ལས་ཅིག་ཤོས་ནི་སྔར་བཤད་པའི་ཁྱད་པར་དེ་ལས་ལྡོག་པ་ཉིད་ཀྱི་ཕྱིར་རེ་ཞིག་བཏང་སྙོམས་སུ་བྱ་ལ། དེ་ལའང་དོན་དུ་གཉེར་ཅིང་འདུན་པར་འགྱུར་པ་ན་ཕྱིས་ལེགས་པར་འདོམས་པར་བྱའོ། །བྱཱ་ཀ་ར་ཎའི་རྩ་བ་ཤོ་ལོ་ཀ་སུམ་ཅུ་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ་ཞ་ལུ་ལོ་ཙཱ་བ་དགེ་སློང་དྷརྨ་པཱ་ལ་བྷ་དྲས་སྦྱར་བ་རྫོགས་སོ།།  །།

 

 

 

༄༅། །བྱཱ་ཀ་ར་ཎའི་རྟགས་ཀྱི་འཇུག་པ་རྣམ་པར་གསལ་བའི་ལེགས་བཤད་བཞུགས་སོ། །

         ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་བརྩམས།

 

སྔོན་འགྲོ།

 

༄༅། །ན་མོ་ཤྲཱི་གུ་ར་ཝ།

མཐའ་ཡས་ཤེས་བྱའི་ཆོས་ཀུན་ཀུན་ཏུ་གཟིགས་པའི་གཟིགས་པ་སྒྲིབ་མེད་མངའ། །བགྲང་ཡས་མ་ལུས་ལུས་ཅན་ཀུན་ལ་བརྩེ་བའི་བརྩེ་བས་རྟག་ཏུ་བརླན། །

དཔག་ཡས་ལྷགས་པའི་བདུད་དཔུང་དཔུང་འཇོམས་མཛད་པའི་མཛད་པ་རྨད་བྱུང་བ། །བསམ་ཡས་འཇམ་དབྱངས་དབྱངས་ཅན་ལ་སོགས་ལྷ་ཡི་ལྷ་གྱུར་རྣམས་ལ་འདུད། །

གང་གི་མཁྱེན་དང་བརྩེ་བའི་ཚ་ཟེར་གྱིས། །གངས་ཅན་སྐྱེ་བོའི་རྣམ་དཔྱོད་འདི་སྐྱེས་ལ། །

སྟོབས་བཅུའི་དགོངས་དོན་སྦྲང་རྩི་རྒྱས་མཛད་པ། །སྤྲུལ་པའི་ལོ་ཆེན་སམྦྷོ་ཊ་ལ་འདུད། །

 

 

 

གཉིས་པ་རྟགས་ཀྱི་འཇུག་པ་བཤད་པ་ལ་གསུམ། ཡི་གེ་སོ་སོའི་རྟགས་ཀྱི་དབྱེ་བ་བཀོད་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའོ། །

              སྐབས་དང་པོ། མིང་གཞིའི་ཡི་གེ་སོ་སོའི་དབྱེ་ཞིབ་ཏུ་བཀོད་པ།

 

དང་པོ་ཡི་གེ་སོ་སོའི་རྟགས་ཀྱི་དབྱེ་བ་བཀོད་པ་ནི། སྤྱིར་ཡི་གེ་ལ་ཕོ་དང་མོ་གཉིས་ཏེ། དབྱངས་ཡིག་བཞི་ནི་མོ་ཡིག་ཡིན་པར་འདིས་ཤུགས་ལ་བསྟན་ནས་པ་དེའི་ཕྱིར་གསལ་བྱེད་ཀྱི་ཡི་གེ་རྣམས་ནི། ཕོ་ཡི་ཡི་གེ་འབའ་ཞིག་ཡིན་པ་དེ་ལ་བཞི་ཚན་གྱི་སྡེ་པ་ཕྱེད་དང་བརྒྱད་དུ་གནས་པ་དེའང་། སྡེ་ཚན་ལྔ་རུ་དྲིལ་བར་བྱས་ནས་བཤད་པར་བྱ་བ་ལ་སྡེ་ལྔ་ནི། ཕོ་དང་། མ་ནིང་དང་། མོ་དང་། ཤིན་ཏུ་མོ་དང་། མོ་གཤམ་མམ་མ་ནིང་མཚན་མེད་ཅེས་བྱ་བ་རྣམས་ཡིན་པས་ཡི་གེ་སུམ་ཅུ་པོ་སྡེ་ཚན་ལྔ་རུ་བསྡུ་ཚུལ་ནི། ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །རིམ་པས་ཕྱེ་སྟེ་སྡེ་པ་བཞི་པ་པ་སྡེ་ཡན་ཆད་དབྱེ་བས། ཀ་ཅ་ཏ་པ་རྣམས་ཕོ། ཁ་ཆ་ཐ་ཕ་རྣམས་མ་ནིང་། ག་ཇ་ད་བ་རྣམས་མོ། ང་ཉ་ན་མ་རྣམས་ཤིན་ཏུ་མོའོ། དེའི་རྗེས་སུ་མ་ཕྱེ་བའི་ལྷག་མ་བཅུ་བཞི་གནས་པ་དེ་ལ། སྡེ་པ་ལྔ་པའི་ཙ་སོགས་གསུམ་ནི་སྟེ། ཅ་སོགས་དང་འདྲ་བར་ཕོ་དང་མ་ནིང་མོ་ཡིན་པར་སྦྱར་བར་བྱ་ཞིང་། ཝ་ནི་སྔར་བ་མོ་རུ་བཤད་པ་དང་སྦྱར་བར་བྱ་སྟེ་མོ་ཡིག་གོ། དེ་ནས་ལྷག་མ་ཞ་ཟ་འ་ཡ་ཤ་ས་སྟེ་དྲུག་ནི་མོ་རུ་སྦྱར་ཏེ་མོ་ཡིག་གོ། དེ་ནས་ར་ལ་ཧ་གསུམ་ནི་མོ་གཤམ་སྟེ་མིང་གཞན་མ་ནིང་མཚན་མེད་ངེས་ཀྱང་བྱ་སྟེ། དེ་ལྟར་ན། ཕོ་ཡིག་ནི། ཀ་ཅ་ཏ་པ་ཙ་སྟེ་ལྔ་དང་། མ་ནིང་ཁ་ཆ་ཐ་ཕ་ཚ་སྟེ་ལྔ་དང་། མོ་ཡིག་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་སྟེ་བཅུ་གཉིས་དང་། ཤིན་ཏུ་མོ་ང་ཉ་ན་མ་བཞི་དང་། མ་ནིང་མཚན་མེད་ར་ལ་ཧ་གསུམ་སྟེ། ཡི་གེ་ཉི་ཤུ་རྩ་དགུ་ནི་སྡེ་ཚན་ལྔར་གནས་ལ། འདིར་ཨ་ཡིག་མ་བསྡུས་པ་ལ་ལོ་ཙཱ་བ་ནམ་མཁའ་བཟང་པོས་ཨ་ཡིག་རྟགས་མེད་པའོ་ཞེས་གསུངས་སོ། །ལྔ་པོ་དེ་ཡང་བསྡུ་ན་གསུམ་དུ་འགྱུར་ཏེ། ཤིན་ཏུ་མོ་དང་མ་ནིང་མཚན་མེད་ཀྱང་མོ་ཉིད་ཡིན་པར། མོ་ཡི་ཡི་གེ་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །ཞེས་པས་བསྟན་པའི་ཕྱིར་རོ། །དེ་ལ་ཕོ་མོ་མ་ནིང་ལ་སོགས་པའི་དབྱེ་བའི་ཁྱད་པར་ཡི་གེ་སོ་སོ་ལ་དབྱེ་བ་ནི་བརྗོད་པའི་ཚེ་སྐད་ཀྱི་ང་རོ་དྲག་ཞན་ལས་ཡིན་ཏེ། འོག་ནས། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། །ཞེས་སོགས་འབྱུང་བ་ལྟར་ཡིན་ལ། མིང་ལ་སྦྱར་ན་ཕོ་མོ་ལ་སོགས་པར་བཤད་པ་ལ་ནི་བརྗོད་པའི་སྒྲ་དྲག་ཞན་དང་བརྗོད་བྱའི་དངོས་པོ་དེ་ཕོ་མོ་གཉིས་མིན་དུ་གནས་པ་ཅི་རིགས་པར་ཡོད་དེ། དང་པོ་ནི། ཆུའི་མིང་ལ་ཨཔྲ་ཞེས་ཡོད་པ་ཕོ་རྟགས་ཅན་དང་། ཛ་ལམ྄། ཆུ། ཞེས་པ་མ་ནིང་དང་། ན་དཱི། ཆུ་ཀླུང། ཞེས་པ་མོ་རྟགས་དང་། ཆུང་མའི་སྐད་དོད་ལ་ཡང་། དཱརཿཆུང་མ་ཞེས་པ་ཕོ་རྟགས་དང་། སྟྲི་ཆུང་མ་ཞེས་པ་མ་ནིང་དང་། བྷཱར྄་ཡཱ་ཆུང་མ་ཞེས་མོ་རྟགས་ཅན་ཡིན་པ་ལྟ་བུ་སྟེ། བོད་སྐད་ལ་བུད་མེད་ལ་ཕོ་ཡི་མིང་སྦྱར་བ་དང་། དཔོན་མོ་ཆེ་དང་ཆེན་མོ་བ་སོགས་ཕོ་ལ་མོའི་སྒྲ་སྦྱར་བ་ན་ར་དང་ན་དཱི། སྐྱེས་པ་དང་བུ་མེད། དེ་བ་དང་དེ་བཱི། ལྷ་དང་ལྷ་མོ་ཞེས་པ་ལྟ་བུ་སྟེ། རྒྱ་ཆེར་བརྟགས་ནས་དཔེར་བརྗོད་རྟོགས་པར་བྱའོ། །

 

སྐབས་གཉིས་པ། སྔོན་འཇུག་གི་རྟགས་ཀྱི་འཇུག་བཤད་པ།

 

གཉིས་པ་སྔོན་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ། ཐུན་མོང་སྔོན་རྗེས་བསྡུ་བའི་ཚུལ། སྔོན་འཇུག་རྟགས་ཀྱི་དབྱེ་བ་བཤད། དེའི་འཇུག་ཚུལ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་ཐུན་མོང་སྔོན་རྗེས་བསྡུ་བའི་ཚུལ་ནི།

 

ཐུན་མོང་སྔོན་རྗེས་བསྡུ་བའི་ཚུལ་བཤད་པ།

 

མོའི་ཡི་གེ་ལ་མོ་ཙམ་དང་ཤིན་ཏུ་མོ་དང་མོ་གཤམ་དང་གསུམ་དུ་གནས་པའི་ནང་ནས་ནི་རྗེས་སུ་འཇུག་པའི་ཡི་གེ་བཅུ་དབྱུང་བར་བྱ་སྟེ། ག་ད་བ་འ་ས་ལྔ་པོ་མོ་ཙམ་གྱི་ནང་ནས་དང་། ང་ན་མ་གསུམ་ཤིན་ཏུ་མོའི་ནང་ནས་དང་། ར་ལ་གཉིས་མ་ནིང་མཚན་མེད་ཀྱི་ནང་ནས་དབྱུང་བའི་ཕྱིར་རོ། །ཆོས་རྗེ་ས་སྐྱ་པཎྜི་ཏས། ད་ས་དག་ནི་ཡང་འཇུག་པ་དག་གོ། །ཞེས་ད་དང་ས་གཉིས་རྗེས་འཇུག་གང་རུང་ཞུགས་པའི་རྗེས་སུ་སླར་ཡང་འཇུག་པས་ཡང་འཇུག་ཅེས་པའི་ཐ་སྙད་དང་། ད་ནི་ན་ར་ལ་རྣམས་ཀྱིའོ། ས་ནི་ག་ང་བ་མ་རྣམས་ཀྱིའོ་ཞེས་སོ་སོའི་ངེས་འབྱེད་མཛད་པ་ནི། འདིར་ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས། །ཞེས་སོགས་ཀྱི་དགོངས་པའི་ཟེའུ་འབྲུ་གསལ་བར་བྱེད་པའི་ལེགས་བཤད་ཀྱི་སྣང་བ་ཆེན་པོ་ཉིད་དོ། །རྗེས་སུ་འཇུག་པ་བཅུའི་ནང་ནས་ནི། སྔོན་འཇུག་ཡི་གེ་ལྔ་དབྱུང་བར་བྱ་སྟེ། ག་ད་བ་འ་མ་རྣམས་རྗེས་འཇུག་ཁོ་ནར་མ་ཟད་སྔོན་འཇུག་ཀྱང་ཡིན་པས་སོ། །

 

སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ།

 

གཉིས་པ་སྔོན་འཇུག་རྟགས་ཀྱི་དབྱེ་བ་བཤད་པ་ནི། སྔོན་འཇུག་གི་ཡི་གེ་ལྔ་པོ་ལ་ཕོ་དང་མ་ནིང་དང་མོ་དང་ཤིན་ཏུ་མོ་དང་བཞི་རུ་དབྱེ་བར་བྱ་སྟེ། བ་ནི་སྔོན་འཇུག་གི་ཕོ་དང་། ག་ད་གཉིས་མ་ནིང་། འ་མོ་དང་། མ་ཤིན་ཏུ་མོ་ཡིན་པར། འོག་ནས། ཕོ་ནི་ཕོ་དང་མོ་ལ་འཇུག། ཅེས་སོགས་ཀྱི་རིགས་པས་གཞན་དུ་མི་འཁྲུལ་བར་ངེས་པའི་ཕྱིར་རོ། །

 

དེ་དག་གི་འཇུག་ཚུལ་སྤྱིར་བཤད་པ།

 

གསུམ་པ་དེའི་འཇུག་ཆུལ་རྒྱས་པར་བཤད་པ་ལ་དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པ་གཉིས་ལས། དང་པོ་དྲི་བས་མཚམས་སྦྱར་བ་ནི། སྔོན་འཇུག་ལྔ་པོ་དེ་དག་རེ་རེའང་དྲི་བ་བཞིའི་སྒོ་ནས་མཚམས་སྦྱར་ནས་འཆད་པར་བྱ། ལྔ་པོ་དེ་དག་མིང་གཞི་གང་དང་གང་ལ་སྔོན་དུ་འཇུག་པར་བྱེད། ཡི་གེ་རང་གི་ངོ་བོ་གང་གིས་བྱེད། ཚུལ་ཇི་ལྟར་འཇུག་པར་བྱེད། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེས་པ་བཞིའོ། །

གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ། གང་ལ་འཇུག་པ། གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་བཤད་པ་དང་བཞིའི་དང་པོ་གང་ལ་འཇུག་པ་ལ།

 

གང་ལ་འཇུག་པ་བཤད་པ།

 

གང་ལ་འཇུག་པ་དངོས་བཤད་པ། དེ་མི་འཇུག་པ་བཤད་པ་གཉིས་ཀྱི་དང་པོ་གང་ལ་འཇུག་པ་དངོས་བཤད་པ་ནི། སླར་ཡང་དྲི་བ་རྗེས་སུ་བརྗོད་དེ། སྔོན་འཇུག་དེ་དག་ཡི་གེ་གང་ལ་སྔོན་དུ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་ཙ་བཞི་དང་། མོ་ག་ང་ཞ་ཟ་ཤ་ས་དྲུག་ལ་སྟེ་བཅུའི་སྔོན་དུ་འཇུག་པའི་བས་འཕུལ་ནི་བཅུར་ངེས་པ་ཉིད་དེ། དཔེར་ན། བཀས་བཅད་ཕྱག་རྒྱས་བཏབ་པ་བཙལ། །གོ་བགོས་མདུན་དུ་བདར་ཏེ་བཞེངས། །བཟང་པོའི་བཤོས་གཙང་བསངས་ཤིང་སྦྱངས། །ཞེས་པ་ལྟ་བུས་མཚོན་ནོ། །སྔོན་གྱི་དག་ཡིག་འགའ་ཞིག་ན། ན་བཟའ་བནབས་པ་བས་འཕུལ་ལྡན་ཞེས་པ་དང་། གླེགས་བམ་འགའ་ནའང་སྣང་བ་གྲགས་ཆུང་ཞིང་དགོས་པ་ཆུང་བས་མཁས་པ་ཕྱི་མ་དག་མི་བཞེད་པ་ལེགས་ཤིང་། གྱོན་པ་མན་པས་པ་མས་འཕུལ་ཉིད་དོ། །ཡང་སུམ་པ་ལོ་ཙཱ་བས། བས་ཇ་འཕུལ་བ་དང་། ཀླུ་མེས་དབང་ཕྱུག་གྲགས་ཀྱིས། བས་ཉ་འཕུལ་བར་བཞེད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་ལུགས་ལས་གཞན་ཡིན་ནོ་ཞེས་པ་དབུས་པ་བློ་གསལ་གྱིས་སུམ་ཅུ་པའི་འགྲེལ་པར་བཀག་པ་ལྟར་རོ། །སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་མོ་ག་ཇ་ད་བ་ཛ་ལྔ་དང་། མ་ནིང་ཁ་ཆ་ཐ་ཚ་རྣམས་ཏེ། འས་འཕུལ་ཡང་བཅུར་ངེས་ཏེ། འགའ་ཞིག་འཇིག་རྟེན་འདི་འབའ་ཞིག། འཛིན་ཅིང་འཁོད་དེ་གནས་འཆའ་བ། །མི་འཐད་འཕོ་ཚེ་བདེ་བ་འཚལ། །ཞེས་པ་ལྟ་བུ་འོ། །སྔོན་འཇུག་གི་མ་ནིང་ལ། ག་དང་ད་གཉིས་ཡོད་པ་ཡང་ནི་མིང་གཞིའི་ཕོ་དང་མོ་ལ་སྔོན་དུ་འཇུག་པའོ། །དེ་ལ་ག་ནི་ཕོ་ཅ་ཏ་ཙ་གསུམ་དང་། མོ་ཉ་ད་ན་ཞ་ཟ་ཡ་ཤ་ས་བརྒྱད་དེ་བཅུ་གཅིག་གི་སྔོན་དུ་འཇུག་པའི་གས་འཕུལ་བཅུ་གཅིག་ཏུ་ངེས་ཏེ། དཔེར་ན། གཅིག་པུ་གཏམ་གཙང་གཉིས་མེད་གསུང་། །གདེངས་ཅན་གནས་སུ་འཚོ་ཞིང་གཞེས། །གཡེལ་མེད་གཟིགས་པའི་བདེ་གཤེགས་རྒྱལ། །ཞེས་པ་ལྟ་བུའོ། སྔོན་འཇུག་གི་མ་ནིང་གཉིས་པ་ད་ཡིག་ནི་ཕོ་ཀ་དང་པ། མོ་ག་ང་བ་མ་སྟེ་དྲུག་ལ་འཇུག་པས་དས་འཕུལ་དྲུག་ཏུ་ངེས་ཏེ། དཀར་པོ་དགེ་བའི་དངོས་གྲུབ་ཏུ། དཔལ་འབྱོར་དབང་ཕྱུག་མིར་ཕན་ཐོགས། ཅེས་པ་ལྟ་བུའོ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིགམིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་དང་། མོ་ག་ད་ཇ་ཛ་དང་། ཤིན་ཏུ་མོ་ཉིད་ཀྱི་ནང་ནས་ང་ཉ་ན་གསུམ་ལ་འཇུག་མས་འཕུལ་བཅུ་གཅིག་ཏུ་ངེས་པ་ཉིད་དེ། མཁས་པ་མཆེད་ཀྱི་མཐོང་བའི་མཚོར་། །མགོན་པོ་མཇལ་ཏེ་མདོང་གསོལ་མཛད། །མངའ་བདག་མཉེས་ནས་མནར་མེད་བསྒྲལ། །ཞེས་པ་ལྟ་བུའོ། །

 

ཞར་བྱུང་མི་འཇུག་པ་བཤད་པ།

 

གཉིས་པ་དེ་མི་འཇུག་པ་བཤད་པ་ནི། དེ་ལྟར་འཇུག་པ་བཤད་ནས་དེའི་མཐའ་གཅོད་པའི་ཕྱིར། མི་འཇུག་པ་བཤད་པ་ནི་འདི་དག་སྟེ། སྔོན་འཇུག་གི་ཕོ་བ་ཡིག་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་རྣམས་ལ་མི་འཇུག་པར་ངེས་ཤིང་། སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་ཕོ་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མིན། མིང་གཞིའི་མ་ནིང་རང་སྡེ་ཁ་ཆ་ཐ་ཚ་རྣམས་ལ་སྔོན་འཇུག་གི་མ་ནིང་རང་སྡེ་ག་ད་གཉིས་མི་འཇུགབཞི་ཚན་དུ་གནས་པའི་རང་གི་སྡེ་དང་ཕྲད་པ་ན། སྔོན་འཇུག་གི་ཕོ་བ་ཡིག་ལྟ་བུ་ཡང་མོ་མ་ཡིག་ལ་འཇུག་པར་མི་འགྱུར་རོ། །སྔོན་འཇུག་གི་མ་ནིང་ག་དང་ད་གཉིས་ཀྱི་ག་ཡིག་ཀྱང་རང་གི་སྡེ་པའི་ཕོ་ཀ་དང་མོ་ང་ཡིག་ལ་མི་འཇུག་ཅིང་། ད་ཡིག་ཀྱང་རང་སྡེའི་ཕོ་ཏ་དང་མོ་ནའི་སྔོན་དུ་མི་འཇུག་གོ། སྔོན་འཇུག་གི་མོ་འ་ཡིག་ཀྱང་རང་སྡེའི་མོ་ཞ་ཟ་ཡ་གསུམ་གྱི་སྔོན་དུ་མི་འཇུག་པ་དང་། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ཀྱང་རང་སྡེའི་ཕོ་པ་དང་མ་ནིང་ཕ་དང་མོ་བ་དང་ཤིན་ཏུ་མོ་མ་རྣམས་ཀྱི་སྔོན་དུ་འཇུག་མི་སྲིད་པས། མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །

གང་གིས་འཇུག་པ་བཤད་པ།

 

གཉིས་པ་གང་གིས་འཇུག་པ་བཤད་པ་ནི། འོག་ཏུ་རྗེས་འཇུག་གི་སྐབས་སུ། གང་གི་བཅུ་པོ་དེ་དག་གིས། ཞེས་འབྱུང་བ་དང་། གོང་གི་དྲི་བ་གཉིས་ཀའི་ཤུགས་བསྟན་གྱིས། གང་གི་ལྔ་པོ་དེ་དག་གིས་ཞེས་སྦྱར་ཏེ་བཤད་དོ། །

 

ཇི་ལྟར་འཇུག་པ་བཤད་པ།

 

གསུམ་པ་ཇི་ལྟར་འཇུག་པ་བཤད་པ་ནི། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཞེས་མཚམས་སྦྱར་ནས། སྔོན་འཇུག་གི་ཕོ་བ་ཡིག་ནི་སྐད་གདངས་དྲག་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། འཇིག་རྟེན་ན་སྐྱེད་པ་སྐད་ཀྱི་རང་བཞིན་མཐོ་བ་བཞིན་ནོ། །དེ་བཞིན་དུ་མ་ནིང་ག་དང་ད་གཉིས་ནི་སྐད་གདངས་མཐོ་དམན་རན་པར་འཇུག་པ་ཡིན་ལ། མོ་འ་ཡིག་སྐད་གདངས་ཞན་པའི་ཚུལ་གྱིས་འཇུག་ཅིང་ཤིན་ཏུ་མོ་མ་ཡིག་ནི་སྐད་གདངས་དྲག་ཞན་མཉམ་པས་འཇུག་པརབྱེད་པས་སོ། །

 

ཅིའི་ཕྱིར་འཇུག་པ་བཤད་པ།

 

བཞི་པ་དགོས་པ་ཅིའི་ཕྱིར་འཇུག་པ་བཤད་པ་ནི། ཅིའི་ཕྱིར་འཇུག་པ་བྱེད་ཅེ་ན། ཞེས་མཚམས་སྦྱར་ཏེ། སྔོན་འཇུག་གི་ཕོ་བ་ཡིག་ནི། དུས་འདས་པ་དང་དངོས་པོ་གཞན་བྱ་བ་བསྒྲུབ་པའི་ཕྱིར་འཇུག་པ་གཙོ་ཆེ་བ་ཉིད་དོ། །

དེ་ཡང་འདས་པ་ལ་འཇུག་པ་ནི། ཆུ་བཀགགོས་བཀབ། སྣོད་ཆུས་བཀང་། ལོགས་སུ་བཀར། བལ་བཀལ། དུམ་བུར་བཀས་སོགས་དང་། རྐང་པ་བཅགལུས་ལ་བཅངས། ཤིང་བཅད། སྲོག་བཅད། ཉེས་པ་བཅབས། བདུད་བཅོམ། མིག་བཅར། ཁྲལ་བཅལ་སོགས་དང་། མིང་བཏགས། སྦྱིན་པ་བཏང་། ས་བོན་བཏབ་སོགས་དང་། ཆུ་བཙགས། ནོར་བཙོངས། སྟོང་པ་བཙལ། བུ་བཙས་སོགས་དང་། གོས་བགོས། རྙེད་པ་མཉམ་པོར་བགོས་སོགས་དང་། མདུན་དུ་བདར། སྤོས་ཀྱིས་བདུགས། གཞུ་བདུངས་སོགས་དང་། ལག་ཏུ་བཞགདགྱེས་ནས་དྲག་ཏུ་བཞད། སྐྲ་བཞར། གདན་ལ་བཞུགས། ནང་དུ་བཞུད། སྟན་ལས་བཞེངས། བསོད་སྙོམས་བཞེས། ལག་ཏུ་བཟུང་། དྲི་མ་བསངས་སོགས་ཤིན་ཏུ་མང་སྟེ་གླེགས་བམ་བཀླགས་པ་ལས་རྒྱ་ཆེར་རྟོགས་པར་བྱའོ། །

གཞན་ལ་འཇུག་པ་ནི། དཔེར་ན། བདག་ཉིད་མྱ་ངན་ལས་འདས་ནས་སེམས་ཅན་མྱ་ངན་ལས་བཟླ་བར་བྱའོ། །ཞེས་པའི་བས་འཕུལ་འདི་ལྟ་བུ་གཞན་མྱ་ངན་ལས་བཟླར་གཞུག་པའི་དོན་ཅན་ཏེ་སེམས་ཅན་མྱ་ངན་བཟླས་ལ་དགོད་ཅེས་སོགས་དང་། གཞན་གྱིས་གོ་བར་བྱེད་དུ་འཇུག་པ་ལ་དེའི་ཚུལ་བཟླུགས་པར་བྱ་ཞེས་པ་ཡང་སྟེ་གཞན་ལ་བསྙད་པར་བྱ་ཞེས་པའི་དོན་ཅན་ནོ། །

བས་འཕུལ་བྱ་བའི་ཡུལ་ལ་འཇུག་པ་ནི། བསྒྲུབ་པར་བྱ་བ་དང་། བསྡུ་བ་དང་། བསྐྱེད་པ་དང་། བསྐྲུན་པ་དང་། བཙལ་བ་དང་། བརྗོད་པ་སོགས་བས་འཕུལ་ཡིན་ནོ། །འདིར་འདས་དང་བསྒྲུབ་ཕྱིར་ཞེས་པ་གཉིས་གསུངས་པས། བས་འཕུལ་འདས་པ་ལ་འཇུག་པ་སྔར་བཤད་པ་རྣམས་དང་། གཞན་ཡང་དུས་གསུམ་ག་ལ་སྦྱར་ནས་དཔེར་བརྗོད་པས་ཀྱང་ངེས་པར་བྱ་སྟེ། བསྒྲུབས་ཟིན་པ་དང་བསྒྲུབ་པར་བྱ། །བྱུག་པ་བསྐུས་པ་བསྐུ་བར་བྱ། །དྲིན་གྱིས་བསྐྱངས་པ་བསྐྱང་བར་བྱ། །དཔོན་དུ་བསྐོས་དང་བསྐོ་བར་བྱ། ནོར་བརྐུས་པ་དང་བརྐུ་བར་བྱ། །བསྒྲལ་ནས་གཞན་དག་བསྒྲལ་བར་བྱ། །ལེགས་པར་བསྒོམས་ཟིན་བསྒོམ་བྱ། །བསྒྱེལ་ཟིན་པ་དང་བསྒྱེལ་རྒྱུ་དང་། །བསྒྱུར་ཟིན་པ་དང་བསྒྱུར་རྒྱུ་དང་། །ཕྲེང་བ་བརྒྱུས་དང་བརྒྱུ་བར་བྱ། །རྩྭ་སོགས་བརྔས་དང་བརྔ་བ་དང་། །དགེ་རྩ་བསྔོས་ཟིན་བསྔོ་བར་བྱ། །དེ་སྐད་བརྗོད་ཟིན་བརྗོད་པར་བྱ། །མིག་གིས་བལྟས་དང་བལྟ་བར་བྱ། །ཞགས་པས་བསྡམས་དང་བསྡམ་པར་བྱ། །ནང་དུ་བསྡུས་དང་པར་བྱ། །བྱ་བ་བརྩམས་པ་བརྩས་པར་བྱ། །གྲངས་ཀྱི་བརྩིས་དང་བརྩི་པ་དང་། །མཁར་བརྩིགས་པ་དང་བརྩིག་པར་བྱ། །བྱིན་གྱིས་བརླབས་དང་བརླབ་པར་བྱ། །གཞན་དག་མྱ་ངན་བཟླས་ལ་བཀོད། །མྱ་ངན་བཟླ་ཕྱིར་འབད་པར་བྱ། །ལེགས་པར་བསླབས་དང་བསླབ་པར་བྱ། མཆོད་པ་བཤམས་དང་བཤམ་པར་བྱ། །རིང་དུ་བསྲིངས་དང་བསྲིང་བར་བྱ། །ཉི་མས་བསྲོས་དང་བསྲོ་བ་དང་། །དྲང་པོར་བསྲངས་དང་བསྲང་བ་དང་། །ཚུལ་ཁྲིམས་བསྲུངས་དང་བསྲུང་བ་དང་། །ཕྱོགས་གཅིག་བསྲེས་དང་བསྲེ་བ་དང་། །མེ་ཡིས་བསྲེགས་དང་བསྲེག་པར་བྱ། །ལེགས་པར་བསམས་དང་བསམ་པར་བྱ། །ཞེས་སོགས་དེ་ལྟར་བཤད་པ་རྣམས་ཀྱི་སྔ་མ་སྔ་མ་རྣམས་འདས་པའི་ཚིག་དང་ཕྱི་མ་ཕྱི་མ་རྣམས་བྱ་བ་ལ་འཇུག་པ་སྟེ། བྱ་བའི་སྒྲ་མ་སྦྱར་ཡང་དོན་གྱིས་རྟོགས་པར་བྱའོ། །

དེ་རྣམས་ཀྱི་ཟླས་དྲངས་པའི་ད་ལྟ་བའི་སྒྲ་རྣམས་ལ་ནི་བས་འཕུལ་མེད་དེ། སྒྲུབ་པར་བྱེད། སྣུམ་སྐུ་བར་བྱེད། དྲིན་གྱིས་སྐྱོང་བ། སྡེ་དཔོན་སྐོ་བར་བྱེད། ནོར་རྐུ་བར་བྱེད། སེམས་ཅན་སྒྲོལ་བར་བྱེད། ཏིང་ངེ་འཛིན་སྒོམ་པར་བྱེད། རྩིག་པ་སྒྱེལ་བར་བྱེད། ཆོས་སྒྱུར་བར་བྱེད། ཕྲེང་བ་རྒྱུད་པར་བྱེད། རྩ་སོགས་རྔ་བར་བྱེད། དགེ་བ་སྔོ་བར་བྱེད། དེ་སྐད་རྗོད་པར་བྱེད། མིག་གིས་ལྟ་བར་བྱེད། ལྕགས་སྒྲོག་གིས་སྡོམ་པར་བྱེད། ནང་དུ་སྡུད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད། རྒྱུ་སྐར་རྩི་བར་བྱེད། ཁང་པ་རྩིག་པར་བྱེད། བྱིན་གྱིས་རློབ་པར་བྱེད། སེམས་ཅན་ངན་ལས་ཟློ་བར་བྱེད། སློབ་མ་ལ་སློབ་པར་བྱེད། མཆོད་པ་ཤོམ་པར་བྱེད། ཚེ་སྲིང་བར་བྱེད། མེ་ལ་སྲོ་བར་བྱེད། དྲང་བོར་སྲོང་བར་བྱེད། ཚུལ་ཁྲིམས་སྲུང་བར་བྱེད། མེས་སྲེག་པར་བྱེད། དོན་ལ་སེམས་པར་བྱེད། ཅེས་པ་རྣམས་སོ། །

ཡང་དེ་ལྟ་བུའི་སྒྲ་རྣམས་བྱ་བ་བྱེད་པ་ལ་སྦྱོར་ཞིང་བསྐུལ་བའི་ཚིག་རྣམས་བས་འཕུལ་མེད་པ་ཉིད་ཡིན་པས་བས་འཕུལ་ཅན་དུ་འཁྲུལ་བར་མི་བྱ་སྟེ། དཔེར་ན་ཁྱོད་ཀྱིས་སྒྲུབས་ཤིགབྱུག་པ་སྐུས་ཤིགབརྩེ་བས་སྐྱོངས་ཤིགདཔོན་དུ་སྐོས་ཤིགདེ་ལས་རྐུས་ཤིགའགྲོ་བ་སྒྲོལ་ཅིགབསམ་གཏན་སྒོམས་ཤིགཁང་པ་སྒྱེལ་ཅིགདབང་སྐུར་ཅིགཕྲེང་བ་རྒྱུས་ཤིགཞིང་རྔོས་ཤིགདགེ་བ་སྔོས་ཤིགདེ་སྐད་རྗོད་ཅིགམིག་གིས་ལྟོས་ཤིགཞགས་པས་སྡོམས་ཤིགབརྩོན་འགྲུས་རྩོམས་ཤིགམ་ནོར་བར་རྩིས་ཤིགསེམས་ཅན་མྱ་ངན་ལས་ཟློས་ཤིགལེགས་པར་སློབས་ཤིགམཆོད་པ་ཤོམས་ཤིགཚེ་སྲིངས་ཤིགམེལ་སྲོས་ཤིགདྲང་བོར་སྲོངས་ཤིགཚུལ་ཁྲིམས་སྲུངས་ཤིགཕྱོགས་གཅིག་སྲེས་ཤིགམེས་སྲེགས་ཤིགལེགས་པོར་སོམས་ཤིགཅེས་སོགས་རྣམས་ལྟ་བུ་སྟེ་འདི་དག་གིས་མཚོན་ནས་རྒྱ་ཆེར་རྟོགས་པར་བྱའོ། །

སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་དངོས་པོ་བདག་གཞན་གཉིས་དང་། དུས་ད་ལྟ་བའི་ཆེད་དུ་གཙོ་ཆེ་བ་ཉིད་ཡིན་ཏེ། དཔེར་ན། གས་འཕུལ་བདག་གཞན་གཉིས་ཀ་ལ་འཇུག་པ། །གཏན་ཚིགས་གཏམ་གཏོང་བསམ་གཏན་དང་། །གཏར་ངག་དོན་གཉེར་གཉེན་པོ་དང་། །ཁ་གསག་གསོག་འཇོག་གསུས་པ་དང་། །སེམས་གདུག་སྐད་གདངས་ལུས་གནད་དང་། །གནས་ལུགས་རྣམ་གཞག་གཞལ་མེད་ཁང་། །གཡས་གཡོན་གཡང་དང་གཡུལ་འགྱེད་སོགས། །

གས་འཕུལ་ད་ལྟ་བ་ལ་འཇུག་པ་ནི། སྦྱིན་པ་གཏོང་བ། ཤིང་གཅོད་པ། སེམས་ཅན་གསོད་པ། འོག་ཏུ་གནོན་པ་རྣམས་ལྟ་བུ་སྟེ། དེ་རྣམས་ལ་རྣ་རུ་མེད་པ། གཏར་བ། གཅད་པ། གསད་པ། གནན་པ། ཞེས་པར་གྱུར་པ་ན་བྱ་བའི་ཡུལ་མ་འོངས་པའང་འཇུག་ལ། བ་དང་མས་འཕུལ་བ། བཏང་། བསད། མནན། ཅེས་པར་གྱུར་པ་ན་འདས་པའི་ཚིག་གོམས་འཕུལ་བའང་འདས་པར་གྱུར་པ་ཅི་ཞེ་ན། ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་བདག་གཞན་དང་དུས་གསུམ་ལ་མཉམ་པར་འཇུག་པའི་ཕྱིར་རོ། །

འདིར་དུས་གསུམ་ལས་བརྩམས་ཏེ་ག་དང་བའི་འཇུག་ཚུལ་དཔེར་བརྗོད་པ་ཅུང་ཟད་གནད་ཆེ་བར་བཀོད་པ་ནི། མ་འོངས་པ་དང་ད་ལྟར་འདས། །དཔེར་བརྗོད་འདི་ཡི་གོ་རིམ་མོ། །གཅད་དང་གཅོད་དང་བཅད་པ་དང་། །གཞལ་བ་འཇལ་བྱེད་བཅལ་བ་དང་། །གདིང་དང་འདིང་བ་བཏིངས་པ་དང་། །གདགས་དང་འདོགས་དང་བཏགས་པ་དང་། །གདབ་དང་འདེབས་དང་བཏབ་པ་དང་། །གདུལ་དང་འདུལ་དང་བཏུལ་བ་དང་། །གདེག་དང་འདེགས་དང་བཏེག་པ་དང་། །གཏང་དང་གཏོང་བཏང་བ་དང་། །གདོན་དང་འདོན་དང་བཏོན་པ་དང་། །གནན་དང་གནོན་མནན་པ་དང་། །གཞིག་དང་འཇིག་དང་བཤིག་པ་དང་། །གཞིལ་དང་འཇིལ་དང་བཅིལ་བ་དང་། །གཞོམ་དང་འཇོམ་དང་བཅོམ་པ་དང་། །གཞག་དང་འཇོག་དང་བཞག་པ་དང་། །གཞུག་དང་འཇུག་བཅུག་པ་དང་། །གཟུགས་དང་འཛུགས་དང་བཙུགས་པ་དང་། གཟུང་དང་འཛིན་དང་བཟུང་བ་དང་། །གསད་དང་གསོད་དང་བསད་པ་དང་། །ཞེས་པ་ལྟ་བུ་ལ་སོགས་པ་གས་འཕུལ་མ་འོངས་པ་ལ་འཇུག་པ་དུ་མ་སྣང་བས་ད་ལྟ་བ་ལ་འཇུག་པར་བཤད་པ་དང་མི་འགལ་ཏེ། གཙོ་ཆེ་བའི་དབང་གིས་གསུངས་པའི་ཕྱིར་རོ། །

དས་འཕུལ་བ་བདག་གཞན་གཉིས་ཀ་ལ་འཇུག་པ་ནི། དགེ་བ། དགའ་བ། དགོས་པ་སོགས་པ་རང་གཞན་གཉིས་ཀ་ལ་སྤྱིར་རུང་བའི་སྒྲ་རྣམས་ཡིན་ལ། ད་ལྟ་བ་ལ་འཇུག་པ་ནི། དགོངས་སུ་གསོལ། རྒྱས་པར་མཛོད་ལྟ་བུ་རྣམས་སོ། །འདིར་དས་འཕུལ་བ་བྱ་བའི་ཡུལ་མ་འོངས་པ་ལའང་འཇུག་པ་མང་པོ་སྣང་སྟེ། དགང་བྱ་འགེང་དང་བཀང་བ་དང་། །དགག་དང་འགོག་དང་བཀག་པ་དང་། །ཟོང་དགྲོམ་འགྲེམ་དང་བཀྲམ་པ་དང་། །དགྲོལ་དང་འགྲོལ་དང་བཀྲོལ་བ་དང་། །དགུག་དང་འགུགས་དང་བཀུག་པ་དང་། །དགོད་བྱ་འགོད་དང་བཀོད་པ་དང་། །དབུལ་དང་འབུལ་དང་ཕུལ་བ་དང་། །དབབ་དང་འབེབས་དང་ཕབ་པ་དང་། །དབུག་བྱ་འབིགས་དང་ཕུག་པ་དང་། །དབྲོག་བྱ་འཕྲོག་དང་ཕྲོགས་པ་དང་། །དབྱེ་བྱ་འབྱེད་དང་ཕྱེ་བ་དང་། །སུན་དབྱུང་སུན་འབྱིན་སུན་ཕྱུང་སོགས་སོ། །

སྔོན་འཇུག་གི་མོ་འ་ཡིག་ནི་དངོས་པོ་བདག་དང་དུས་མ་འོངས་པ་སྟོན་པའི་ཕྱིར་དུ་འཇུག་སྟེ། དཔེར་ན། མགོན་པོ་ཆེན་པོ་བདག་འཚལ་ལོ། །ཞེས་དང་། བདག་ཕྱག་འཚལ་དང་བདག་འདུད་དོ། །ཞེས་སོགས་བདག་གི་སྒྲ་སྦྱར་བ་དང་། མ་སྦྱར་བའང་དེའི་དོན་ཅན་གྱིས་འས་འཕུལ་ཅན་རྣམས་དང་། མ་འོངས་པ་སོགས་ལ་འཇུག་པ་ནི། བྱ་བ་འགྲུབ་པར་འགྱུར། སངས་རྒྱས་འབྱུང་བར་འགྱུར། སྡིག་པ་འཛད་པར་འགྱུར། ནད་ལ་འཛེམ་པར་བྱ། ཞེས་སོགས་མང་པོ་རྣམས་སོ། །

རྩ་བར་མ་བཤད་ཀྱང་འས་འཕུལ་ད་ལྟ་བ་ལ་འཇུག་པ། སྔར་དུས་གསུམ་ག་ལ་སྦྱར་བའི་དཔེར་བརྗོད་གོང་དུ་བཀོད་པའི་འཇལ་དང་། འདིང་དང་། འགོད་པ་སོགས་རྣམས་སུ་ཤེས་པར་བྱའོ། །

ཤིན་ཏུ་མོ་མ་ཡིག་ན་བདག་གཞན་དང་དུས་གསུམ་ག་ལ་མཉམ་པའི་ཕྱིར་འཇུག་སྟེ། དེ་ཡང་འདས་པ་ལ་འཇུག་པ་ནི་དཔེར་ན། མཁས་པ། དེས་མཚན་པ། མཛེས་པ་དང་། འོག་ཏུ་མནན་པ་དང་། མགུ་བའི་མཉེས་དང་། ཀོ་བ་མཉེས་པ་དང་། སྡུག་བསྔལ་གྱིས་མནར་བ་དང་། ལུང་མནོས་པ་དང་། ན་བཟའ་མནབས་པ་ལ་སོགས་པ་རྣམས་སོ། །

ད་ལྟ་བ་ལ་ནི། དེ་མཛོད་ཅེས་པ་དང་། ཆུ་ལས་སྒྲོལ་བར་བྱེད་པའི་མཉན་པ་ཞེས་པ་ལྟ་བུ་དང་། མ་འོངས་པ་ལ་ནི་ཆོས་མཉན་པར་བྱ་ཞེས་པ་ལྟ་བུ་དང་། བདག་དང་གཞན་ལ། མགོན་དང་མཚུངས་དང་མཐེང་ལ་སོགས་པ་སྟེ། འདི་ཡང་བདག་གཞན་དུས་གསུམ་ལ་རིས་སུ་མ་ཆད་པར་སྤྱིར་འཇུག་པ་དང་། སོ་སོ་ལ་འཇུག་པ་གཉིས་སུ་བརྟགས་ཏེ་ཤེས་པར་བྱའོ། དེ་དག་ནི་སྔོན་འཇུག་ལྔ་པོའི་འཇུག་པ་ལས་བརྩམས་ཏེ་ཕྱོགས་ཙམ་བརྗོད་པའོ། །

སྐབས་གསུམ་པ། རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད།

 

གསུམ་པ་རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པ་ལ་གཉིས། རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད། དེའི་འཇུག་པ་རྒྱས་པར་པཤད་པའོ། །

 

རྗེས་འཇུག་རྟགས་ཀྱི་དབྱེ་བ་བསྟན་པ།

 

དང་པོ་རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ་ནི། རྗེས་སུ་འཇུག་པའི་ཡི་གེ་བཅུ་པོ་ལ་ཡང་རྟགས་ཕོ་མོ་མ་ནིང་གསུམ་དུ་དབྱེ་བར་བྱ་སྟེ། །དེ་ཡང་ད་བ་ས་གསུམ་ནི་རྗེས་འཇུག་གི་ཕོ་ཡིག་དང་། འ་དང་ར་གཉིས་མོ་ཡིག་དང་། ག་ང་ན་མ་འ་རྣམས་མ་ནིང་དུ་ཤེས་པར་བྱས་ནས། སླར་ཡང་ནང་གསེས་ཀྱི་དབྱེ་བ་ནི། ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ་སྟེ་ད་བ་ས་རྣམས་སོ། །མོ་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཏེ་འ་དང་རའོ། །མ་ནིང་ལ་འགྱུར་བ་མ་ནིང་ག་ང་ན་གསུམ་དང་། མཚན་གཉིས་པ་མ་དང་། མ་ནིང་མཚན་མེད་ལ་ཡིག་དག་དང་བཅས་པ་རྗེས་འཇུག་གི་མ་ནིང་རྣམ་པ་གསུམ་དུ་འདོད་ཅེས་པ་སྟེ། ཐོག་མར་རྟགས་ཀྱི་དབྱེ་བས་ངེས་པར་བྱའོ། །འདི་ལ་ངོས་འཛིན་ལུགས་མི་འདྲ་བ་འགའ་སྣང་ཡང་། རེ་ཞིག་འདི་འཐད་པར་མངོན་ནོ། །

དེ་དག་གི་འཇུག་ཚུལ་སྤྱིར་བཤད་པ།

 

གཉིས་པ་དེའི་འཇུག་པ་རྒྱས་པར་པཤད་པ་ལ། དྲི་བས་མཚམས་སྦྱར་བ་དང་། ལན་གྱིས་རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་དྲི་བས་མཚམས་སྦྱར་བ་ནི། དེ་ལྟར་རྗེས་འཇུག་གི་ཡི་གེ་རྟགས་ཀྱིས་ངེས་པར་བྱས་ནས། དེ་ཡང་སྔར་སྔོན་འཇུག་གི་སྐབས་སུ་བཤད་པ་བཞིན་བྱེད་པ་བཞི་བྱེད་དེ། ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། ངོ་བོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་དང་། དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་པ་རྣམས་སོ། །

གཉིས་པ་ལན་གྱིས་རྒྱས་པར་བཤད་པ་ལ་བཞི། གང་ལ་འཇུག་པ་བཤད། གང་གིས་འཇུག་པ་བཤད། ཇི་ལྟར་འཇུག་པ་བཤད། ཅི་ཕྱིར་འཇུག་པ་བཤད་པའོ། །

 

གང་ལ་འཇུག་པ་བསྟན་པ།

 

དང་པོ་གང་ལ་འཇུག་པ་བཤད་པ་ནི། རྗེས་འཇུག་བཅུ་པོ་ཡི་གེ་གང་ལ་འཇུག་པར་བྱེད་ཅེ་ན། སྔོན་འཇུག་དང་མི་འདྲ་བར་ཡི་གེ་ཐམས་ཅད་ལ་རྗེས་སུ་འཇུག་པར་བྱེད་ཅེས་པའོ། །

 

གང་གིས་འཇུག་པ་བཤད་པ།

 

གཉིས་པ་གང་གིས་འཇུག་པ་བཤད་པ་ནི། འཇུག་བྱེད་ཡི་གེ་གང་ཞིག་གིས་ཞེ་ན། རྗེས་འཇུག་བཅུ་པོ་དེ་དག་འཇུག་གི་གཞན་གྱིས་མ་ཡིན་ཞེས་པའོ། །

 

ཇི་ལྟར་འཇུག་པ་སྤྱིར་བཤད་པ།

 

གསུམ་པ་ཇི་ལྟར་འཇུག་པ་ལ་རྣམ་པ་གཉིས་ཡིན་ཏེ། སྒྲས་འཇུག་ཚུལ་དང་། དོན་གྱིས་འཇུག་ཚུལ་ལོ། །

སྒྲས་འཇུག་ཚུལ་ལས་དྲག་ཞན་སྤྱིའི་འཇུག་ཚུལ་བཤད་པ།

 

དང་པོ་སྒྲས་འཇུག་ཚུལ་ལ། དྲག་ཞན་སྤྱིའི་འཇུག་ཚུལ་བཤད། ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད། མ་ནིང་གིས་འཇུག་ཚུལ་རྒྱས་པར་བཤད་པ་དང་གསུམ་གྱི་དང་པོ་དྲག་ཞན་སྤྱིའི་འཇུག་ཚུལ་བཤད་པ་ནི། རྗེས་འཇུག་བཅུའི་ནང་ནས་ཕོ་ད་བ་ས་གསུམ་དང་། མོ་ལ་མོ་ཙམ་འ་དང་ཤིན་ཏུ་མོ་ར་སྟེ་གཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་ག་ང་ན་གསུམ་དང་མཚན་གཉིས་པ་མ་དང་། མ་ནིང་མཚན་མེད་ལ་ཡིག་སྟེ། དེ་ལྟར་གསུམ་ཡོད་པའི་ཕོ་ཡིག་རྣམས་སྒྲ་གདངས་དྲག་པོའི་ཚུལ་དང་། མོ་ཡིག་རྣམས་ཞན་པའི་ཚུལ་དང་། མ་ནིང་རྣམས་བར་མའི་ཚུལ་ཏེ། དེ་ལྟར་དྲག་ཞན་བར་མ་རྣམ་པ་གསུམ་དུ་འཇུག་གོ།

 

ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད་པ།

 

གཉིས་པ་ནང་གསེས་ཞིབ་ཏུ་འཇུག་ཚུལ་བཤད་པ་ནི། སྔོན་འཇུག་དང་མིང་གཞི་དང་རྗེས་འཇུག་གསུམ་ག་ཕོ་ཡིག་ཡིན་པ་ནི། དྲག་པ་གསུམ་ཉིད་ནང་ཕྲད་པ་སྟེ། དཔེར་ན། བཀས་བཅད། བསད་ཅེས་པ་དྲག་པའི་དྲག་པོར་ཤེས་པར་བྱ་ལ། གལ་ཏེ་སྔོན་འཇུག་དང་མིང་གཞི་དང་རྗེས་འཇུག་གསུམ་ག་མོ་ཡིག་ཡིན་པ་ནི་ཞན་པ་ནང་ཕྲད་པ་སྟེ། དཔེར་ན། འགང་འཚལ་ཞེས་པ་ལྟ་བུ་སྒྲ་ཞན་པའི་ཞན་པར་ཤེས་པར་བྱ་ཞིང་། དེ་བཞིན་དུ་བཤད་མ་ཐག་པ་དེ་དག་ལ་ནང་གི་ཆ་ཤས་ཡི་གེ་དྲག་ཞན་གྱིས་དེ་དག་སོ་སོ་ལ་ཡང་། དྲག་པའི་དྲག་པ། དྲག་པའི་ཞན་པ། ཞན་པའི་དྲག་པ། དྲག་པའི་ཞན་པ་ཞེས་དྲག་ཞན་གཉིས་སུ་དབྱེ་བར་བྱའོ། །

 

མ་ནིང་གིས་འཇུག་ཚུལ་རྒྱས་པར་བཤད་པ།

 

གསུམ་པ་མ་ནིང་གིས་འཇུག་ཚུལ་རྒྱས་པར་བཤད་པ་ནི། རྗེས་འཇུག་གི་མ་ནིང་ལ་སོགས་པ་གསུམ་དུ་གང་གཏོགས་པ་དེ་དག་གི་སྒྲའི་འཇུག་ཚུལ་ལས། ཐོག་མར་འགྱུར་བ་མ་ནིང་ག་ང་ན་གསུམ་ནི་ཕོ་ཡིག་དྲག་པོ་རྣམས་དང་ཕྲད་ན་དྲག་པར་ཏེ་ཕོ་ཡིག་ཏུ་འགྱུར་ཏེ། རྟག་པ། རྐང་པ། སྟོན་པ་ལྟ་བུའོ། །ཞན་པ་མོ་ཡིག་རྣམས་དང་ཕྲད་ན། ཞན་པ་འགྱུར་ཏེ་མཉམ་པར་འཇོག་གོ། མཐོང་ངོ་། །ཡིན་ནོ། །ལྟ་བུའོ། །དེའི་ཕྱིར་འགྱུར་བ་མ་ནིང་ཞེས་བྱའོ། །མ་ནིང་མཚན་གཉིས་པ་མ་ཡིག་ནི་དྲག་ཞན་གཉིིས་ཀ་དང་ནི་ཕྲད་གྱུར་ན་ཞེས་པ། ཡེ་ཤེས་པ་བསྟིམས། རྐང་པ་བསྟུམས། བརྩོན་འགྲུས་བརྩམས་ལྟ་བུ་མ་ཡིག་སྟེ། ས་དང་ར་ནི་མོ་ཡིག་དང་ཀ་ཏ་བ་རྣམས་ཕོ་ཡིན་པ་གཉིས་ཀ་ཕྲད་པའོ། དེ་ནི་གཉིས་ཀ་ཅན་དུ་འགྱུར་ཞེས་པ། ཕོ་མོ་གཉིས་ཀའི་རྟགས་ཅན་དུ་འགྱུར་ཏེ། མ་ནིང་མཚན་གཉིས་པ་སྐྱེས་པ་དང་བུད་མེད་གཉིས་ཀའི་མཚན་དང་ལྡན་པ་བཞིན་ནོ། །མ་ནིང་མཚན་མེད་ལ་ཡིག་ནི་དྲག་ཞན་གཉིས་ཀ་དག་དང་མ་ཕྲད་ན། གང་དུ་ཡང་མི་འགྱུར་ཏེ། ཕྱག་འཚལ། མཁལ་མ་དང་། ཐལ་མོ་དང་། འཚལ་བ་སོགས་མ་ནིང་དང་ཕྲད་པས་དྲག་ཞན་གཉིས་ཀའི་རྟགས་མེད་པ་སྟེ། མ་ནིང་མཚན་མེད་པ་ཕོ་མོའི་རྟགས་མེད་པ་བཞིན་ནོ། །རྒྱུ་མཚན་དེས་ན་རྗེས་འཇུག་གི་མ་ནིང་ལ་འགྱུར་བ་མ་ནིང་དང་། མ་ནིང་མཚན་གཉིས་པ་དང་། མཚན་མེད་མ་ནིང་སྟེ་གསུམ་དུ་འདོད་དོ། །དེ་དག་ནི་རྗེས་འཇུག་བཅུའི་སྒྲའི་འཇུག་ཚུལ་ལོ། །

 

དོན་གྱིས་འཇུག་ཚུལ་ལས་སྔ་མ་གང་ལྟར་འགྱུར་བ་བཤད་པ།

 

གཉིས་པ་དོན་གྱི་འཇུག་ཚུལ་ནི་རྣམ་པ་གཉིས་ཡིན་ཏེ། སྔ་མ་གང་ལྟར་འགྱུར་བ་བཤད་པ་དང་། ཕྱི་མ་གང་ལྟར་འགྱུར་བ་བཤད་པའོ། །

དང་པོ་མ་ནིང་གིས་འཇུག་ཚུལ་རྒྱས་པར་བཤད་པ་ནི། རྗེས་འཇུག་བཅུའི་དོན་གྱི་འཇུག་ཚུལ་ཡང་མིང་ངམ་ཚིག་སྔ་མ་གང་ལྟར་འགྱུར་པ་ནི། སྔར་སྔོན་འཇུག་ལྔའི་སྐབས་སུ། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་བཤད་པ་བཞིན་སྦྱར་པར་བྱའོ། གལ་ཏེ་འདིར་འགའ་ཞིགསྔ་མ་སྔོན་འཇུག་སྔར་བཞིན་སྦྱར། །ཞེས་པ་ནི་ཚུལ་ཇི་ལྟར་འཇུག་པ་སྔར་སྔོན་འཇུག་གི་སྐབས་སུ། ཕོ་ནི་དྲག་པའི་ཚུལ་གྱིས་ཏེ། ཞེས་སོགས་བཤད་པ་བཞིན་སྦྱར་བར་བྱ་ཡིན་ཞིང་འདས་དང་གཞན་བསྒྲུབ་ཅེས་སོགས་ནི་སྔོན་འཇུག་གི་ཅི་ཕྱིར་འཇུག་པ་བཤད་པའི་སྐབས་ཡིན་པས་འདིར་མ་འབྲེལ་ཞིང་། རྗེས་འཇུག་གི་ཅི་ཕྱིར་འཇུག་པ་འོག་ནས་སྟོན་པས་སོ་སྙམ་དུ་དོགས་པར་གྱུར་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། གཞུང་འདིར་སྔོན་འཇུག་དང་རྗེས་འཇུག་གཉིས་ཀ་འཆད་པའི་སྐབས་སུ། དེ་ཡང་བྱེད་པ་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཅེས་བཞི་བཞིའི་སྒོ་ནས་སྟོན་པར་འདྲ་ཡང་ཁྱད་པར་ཅུང་ཟད་ཡོད་དེ། སྔོན་འཇུག་ཇི་ལྟར་འཇུག་པའི་ཚུལ་འཆད་པ་ན། སྒྲའི་འཇུག་ཚུལ་གཙོ་བོར་བྱས་ནས། ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །ཞེས་སོགས་བཤད་ཅིང་དོན་གྱི་འཇུག་ཚུལ་དང་ཅི་ཕྱིར་འཇུག་པར་བྱེད་པ་ཐུན་མོང་དུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་གསུངས་སོ། །རྗེས་འཇུག་གི་སྐབས་སུ་ནི་ཇི་ལྟར་འཇུག་པའི་ཚུལ་ལ་སྒྲའི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་སུ་ཕྱེ་ནས། སྒྲའི་འཇུག་ཚུལ་ཕོ་མོ་མ་ནིང་ལ་སྦྱར་བ་ནང་གསེས་ཀྱི་དབྱེ་བ་དང་བཅས་པ་རྒྱས་པར་བཤད་ཅིང་། དོན་གྱི་འཇུག་ཚུལ་སྔོན་འཇུག་ལ་ག་འཕངས་ནས་ཅི་ཕྱིར་འཇུག་པ་ནི་སྔོན་འཇུག་དང་རྗེས་འཇུག་གཉིས་ཀའི་ཐུན་མོང་བའི་དོན་སྟོན་པར་བྱེད་པ་ཡི་གེ་བཅུ་པོ་འདི་ལ་རག་ལས་སོ། །ཞེས་པ་ཙམ་སྟོན་པར་བྱེད་པའི་ཕྱིར་དང་། སྒྲའི་འཇུག་ཚུལ་བཤད་མ་ཐག་པའི་རྗེས་སུ་ཡང་། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། །ཞེས་པ་ལ་ཕོ་ནི་དྲག་པའི་ཚུལ་གྱིས་ཞེས་སོགས་སྒྲའི་འཇུག་ཚུལ་ཟློས་པའི་སྐྱོན་དང་། དོན་གྱིས་འཇུག་ཚུལ་ཆད་པའི་སྐྱོན་དུ་འགྱུར་བ་དང་། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པ་ལ་སོགས་པར། ཆུ་བཀགཤིང་བཅད། དུམ་བུར་བཀས། ཞེས་སོགས་སྔོན་འཇུག་གི་བ་ཡིག་གི་ནུས་པར་མ་ཟད། རྗེས་འཇུག་གི་ཕོ་ཡིག་ད་བ་ས་རྣམས་ཀྱི་བྱེད་པར་ཡང་ཤིན་ཏུ་སྣང་བའི་ཕྱིརརོ། །

 

ཕྱི་མ་གང་ལྟར་འགྱུར་བ་སྤྱིར་བཤད་པ།

 

གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་བཤད་པ་ལ། དྲག་ཞན་སྒྲ་མཐུན་འདྲེན་པའི་ཚུལ། རྣམ་དབྱེ་སྔ་ཤུགས་ལ་འདྲེན་པའི་ཚུལ། དེའི་ནང་གསེས་བྱ་བའི་ཚུལ་དང་གསུམ་ལས།

དྲག་ཞན་སྒྲ་མཐུན་འདྲེན་པའི་ཚུལ་བཤད་པ།

 

དང་པོ་དྲག་ཞན་སྒྲ་མཐུན་འདྲེན་པའི་ཚུལ་ནི། རྗེས་འཇུག་གི་ཡིག་གེ་བཅུ་པོ་ཞུགས་པའི་རྗེས་སུ་དོན་གསལ་བར་བྱེད་པའི་ཚིག་ཕྲད་དང་། རྣམ་དབྱེ་ཕྱི་མ་དག་གི་འདྲེན་ཚུལ་ནི། ཕོ་ཡིས་ཏེ་མིང་གཞིའི་ཕོ་ཀ་ཅ་ཏ་པ་རྣམས་ཀྱིས་རྗེས་འཇུག་ཕོ་ཡི་མིང་མཐའ་འདྲེན་ཏེ། ད་བ་ས་གསུམ་ཞུགས་པ་དྲང་བར་བྱ་སྟེ། དཔེར་ན། སྟོན་ཀདཔྱིད་ཀཐད་ཀལན་ཅིགསྐད་ཅིགཐབས་ཅིགབསད་དེ། གྱུར་ཏེ། བཅས་ཏེ་དང་། བསད་པ། བཏབ་པ། བཀས་པ་རྣམས་ལྟ་བུའོ། །མིང་གཞིའི་མོ་མ་ཡིག་རྗེས་འཇུག་གི་མི་ཡི་མིང་མཐའ་སྟེ་འ་ར་གཉིས་ཀྱིས་མིང་མཐའ་ཅན་དྲང་བར་བྱ་སྟེ། དགའ་མ། ཟར་མ་ཞེས་པ་ལྟ་བུའོ། །རྗེས་འཇུག་གི་མ་ནིང་ག་ལྟ་བུ་དག་གིས་ནི་རྗེས་འཇུག་གི་མ་ནིང་ག་ང་ན་མ་ལ་རྣམས་ཞུགས་པའི་མིང་མཐའ་དྲང་བར་བྱ་སྟེ། དཔེར་ན། བདག་གིདྲུང་གིལྷས་བྱིན་གྱི། གཏམ་གྱིས་སྦྱོར་བ། དལ་གྱིས་བྱ་བ་ཞེས་པ་ལྟ་བུའོ། །སྔར་སུམ་ཅུ་པར་རྣམ་དབྱེ་དྲུག་པའི་སྒྲ་མཐུན་སྦྱོར་བའི་ཆ་ནས་དང་འདིར་རྗེས་འཇུག་གི་སྒྲ་མཐུན་སྦྱོར་བའི་ཆ་ཤས་ནས་སྦྱར་བའོ། །

 

རྣམ་དབྱེ་སྔ་ཤུགས་འདྲེན་པའི་ཚུལ་བཤད་པ།

 

གཉིས་པ་རྣམ་དབྱེ་སྔ་ཤུགས་ལ་འདྲེན་པའི་ཚུལ་ནི་བཤད་མ་ཐག་པའི་མིང་མཐའ་དེ་དག་ཉིད་ཀྱིས་ཀྱང་ནི་མིང་མཐའ་དེ་ཉིད་རང་གི་སྒྲ་དང་མཐུན་པའི་རྣམ་དབྱེ་རྣམས་འདྲེན་ཏེ། རྣམ་དབྱེ་དང་པོ་ཆོས་དངོས་ཏེ་ངོ་བོ་ཙམ་བརྗོད་པ། སངས་རྒྱས། སེམས་ཅན། ཀ་བ། བུམ་པ། སྣམ་བུ། རེ་ལྡེ་ཞེས་པ་ལ་སོགས་པ་མིང་རྐྱང་པ་རྣམས་དང་། གཉིས་པ་ལས་སུ་བྱ་བ་སྟེ། ཤིང་ལ་འཛེགས། ས་ལ་འབབ། ཤར་ཕྱོགས་སུ་འགྲོ། སངས་རྒྱས་སུ་འགྱུར། ཞེས་སོགས་ཀྱི་ལ་དང་སུ་ལ་སོགས་པ་རྣམ་དབྱེའི་སྒྲ་ཡིན་པ། སྔར་ལ་དོན་སུ་རུ་དུ་ཞེས་སུམ་ཅུ་བར་དཔེར་བརྗོད་པ་རྣམས་དང་། རྣམ་དབྱེ་གསུམ་པ་བྱེད་པ་ནི་སྟ་རེ་ཤིང་བཅད། ལྷས་བྱིན་གྱིས་ཟས་ཟོས་སོགས་ཀྱི་སྒྲ་དང་། རྣམ་དབྱེེ་བཞི་པ། ཡང་དག་པར་རབ་ཏུ་སྦྱིན་པ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་དང་། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །ཞེས་པ་དང་། སེམས་ཅན་ཀུན་ལ་སྨད་སླད་དུ། །ཞེས་དང་། སངས་རྒྱས་ཀུན་ལ་བསྙེན་བཀུར་བྱས། །ཞེས་སོགས་ཀྱི་ཕྱིར་དང་། སླད་དང་། ལའི་སྒྲ་རྣམས་དང་། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ནི། སངས་རྒྱས་ལས་ཆོས་ཆོས་ལས་འཕགས་པའི་ཚོགས། །ཞེས་དང་། རི་དབང་རྩེ་ནས་གང་ཞིག་ལྷུངས་གྱུར་པ། །ཞེས་དང་། འདམ་རྫབ་མེད་པར་འདམ་ལས་སྐྱེས་པ་འབྱུང་། །ཞེས་སོགས་ཀྱི་ནས་དང་ལས་ཀྱི་སྒྲ་རྣམས་དང་། དྲུག་པ་འབྲེལ་བ་ནི། ཤིང་གི་ཡལ་གཁྱོད་ཀྱི་ལག་པ། གཏན་གྱི་འདུན་མ། རི་ཡི་རྩེ་མོ། དེ་བཞིན་གཤེགས་པའི་དབུ། ཞེས་པ་ལྟ་བུའི་གི་གྱི་ཀྱི་འི་ཡི་རྣམས་དང་། བདུན་པ་གནས་གཞི་ནི། ཤིང་ལ་བྱ་གནས། ས་འོག་ན་ཀླུ་ཞེས་སོགས་ཀྱི་ན་དང་། ལའི་སྒྲ་རྣམས་དང་། རྣམ་དབྱེ་དང་པོ་ཉིད་དོན་དེ་མངོན་དུ་ཕྱོགས་པར་བྱ་བའི་ཕྱིར་སྦྱར་བ། བོད་པའི་སྒྲ་ཡང་དྲང་པར་བྱ་སྟེ། ཀྱེ་རྒྱལ་བའི་སྲས་དག་ཅེས་པ་ལྟ་བུ་རྣམས་དང་གཞན་ཡང་རྗེས་འཇུག་བཅུ་པོ་ལ་ཨོ་ཡིག་སྦྱར་བ་སླར་བསྡུ་བའི་སྒྲ། རྟོག་གོ། ཡོད་དོ། །སོགས་དང་། ལ་དོན་སུ་ལ་ཨུ་ཕྱིས་ནས། ཞེས་པའི་སྐབས་སུ་བཤད་པའི་ལྷག་བཅས་ཀྱི་སྒྲ་སྟེ་ཏེ་དེ་ཞེས་པ་རྣམས་དང་། རྗེས་འཇུག་ཡི་གེ་བཅུ་པོ་ལ་དྲུག་པ་སྦྱར་བ་འབྱེད་སྡུད་ཀྱི་སྒྲའི་ཞེས་པ་ལ་སོགས་པ་དང་ནིའི་སྒྲ་ལྟ་བུ་ངེས་གཟུང་ངམ་བསྣན་པ་དང་། བདག་པོའི་སྒྲ་རྟ་པ་དང་གསེར་པ་སོགས་པུ་ལིངྒའི་རྟགསསུ་བཤད་པ་རྣམས་དང་། དགག་པའི་སྒྲ་གཟུགས་མེད་སོགས་དང་། མ་རིག་པ་སོགས་སྔར་སྟྲཱི་ལིངྒའི་རྟགས་སུ་བཤད་པ་རྣམས་དང་། དགག་པའི་སྒྲ་མེད་པའི་བསྒྲུབ་པ་དང་། ཡོད་ཀྱང་ལྟ་བུའི་ཚིག་གི་རྒྱན་དང་། དུས་འདས་མ་འོངས་པ་ལ་འཇུག་དེ་ཞེས་པ་ལ་སོགས་པ་དེ་དག་མིང་སྔ་མའི་ཤུགས་ཀྱིས་ཚིག་ཕྲད་དང་རྣམ་དབྱེ་སྒྲ་ཕྱི་མ་དག་འདྲེན་པས་སྒྲ་དྲག་ཞན་རྗེས་སུ་མཐུན་པ་དག་གིས་དོན་གསལ་བར་བྱེད་པ་འབྱུང་བ་ཡིན་ནོ། །

 

དེ་དག་གི་ནང་གསེས་གང་ལ་འཇུག་པ་བཤད་པ།

 

གསུམ་པ་དེའི་ནང་གསེས་བྱ་བའི་ཚུལ་ནི། བཤད་མ་ཐག་པ་དེ་དག་གིས་ནང་གསེས་གང་ལ་འཇུག་པ། དེས་དེ་དག་ནང་གསེས་རྣམ་པར་དབྱེ་ཞེས་སྦྱར་ཏེ་ཇི་ལྟར་ཞེ་ན། མིང་མཐར་སྦྱར་བའི་ཚིག་ཟླ་བོ་འོག་མའི་མིང་དོན་ལས། དོན་གྱི་ཁྱད་པར་གསལ་བྱེད་ཀྱི་སྒྲ་སྤྱི་འཇུག་ཅེས་པ་སྤྱི་ལ་ཁྱབ་པའི་སྒྲ་གང་ཞེས་པ་ལྟ་བུ་ཡོད་དམ་སྟེ། ཡོད་པར་གྱུར་ན་དེ་ཡིས་དེ་ཞེས་པའི་སྒྲ་འདྲེན་པར་བྱེད་ལ། རྣམ་དབྱེ་གསུམ་པ་བྱེད་པའི་སྒྲ། གིས་གྱིས་ཀྱིས་ལ་སོགས་པ་ཡོད་ན། དེས་བྱས་པའི་སྒྲ་འདྲེན་པ་དང་། དེ་བཞིན་དུ་བཞི་པ་ཆེད་བྱེད་ཀྱི་སྒྲ་དང་། རྟེན་བྱེད་བདུན་པ་གནས་གཞིའི་སྒྲ་དང་། གཉིས་པ་ལས་སུ་བྱ་བ་དང་། བླང་བྱ་སྟེ་ལྔ་བ་འབྱུང་ཁུངས་དང་། བསྒྲུབ་པར་བྱ་བ་དྲུག་པ་འབྲེལ་བ་སྟེ། ཤིང་གི་ཡལ་ག་ཞེས་པར། ཡལ་ག་དེ་ཤིང་གི་ཡིནཔར་བསྒྲུབ་པར་བྱ་བ་ལྟ་བུ་དང་། མིང་དེའི་སྔོན་དུ་བོད་པའི་སྒྲ་ཀྱེ་ཞེས་པ་ལྟ་བུ་གནས་པའམ་གཞན་ཡང་ཚིག་དོན་འོག་མ་ལས་གོང་མའི་ངག་དོན་ལྷག་མ་བསྡུ་རྒྱུ་ཡོད་པ་དཔེར་ན། གཟུགས་ནས་ཞེས་པས་རྣམ་མཁྱེན་ཞེས་པ་སྡུད་པ་དང་། ཕྱག་འཚལ་ནས་ཞེས་པས་བཤད་པར་བྱ་ཞེས་པ་ལྟ་བུ་དང་བསྡུ་རྒྱུ་མེད་པ་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་པ་ལྟ་བུ་དང་། ཚིག་དོན་གོང་མ་ལས་ཀྱང་ངག་དོན་ཕྱི་མ་དང་བསྡུ་རྒྱུ་ཡོད་པ་སྔ་མ་དེ་བཞིན་ཏེ་ཇི་སྙེད་ཀྱི་དེ་སྙེད་འདྲེན་པའམ། ཇི་སྙེད་ཅེས་པ་དེ་སྙེད་ལ་བསྙེགས་པ་དང་། དེ་བཞིན་དུ། གང་ཕྱིར་དང་དེ་ཕྱིར་ཇི་ལྟར་དང་དེ་ལྟར་གང་དག་དང་དེ་དག་ལ་སོགས་པ་ངག་དོན་ཕན་ཚུན་བསྡུ་རྒྱུ་ཡོད་པ་དང་། རྣམ་གྲངས་དག་གང་གི་བཀོད་པ་ལ། །བསྐྱར་བ་ཡོད་དམ་མེད་པ་ལ། །ཞེས་མིང་གི་རྣམ་གྲངས་ཀྱི་སྒྲ། རྒྱས་པ་དང་། དབྱེ་བ་དང་། གསལ་བ་སོགས་བཀོད་པས། དོན་ལ་བསྐྱར་བ་ཡོད་ཀྱང་ཚིག་ལ་བསྐྱར་བ་མེད་པ་དང་། ཚིག་ལ་བསྐྱར་བ་ལེགས་སོ་ལེགས་སོ་ཞེས་པ་ལ་སོགས་པ་ངོ་མཚར་བ་དང་། དགའ་བ་དང་། སྨད་པ་དང་། བརྩེ་བ་ལ་སོགས་པ་ལ་འཇུག་པ་ཟློས་ཀྱང་ཟློས་པའི་སྐྱོན་མེད་པ་དང་། མེ་ཏོག་གཏོར། རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་ཞེས་པ་དང། དགའ་ཞིང་མགུ་ལ་རངས་པ་ཞེས་པ་དང་། འུར་འུར་རབ་ཏུ་འུར་འུར་ཀུན་ཏུ་རབ་ཏུ་འུར་འུར་ཞེས་སོགས་ནི། ཆུང་ངུ་དང་འབྲིང་དང་། ཆེན་པོའི་དབྱེ་བས་ཟློས་པའི་སྐྱོན་མེད་པ་ལྟ་བུ་དང་། རྟ་པ་དང་། གསེར་པ་སོགས་ཕོ་སྒྲ་པུ་ལིངྒ་དང་ནི་གཟུགས་མེད་སོགས་དགག་པའི་མོ་སྒྲ་སྟྲཱི་ལིངྒ་དགམིང་གི་མཐའ་ན་ཡོད་མེད་དང་། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ཞེས་པའི་སྐབས་སུ་བཤད་པའི་ཀྱང་དང་འང་དང་། ཉེ་སྒྱུར་སམ་དང་། པ་རི་དང་། བི་དང་། ནི་ར྄་ལ་སོགས་ཚིག་གི་རྒྱན་དུ་གྱུར་པ་རྣམས་ལ་ཡང་དོན་ལ་བསྙེགས་པ་ཡོད་པ། དཔེར་ན། བསུང་ལྡན་རྣམས་ཀྱང་ཡོངས་སུ་རྒྱས། །བུང་བ་ཡང་ནི་དགའ་བ་འཕེལ། །སྐྱེད་མོས་ཚལ་དེའང་ལྷ་གནས་བཞིན། །ཞེས་པ་ལྟ་བུ་རྒྱན་སྡུད་གཉིས་ཀ་ཡིན་པ་དང་། དོན་ལ་བསྙེགས་པ་མེད་པའི་རྒྱན། ཤིན་ཏུ། རབ་ཏུ། ཀུན་ཏུ། རྣམ་པར་ངེས་པར་སོགས་ཀྱི་སྒྲ་ཉིས་འབྲེལ་དང་གསུམ་འབྲེལ་ཅན་ག་ཅིག་ཡིན་ཏེ། དོན་ལ་ལྷག་པར་བསྙེགས་པ་མེད་པ་རྣམས་ནི་ཚིག་གི་ལྷད་ཀྱིས་བསྟན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིང་། ཞེས་སྒྲ་སྦྱོར་བམ་པོ་གཉིས་པ་ལས་གསུང་ཏེ། དཔེར་ན། ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ཞེས་པའི་སྐད་དོད་ལ། བིནིར྄ཡུཀྟ་རྣམ་པར་ངེས་པར་གྲོལ་བ་ཞེས་པར་ཡོད་ཀྱང་ངེས་པར་ཞེས་པ་རྒྱན་ཡིན་གྱི་དོན་ལ་བསྙེགས་པ་མེད་པ་ལྟ་བུ་དང་། བསྟན་བྱ་ལྷག་མ་ཡོད་པ་སྟེ་དང་དེ་ཏེ་རྣམས་ལྷག་བཅས་ཀྱི་སྒྲ་དང་། ལྷག་མ་མེད་པ་སླར་བསྡུ་རྫོགས་པ་སོགས་ཚིག་དང་། སྐབས་ཀྱི་བརྗོད་བྱའི་ཚིག་དོན་རྫོགས་པ་དང་མ་རྫོགས་པ་སོགས་ཀྱི་རྗེས་འཇུག་དེ་དག་གིས་ནང་གསེས་ཀྱི་བརྗོད་བྱ་ཕྲ་རགས་ཀྱི་འཇུག་བའི་རྣམ་དབྱེ་རྒྱ་ཆེར་རྟོགས་པར་བྱའོ། །

 

ཅིའི་ཕྱིར་འཇུག་པ་སྤྱིར་བསྟན་པ།

 

བཞི་པ་ཅི་ཕྱིར་འཇུག་པ་བཤད་པ་ལ། འཕྲོས་དོན་ཡི་གེའི་འཇུག་པ་སྤྱིར་བཤད་པ་དང་། སྐབས་ཀྱི་གཞུང་ལུགས་ཀྱི་ཚིག་འབྲུ་དབྱེ་སྟེ་བཤད་པ་གཉིས་ཀྱི་དང་པོ་འཕྲོས་དོན་ཡི་གེའི་འཇུག་པ་སྤྱིར་བཤད་པ་ནི།

 

ཡི་གེ་སྤྱིའི་འཇུག་པ་བཤད་པ།

 

སྤྱིར་ཡི་གེས་དོན་སྟོན་པ་ནི་ཡི་གེ་འཇུག་པའི་གནས་བརྒྱད་ལ་བརྟེན་པ་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། སྒྲ་དང་སྐད། མིང་དང་མཚན་མ། བརྡ་དང་ཐ་སྙད། ཚིག་དང་དོན་རྣམས་སོ། དེ་ལ་སྒྲ་ནི་འདིར་ཟིན་པའི་སྒྲ་སེམས་ཅན་དུ་སྟོན་ཅིང་ལུང་སྟོན་པའོ། །སྐད་ནི་ལེགས་པར་སྦྱར་བ་དང་། རང་བཞིན་དང་། ཟུར་ཆག་དང་། ཤ་ཟའི་སྐད་དེ་བཞི་ལས། གངས་ཅན་པའི་སྐད་ནི་ཟུར་ཆག་ཏུ་འདོད་དེ། སློབ་དཔོན་དཎྜཱིའི་མེ་ལོང་དུ། བ་ལང་རྫི་ལ་སོགས་པའི་ཚིག། སྙན་ངག་ལ་ཟུར་ཆག་ཅེས་གནས། །བསྟན་བཅོས་རྣམ་ལ་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་ཉིད་དུ་འདོད། །ཅེས་པའོ། །འོ་ན། ལེགས་སྦྱར་ལ་སོགས་པའི་སྐད་རིགས་བཞི་པོ། འཕགས་ཡུལ་ཁོ་ནའི་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱིས། འོན་ཀྱང་ཡི་གེ་འཇུག་པའི་གནས་ཀྱི་སྐད་ལ་ལེགས་སྦྱར་ལ་སོགས་པ་བཞི་ལས་མ་བཤད་པ་དང་། དཎྜཱིའི་ལུང་གི་ལེགས་སྦྱར་ལས་གཞན་པ་ཟུར་ཆག་ཏུ་གྲུབ་པ་དང་། བོད་དང་རྒྱ་ནག་ལ་སོགས་པའི་ཡུལ་ཆེན་པོའི་སྐད་དུ་ཡང་། སྡུད་པ་པོ་རྣམས་ཀྱིས་གསུང་རབ་བསྡུས་པར། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གསུངས་པའི་རིགས་པས། ལེགས་སྦྱར་ལས་གཞན་པའི་ཡུལ་སྣ་ཚོགས་པའི་སྐད་གསུང་རབ་ལ་འཇུག་པའི་སྐད་ཐམས་ངད་ཟུར་ཆག་ཏུ་མངོན་ནོ། །མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས། ཆོས་མངོན་པའི་ལུགས་ཀྱི་ཡི་གེ་འདུས་པའི་བདག་ཉིད་ཅན་དང་། བརྡ་སྤྲོད་པའི་ལུགས་ཀྱི་རྣམ་དབྱེའི་མཐའ་ཅན། དཔེར་ན། ཀ་བ། བུམ་པ། ས། ཆུ། མེ། རླུང་། བ་ལང་། སེང་གེཞེས་པ་ལྟ་བུ་ལ་སོགས་པ་སྟེ། དེ་ལྟར་བརྗོད་པས་དོན་ལ་བློ་གཞོལ་བར་བྱེད་པས་ནཱམ་སྟེ་མིང་ཞེས་བྱ་ལ། དོན་དེ་མཚོན་པར་བྱེད་ཅིང་སྣང་བར་ནུས་པའི་ཆ་ནས་མཚན་མ་ཞེས་བྱ་སྟེ། མིང་དང་མཚན་མ་ནི་དེ་ལྟ་བུའོ། །དེ་ལ་བརྡ་ནི། མིང་དང་མིང་ཅན་འབྲེལ་བར་བྱེད་པ། སྒྲ་དང་དོན་གྱིས་སྤྱིའི་རྣམ་པ་ཅན་སྨྲ་བར་བྱེད་པའི་དུས་ཅན་གྱི་བདག་ཉིད། དཔེར་ན། ཤིང་ཞེས་པའི་མིང་དེ། མིང་ཅན་ཡལ་ག་ལོ་མ་ཅན་དེའི་རིགས་དང་རྟོགས་པས་གཅིག་ཏུ་སྦྲེལ་བར་བྱེད་དེ། སྨྲ་བ་པོས་ཤིང་ཞེས་བརྗོད་པ་ན། ཉན་པ་པོ་དང་སྨྲ་བ་པོ་གཉིས་ཀའི་རྟགས་ཡུལ་དུ་ཤིང་གི་རྣམ་པ་དོན་སྤྱིར་འཆར་ཞིང་། ངག་དེ་ཐོས་པ་ལས་ཤིང་རང་མཚན་པ་དངོས་ལ་ཐ་སྙད་འདོར་ལེན་བྱེད་པ་ཡིན་ནོ། །ཐ་སྙད་ནི། དངོས་ལ་ཐ་སྙད་མེད་པ། འཇུག་ལྡོག་བྱེད་པའི་ཕྱིར་ནམ་གྱིས་བཏགས་པ་སྟེ། གདུང་འདེགས་ཀྱི་ཤིངལ་ཀ་བ་ཞེས་བཏགས་པ་ལྟ་བུ་དང། འདི་ཡང་བཏགས་པའི་ཤེས་པ་དང་། བརྗོད་པ་དང་འཇུག་པར་བཅས་པ་སྟེ་འདི་ཀ་བ་ཡིན་ནོ་སྙམ་པའི་ཤེས་པ་ནི་བཏགས་པའི་ཤེས་པ་དང་། ཀ་བ་ཞེས་པའི་སྒྲར་བརྗོད་པ་ནི་བརྗོད་པ་དང་། ཀ་བ་ཡིན་པས་ཁང་ཁྱིམ་བྱེད་པར་བརྩོན་པ་ནི་འཇུག་པ་སྟེ། དེ་ལྟར་ན་བརྡ་ནི། དོན་དེ་ལ་ཐ་སྙད་བྱ་བའི་ཕྱིར་ཐོག་མར་མིང་དུ་བཏགས་པ་སྟེ། གོ་བར་བྱེད་པ་དང་སྨྲ་བར་བྱེད་པའི་དུས་ཅན་ནོ། །ཐ་སྙད་ནི་འཇུག་པར་བྱེད་པའི་བདག་ཉིད་ཅན་ནོ། །རིགས་པའི་གཏེར་ལས། ཡལ་ག་ལོ་མ་ལྡན་མཐར་གང་ནས། །དེ་ལ་ཤིང་གི་བརྡ་འདོགས་པ། །བརྡ་དེ་རིགས་ལ་སྦྱོར་བར་བྱེད། །རིགས་དེ་གཞན་སེལ་ལས་གཞན་མིན། །ཞེས་དང་། ཚད་མ་རྣམ་འགྲེལ་ལས། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །དེ་ཚེ་ངང་གི་མཚན་ཉིད་མེད། །དེས་ན་དེ་ལ་བརྡར་མ་ཡིན། །ཞེས་གསུངས་སོ། །དེས་ན་མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་དང་། དེའི་དོན་དེའི་ངོ་བོ་ཙམ་བརྗོད་པའི་ཆ་ནས་མིང་དང་། དོན་དེ་མཚོན་པར་བྱེད་པས་མཚན་མ་དང་། ཐ་སྙད་ཀྱི་ཕྱིར་སྔར་མེད་པ་ལ་གློ་བུར་དུ་འདོད་པས་སྦྱར་བ་བརྡ་དང་། དེ་ཉིད་འཇུག་ལྡོག་བྱེད་པའི་ཕྱིར་བརྗོད་པས་ཐ་སྙད་དོ། །ཞེས་བྱའོ། ཚིག་ནི་ཆོས་མངོན་པའི་ལུགས་ཀྱིས། མིང་འདུས་ནས་དོན་གྱི་ཁྱད་པར་བརྗོད་པ་སྟེ། འདུས་བྱས་མི་རྟག་ཅེས་པ་ལ་སོགས་པ་ལྟ་བུའོ། །བརྡ་སྤྲོད་པའི་ལུགས་ཀྱིས། རྣམ་དབྱེ་ཏིང྄་སུཔ྄་གང་རུང་གི་མཐའ་ཅན་དོན་གྱི་ངོ་བོ་དང་ཁྱད་པར་ཅི་རིགས་པ་བརྗོད་པའོ། །དོན་ནི་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟརགནས་པ་ཉིད་དོ། །དེ་ལྟར་སྒྲ་དང་སྐད་ལ་སོགས་པ་བརྒྱད་པོ་དེ་དག་ལ་ཡི་གེ་དག་ཇི་ལྟར་འཇུག་ན་སྒྲ་དང་དོན་གཅིག་ཏུ་བསྲེས་ནས་འཛིན་པའི་བློའི་དབང་གིས་འཇུག་སྟེ། བློ་དེ་སྐྱེ་བ་ལ་ཡང་། བརྡ་བྱེད་པའི་དུས་ན་ཤེས་པ་གཞན་ལས་ཁྱད་པར་དུ་བྱེད་པའི་ཆོས་ལྔ་དང་ལྡན་དགོས་ཏེ། དོན་ལ་དམིགས་པ་དང་། སྒྲ་ལས་བྱུང་བ་དང་། མཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པ་དང་། མངོན་པར་ཞེན་པ་རྣམས་སོ། །དེ་དག་སོ་སོའི་ནུས་པ་ཡང་། དོན་ལ་དམིགས་པས་ནི་དོན་སྤྱིའི་ནུས་པ་སྐྱེད་པར་བྱེད་དོ། །སྒྲ་ལས་བྱུང་བས་ནི་སྒྲ་སྤྱིའི་རྣམ་པ་སྐྱེད་པར་བྱེད་དོ། །མཐུན་པར་སྣང་བ་དང་། ཐུན་མོང་དུ་གྲགས་པས་ནི་ཞེན་པ་སྐྱེ་ཞིང་གཞན་ལ་གོ་བར་ནུས་སོ། །མངོན་པར་ཞེན་པས་ནི་མིང་དང་མིང་ཅན་འབྲེལ་བར་བྱེད་དོ། །སྐྱེ་བའི་རིམ་པ་དང་། བརྡ་བྱེ་པའི་དུས་ན། ཕལ་ཆེར་ནི་དང་པོར་གདུང་འདེགས་པའི་ཤིང་མཐོང་བ་ན། འདིའི་མིང་ཅི་ཞེས་ཐ་སྙད་འདོགས་པའི་བློ་སྐྱེ་ལ། དེའི་ཚེ་གཞན་གྱིས་འདི་ཀ་བའོ་ཞེས་བརྗོད་པ་ན་འདི་ཀ་བ་ཡིན་སྙམ་པའི་སྒྲའི་རྣམ་པ་སྐྱེ་ཞིང་ཀ་བ་ཞེས་སྒྲ་རྗོད་པར་བྱེད་དོ། །ཁ་ཅིག་ནི་དངོས་པོ་ཀ་བ་ཞེས་པའི་སྒྲ་ཙམ་ཐོས་ནས། འདི་གང་གི་མིང་ཡིན་པ་འཚོལ་བའི་བློ་སྐྱེ་ལ། དེའི་ཚེ་སྨྲ་བ་པོ་གཞན་གྱིས་ཀ་བ་ཞེས་བསྟན་པ་ནི་མིང་ཅན་དང་འབྲེལ་བའི་ཤེས་པ་སྐྱེའོ། །མངོན་པར་ཞེན་པ་གསུམ་པ་ནི། དང་པོ་དོན་མངོན་སུམ་དུ་གྱུར་ནས། དེ་ནས་ཕྱིས་དོན་དང་འདྲ་བའི་མིང་ཅན་གྱི་ཤེས་པ་སྐྱེ་བ་ན་རྣམ་པ་དེ་ཉིད་ལ་དོན་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེའོ། །དེ་ནས་མིང་གི་ཐ་སྙད་བཏགས་པ་ན་སྒྲའི་རྣམ་པ་ཡི་གེའི་རྣམ་པའི་བདག་ཉིད་དུ་མངོན་པར་ཞེན་པ་སྐྱེའོ། །དེ་ནས་སྒྲའི་རང་གི་མཚན་ཉིད་བརྗོད་པ་ན། རང་གི་མཚན་ཉིད་ལ་རྣམ་པ་དེ་ཉིད་དུ་མངོན་པར་ཞེན་པ་སྐྱེ་སྟེ། དེ་ལྟར་ཞེན་པའི་དབང་གིས་མིང་དང་མིང་ཅན་འབྲེལ་བར་བྱེད་དོ། །ཞེན་པ་གསུམ་པ་འདི་ལ་མངོན་པར་ཞེན་པས་ནི་སྨྲ་བ་པོ་རྣམས་དོན་སྟོན་པ་ལ་སྒྲ་སྨྲ་བར་བྱེད་པའང་ཡིན་ལ། ཉན་པ་པོ་བརྡ་ལ་བྱ་བ་དག་སྒྲ་ཡི་དོན་ཁོངས་སུ་ཆུད་པར་བྱེད་པའང་ཡིན་ནོ། །ཞེན་པ་བཞི་པ་ནི་གང་ཟག་བླུན་པོ་བསྟན་བཅོས་ལ་བློ་མ་བྱང་བ། སློབ་མར་ཞུགས་པ་དག་ཡི་གེ་སྟོན་པའི་གཟུགས་ལ་ཡི་གེ་ཉིད་དུ་འཛིན་ཏེ། དེའི་དབང་གིས་ཡི་གེའི་རྣམ་པ་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་ལ་ནི་གསལ་བར་སྣང་བ། སྒྲ་སྤྱིའི་རྣམ་པའང་ཡི་གེ་གཟུགས་ཀྱི་རྣམ་པར་ཡིད་ལ་བྱེད་པར་འགྱུར་ཏེ། གླེགས་བམ་བྲིས་པ་ལ་བརྗོད་པའི་ཡུལ་བྱེད་པ་ཡིན་ནོ། །སྨྲ་བ་པོ་དང་ཉན་པ་པོ་བརྡ་ལ་བྱང་བ་དག་ལ་སྒྲ་ལས་བྱུང་བའི་ཤེས་པ་སྐྱེ་བའི་ཚུལ་ནི། སྨྲ་བ་པོ་དག་སྒྲ་བརྗོད་པ་ནི་སྔོན་བརྡ་བྱེད་པའི་དུས་སུ་ཡན་ལག་ལྔ་ཚུལ་བཞིན་འདྲིས་པར་བྱས་པས། ཕྱིས་ཐ་སྙད་བྱེད་པ་ན་ཚུལ་དེ་འབད་པ་མེད་པར་འབྱུང་སྟེ། འདི་ལྟར་དོན་གྱི་དངོས་པོ་ཉེ་ཡང་རུང་རིང་ཡང་རུང་། དོན་དང་ཡདྲ་བ་དོན་ཉིད་དུ་ཤེས་པའི་རྣམ་པ་གཉིས་མངོན་སུམ་དུ་བྱས་ཏེ། སྒྲའི་རྣམ་པར་ཞེན་པ་ལས་སྒྲ་རང་གི་མཚན་ཉིད་ཉིད་ཀྱི་རྐྱེན་གཞན་དག་ལའང་བརྟེན་ཏེ་སྒྲ་རྗོད་པར་བྱེད་དོ། །ཉན་པ་པོ་དག་ཀྱང་སྔོན་བརྡའི་དུས་ན་གོམས་པས་ད་ལྟ་སྒྲ་ཐོས་པ་ན་སྒྲའི་མཐུས་སྒྲ་ཙམ་གྱིས་རྣམ་པ་སྐྱེས་པ་ལ། སྔོན་སྒྲའི་རྣམ་པ་ལ་དོན་གྱིས་རྣམ་པར་ཞེན་པ་དེའི་དབང་གིས་དེ་ནི་འདི་ཡིན་ནོ་སྙམ་དུ་སྔོན་བརྡའི་དུས་དང་གཅིག་ཏུ་བསྲེས་ནས་དོན་གྱི་རྣམ་པར་རྟོག་གོ། སྔོན་གྱི་ཡུལ་ལ་དམིགས་པ་ད་ལྟར་གྱི་ཡུལ་ར་དམིགས་པ་གཉིས་རྟོག་བཅས་ཀྱི་ཤེས་པས་གཅིག་ཏུ་བསྲེས་པའི་ཕྱིར་མཐུན་པར་སྣང་བའི་ཡན་ལག་དགོས་སོ། །སྔོན་གྱི་སྒྲའི་རྣམ་པའང་དེ་བཞིན་དུ་བསྲེ་དགོས་པས་ཐུན་མོང་དུ་གྲགས་པའི་ཡན་ལག་དགོས་སོ། །འོ་ན་བསྲེས་པས་ཅི་ཞིག་བྱེད་ཅེ་ན། མ་བསྲེས་ན་སྔོན་གྱི་དོན་ཡང་གཞན་ཡིན་ལ། ད་ལྟར་གྱི་དོན་ཡང་གཞན་ཡིན་པས། སྔོན་གྱི་དོན་ལ་བརྗོད་པའི་སྒྲས་ད་ལྟར་གྱི་དོན་ལ་འཇུག་མི་ནུས་ཏེ་བརྡ་ཤེས་པ་ཙམ་ལ་དོན་དགག་པ་བརྗོད་པས་དོན་མེད་པར་འགྱུར་རོ། །སྒྲ་ཡང་དེ་བཞིན་ཏེ། ད་ལྟར་གྱི་སྒྲ་སྔོན་མ་ཡིན་པས་དོན་ལ་འཇུག་མི་ནུས་པ་སྟེ། དེའི་ཕྱིར་གཅིག་ཏུ་བསྲེས་པས་སྒྲའི་དོན་གོ་བར་བྱེད་པའི་ནུས་པ་ཡོད་པ་ཡིན་ནོ། །ཡན་ལག་དེ་དག་གི་ངོ་བོ་ཡང་དོན་ལ་དམིགས་པ་ནི། སྔར་དབང་པོ་དང་ཤེས་པ་དོན་དང་ཕྲད་པ་ན་དོན་མཐོང་བ་ལྗོན་ཤིང་ལྟ་བུ་དང་། ཕྱིས་དེའི་རྣམ་པ་སྣང་བ་ལ། ཁ་དོག་དང་དབྱིབས་དང་བྱ་བ་བྱེད་པའི་ནུས་པ་དག་ལ་ཞེན་པའི་སྒོ་ནས་དོན་ལ་དམིགས་པ་འཆར་བ་ཡིན་ནོ། །སྒྲ་ལས་བྱུང་བ་ནི། ཐུན་མོང་དུ་གྲགས་པའི་སྒྲ་ལས་བྱུང་བ་སྟེ། ཐུན་མོང་དུ་མ་གྲགས་པའི་སྒྲ་དབུས་པས་མཐའ་འཁོབ་པའི་སྒྲ་ཐོས་པ་ལས་བྱུང་བ་ལྟ་བུ་ནི་ཡན་ལག་ཉམས་པའི་རྒྱུ་ཡིན་ནོ། །མཐུན་པར་སྣང་བ་ནི་ཀ་བའི་ཁ་དོག་དང་དབྱིབས་དང་བྱ་བ་བྱེད་པའི་ནུས་པ་དག་བརྡ་སློབ་པའི་ཤེས་པ་ལ་ཇི་ལྟར་སྣང་བ་དེ་ལྟར་བརྡ་སྟོན་པ་པོ་དང་གཞན་དག་ལ་ཡང་དེ་ལྟར་སྣང་བ་ཡིན་ཏེ། འདིས་དམིགས་པ་མཐུན་པར་སྣང་བ་ཡིན་ནོ། །ཐུན་མོང་དུ་གྲགས་པ་ནི་བརྡ་སྟོན་པ་པོའི་སྒྲ་གཞན་དག་དང་ཐུན་མོང་དུ་གྲགས་པ་སྟེ་སྒྲ་སྤྱིའི་རྣམ་པའང་དེ་ཉིད་དོ། །མངོན་པར་ཞེན་པ་ནི་བཤད་ཟིན་ཏོ། །ཡི་གེ་འཇུག་པའི་གནས་བརྒྱད་པོ་དེ་དག་སྔོན་གྱི་མཁས་པ་ཆེན་པོ་དག་གིས་གནས་བརྒྱད་བཤད་པའི་རྗེས་སུ་འབྲངས་ཏེ་ཅུང་ཟད་བཤད་པའོ། །

 

སྐབས་ཀྱི་གཞུང་དོན་དངོས་བཤད་པ།

 

གཉིས་པ་སྐབས་ཀྱི་གཞུང་ལུགས་ཀྱི་ཚིག་འབྲུ་དབྱེ་སྟེ་བཤད་པ་ནི། ལེགས་པར་སྦྱར་བའི་སྐད་དུ་ཡ་། ཁམས་དང་རྐྱེན་གྱིས་འཇུག་པ་མཐའ་ཡས་པ་བསྟན་བཅོས་རྒྱ་ཆེན་པོས་རྟོགས་པར་བྱ་དགོས་པ་ཡོད་ནའང་། གངས་ཅན་གྱི་སྐད་འདི་ལ་རྗེས་འཇུག་གི་ཡི་གེ་བཅུས་བསྡུས་ཏེ་གཞུང་ཉུང་ངུས་ཤེས་སླ་བར་མཛད་པ་ནི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་མཁན་པོ་ཆེན་པོ་འདིའི་ཕུལ་དུ་བྱུང་བའི་རྣམ་པར་ཐར་བ་ཉིད་ཡིན་པས། རྒྱ་གར་གྱི་མཁན་པོ་དག་གིས་བསྔགས་པ་མཛད་པར་གྲག་གོ། དེ་ནས་རྗེས་འཇུག་བཅུའི་དོན་སྟོན་བྱེད་ཀྱི་གཙོ་བོ་བསྟན་པ་ནི། རྗེས་འཇུག་རྣམས་ཅི་ཕྱིར་འཇུག་པར་བྱེད་ཅེ་ན་ཞེས་མཚམས་སྦྱར་ནས། མིང་དང་ཚིག་གི་དོན་གསལ་བར་བྱེད་པ་ནི། སྤྱིར་མོ་ཡིག་དང་། ཁྱད་པར་སྔོན་འཇུག་དང་རྗེས་འཇུག་གི་ཡི་གེ་ལ་རག་ལས་སོ་ཞེས་སྟོན་པ་སྟེ། ཚུལ་ཇི་ལྟར་ན། ཡི་གེའི་ཁོངས་ནས་ཏེ་ཡི་གེ་གཉིས་སམ་དུ་མ་འདུས་པ་ལས་མིང་ཀ་བ་ཞེས་སོགས་བྱུང་སྟེ་མིང་གི་ཁོངས་ནས་ཏེ་མིང་གཉིས་སམ་གསུམ་འདུས་པ་ལས་ཚིགའདུས་བྱས་མི་རྟགཟག་བཅས་སྡུག་བསྔལ་སོགས་དང་ཙན་དན་གྱི་ཀ་བ་གསེར་གྱི་བུམ་པ་ཞེས་སོགས་བྱུང་སྟེ། ཚིག་གི་དོན་རྣམ་པར་སྟོན་པར་བྱེད་པ་ནི། དཔེར་ན། ཙན་དན་གྱི་ཀ་བས་བཏེག་པའི་ཁང་བཟང་གི་རྟ་བབས་སྟེང་ན་གསེར་གྱི་བུམ་པ་དག་བཀོད་པ། ཞེས་སོགས་ཀྱི་ངག་ཏུ་གྲུབ་པ་ནི་རྗེས་འཇུག་མོ་ཡིག་ལ་རག་ལས་པ་ཉིད་ཀྱི་ཕྱིར་མོའི་ཡི་གེ་མེད་པར་གྱུར་པ་ན་ཕོ་ཡིག་རྣམས་ལ་དོན་སྟོན་པའི་ངག་བརྗོད་པར་འགྱུར་ལ། ཕོ་ཡིག་དེ་དག་རྣམས་ལ་ཡང་འཇུག་པར་བཅས་པ་སྟེ། སྔོན་འཇུག་དང་རྗེས་འཇུག་དག་མེད་ན་ནི། དོན་གྱི་ངོ་བོ་ཙམ་བརྗོད་པའི་མིང་དང་ཁྱད་པར་བརྗོད་པའི་ཚིག་ཀྱང་གསལ་བྱེད་མི་ནུས་ཤིང་། མིང་ཚིག་གསལ་བར་གྱུར་པ་མེད་ན་ནི། འཇིག་རྟེན་དུ་དོན་རྣམ་པར་བརྗོད་པའི་ངག་ཡོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་དུ་ཐ་མལ་པ་གྲུབ་མཐའ་ལ་མ་ཞུགས་པ་རྣམས་ཀྱི་དོན་མཚོན་པའི་བརྗོད་པ་ཀུན་ཀྱང་མེད་པར་འགྱུར་ལ། གང་ཟག་གྲུབ་མཐའ་ལ་ཞུགས་པ་ལའང་ཕྱི་ནང་གཉིས་ལས། ཕྱི་རོལ་མུ་སྟེགས་ཀྱི་བསྟན་བཅོས་རིག་བྱེད་བཞི་སྨྲ་བའང་ཡོད་པར་མི་འགྱུར་ཞིང་། ནང་པ་སངས་རྒྱས་པའི་ཉན་ཐོས་དང་། རང་རྒྱལ་དང་། སངས་རྒྱས་ཀྱི་བསླབ་པ་བརྗོད་པའི་གཞུང་རྣམས་ཀྱང་མེད་པར་འགྱུར་རོ། །དཔེར་ན། ཇི་ལྟར་འཇིག་རྟེན་ན་གནས་པའི་སེམས་ཅན་རྣམས་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གྲུབ་མཐའ་མཆོག་དམན་ལ་སོགས་པ་ཁྱད་པར་གཞན་ཡང་ཡོད་མོད་ནའང་། འདི་དང་འདིའོ་ཞེས་བརྡ་མ་སྤྲད་པར་ཐོག་མ་ནས་རང་ཉིད་ཀྱིས་ནི་མི་ཤེས་པ་བཞིན་ནོ། །དེ་བཞིན་དུ་ཡི་གེའི་འཇུག་ཚུལ་རྣམས་སྨྲ་བ་ཀུན་ལ་གནས་པར་གྱུར་ཀྱང་། བརྡ་མ་སྤྲད་པར་ཚིག་རང་གི་གནས་ཚུལ་དེ་ཉིད་ཇི་ལྟ་བ་བཞིན་མ་ཤེས་པས་ཚིག་འདིས་དོན་འདི་སྟོན་ནོ་ཞེས་པ་རྣམ་པར་དབྱེ་བ་མ་འདྲེས་པར་དོན་ལ་སྦྱོར་བ་ག་ལ་ཤེས། རྒྱུ་མཚན་དེའི་ཕྱིར་སྨྲ་བའི་དབང་ཕྱུག་གི་རྗེས་སུ་འབྲང་སྟེ་ཐོན་མི་སམྦྷོ་ཊ་བདག་གིས་སྨྲས་པ་འདི་གངས་ཅན་སྐྱེ་བོ་ཀུན་གྱི་རྟོགས་པར་གྱུར་ཅིག་ཅེས་པའོ། །བྱཱ་ཀ་རཱ་ཎའི་རྟགས་ཀྱི་འཇུག་པ་ཞེས་བྱ་བའི་བསྟན་བཅོས་སློབ་དཔོན་ཨ་ནུས་མཛད་པའི་རྣམ་པར་བཤད་པ་རྫོགས་སོ། །འདི་ནི་མཁྱེན་རབ་ཐུག་རྗེ་ཚད་མེད་པ་མངའ་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཀུན་བཟང་བརྩེ་པའི་ཞལ་སྔ་ནས་གཞུང་འདི་དག་བོད་སྐད་ཀྱི་རྩ་བ་ཁུངས་མར་འདུག་པས་ཤིན་ཏུ་གསལ་བར་གྱིས་ཞེས་བཀའ་གནང་བ་དང་། དོན་དུ་གཉེར་བའི་བློ་གསལ་བ་པཎྱཤྲཱིས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བརྡ་སྤྲོད་པའི་གཙུག་ལག་ཆ་ཤས་རིག་པ་འགོས་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲ་ཞེས་བགྱི་པས་སྦྱར་བའོ། །ཞེས་པ་བསིལ་ལྡན་ལྗོངས་ཀྱི་བསྟན་པའི་སྲོལ་འབྱེད་ཆེན་པོ་ཐོན་མི་སམྦྷོ་ཊས་མཛད་པའི་སུམ་རྟགས་རྩ་འགྲེལ་འདི་ཉིད་འབྲི་ཀློག་མཐའ་དག་ལ་མེད་དུ་མི་རུང་བ་ལྟ་བུའི་ངེས་པ་རྙེད་ནས་སྡེ་དགེ་ལྷུན་གྲུབ་སྟེང་དུ་སྡེ་དགེ་གདན་ས་པ་སངས་རྒྱས་བསྟན་པས་རབ་བྱུང་བཅུ་གཉིས་པའི་ཉི་སྒྲོལ་བྱེད་པ་ཤིང་སྤྲེལ་ལོའི་ས་ག་ཅན་གྱི་ཟླ་བའི་དཀར་ཚེས་ལ་ཆོས་སྦྱིན་མི་ཟད་པའི་རྒྱུན་སྤེལ་བའི་དགེ་བས་ལུང་རྟོགས་དམ་པའི་ཆོས་ཀྱི་ཚིག་དོན་འཁྲུལ་མེད་དར་ཞིང་རྒྱས་པའི་རྩ་ལག་ཏུ་གྱུར་ཅིག། །།

 

བརྒྱུད་སྐུལ།

མཆན་སྤེལ།