(པོ་ཏ་ལ་ཆོས་རྒྱལ་བྲག་ཕུག་ཏུ་བཞུགས་པའི་ཐོན་མི།)
ཁ་ཅིག་གིས་སུམ་རྟགས་ཀྱི་རྩ་བ་མཛད་པ་པོ་ས་སྐྱ་པཎ་ཆེན་ཡིན་པ་ལས་ཐོན་མི་སཾ་བྷོ་ཊ་མ་ཡིན་ཏེ། ས་པཎ་སྔོན་དུ་སུམ་རྟགས་ཀྱི་འགྲེལ་བ་མ་མཐོང་པའི་ཕྱིར་དང་། སྔར་གྱི་ཡིག་རྙིང་རྣམས་ད་ལྟའི་སུམ་རྟགས་ཀྱི་གཞུང་དང་མི་མཐུན་པའི་ཕྱིར་སོགས་ཟེར་བ་ནི་གྱ་ཚོམ་དུ་སྨྲས་པ་ཁོ་ན་སྟེ། ས་པཎ་ཉིད་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ་ལས། ཁ་ཅིག་ས་མཐར་ཤེས་ཞེས་ཟེར།། མི་འཐད་པར་མཐོང་ཁོ་བོས་དོར།།
ཞེས་དང་། ཡང་དེ་ལས། ན་ར་ལ་གསུམ་རྗེས་སུ་ནི།། སྒྲ་སྒྱུར་སྔ་མས་ད་དྲག་བཞེད།། དེ་ལ་ཅིང་ཅེས་ཅིག་འཐོབ་ཀྱང་།། ཕྱི་མ་རྣམས་ཀྱིས་ད་དྲག་དོར།། ཞེས་ས་པཎ་གྱི་སྔ་རྒོལ་དུ་ཁ་ཅིག་དུ་མ་དྲངས་འདུག་པས་ཁོང་གི་སྔོན་དུ་སུམ་འགྲེལ་མཁན་པོ་སྔ་ཕྱི་དུ་མ་ཡོད་པ་གཞུང་དེ་གས་གསལ་བར་བྱས་པའི་ཕྱིར་དང་། གཞན་ཡང་ས་པཎ་གྱི་སྔོན་དུ་སུམ་འགྲེལ་ཡོད་དེ། ས་པཎ་ནི་ཕྱི་ལོ་༼༡༡༨༢ ནས ༡༢༥༨ ༽བར་བྱོན་པ་གང་ཞིག དེའི་སྔོན་ཏེ་ཕྱི་ལོ་༼༡༠༥༩ ནས་ ༡༡༠༩ ༽བར་བྱོན་པའི་རྔོག་ལོ་ཙཱ་པས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་དང་། དེའི་ཡང་སྔོན་དུ་ཕྱི་ལོ་༼༡༠༢༤ ༽ཡས་མས་སུ་ཇོ་བོ་སྨྲྀ་ཏིས་བརྩམ་པའི་དག་ཡིག་སྨྲ་སྒོ་མཚོན་ཆ་དང་། དེའི་ཡང་སྔོན་དུ་ཕྱི་ལོ་༼༨༠༠ ༽ཡས་མས་སུ་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པར་གྲགས་པའི་གནས་བརྒྱད་རྩ་འགྲེལ་དང་། ལོ་ཙཱ་པ་དེ་ཉིད་ཀྱིས་བསྒྱུར་བ་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་༼སྒྲའི་རྣམ་པར་དབྱེ་བ་བསྟན་པ་༽ཞེས་པའི་རྣམ་དབྱེ་བརྒྱད་ཀྱི་དཔེར་བརྗོད་དང་། ༼དཔེར་བརྗོད་ནི། ཤིང་བཟང་རི་ལ་གནས་པར་གྱུར་བ་སྟེ།། ཤིང་ལ་འབད་དེ་ཁྱོད་ཀྱིས་ལྟ་བར་གྱིས།། ལྷུང་བའི་ཤིང་གིས་གླང་རྒོད་བསད་པར་བྱས།། བསླངས་ཏེ་ཤིང་ལ་ཆུ་ནི་སྦྱིན་པར་གྱིས།། མེ་ཏོག་ལྡན་པའི་ཤིང་ལ་ཡལ་ག་འོ།། ཤིང་གི་ཡལ་ག་ཤིན་ཏུ་རིང་བར་འདུག། ཤིང་ལ་ཁུ་ཕྱུག་དག་གིས་ཚང་བཅས་པ།། ཤིང་ཀྱེ་ཅི་འི་ཕྱིར་ཁྱོད་འདར་བར་བྱེད།། འདི་རྒྱ་གར་གྱི་སློབ་དཔོན་ཤྲཱི་དྷ་རས་མཛད་ཅིང་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་བསྒྱུར། ༽ ཏུན་ཧོང་གནའ་ཡིག་ལས་གསར་དུ་རྙེད་པའི་༼རྣམ་དབྱེ་བརྒྱད་ཀྱི་བསྟན་བཅོས་ཚིག་ལེའུར་བྱས་པ། ༽ ཞེས་པ་དཔེ་འདྲ་བ་གཉིས་ཡོད་པ་དང་། ༼དཔེ་དང་པོ། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཡོད་པ་ཨང་རྟགས་P.T 783 ཅན་དུ། ༄།:། འཇུག་པའི་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད།། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད།། ལྗོན་ཤྀང་གིས་ནྀ་གླང་བོ་བསྒྱེལད།། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག། ལྗོན་ཤྀང་ལས་ནི་མེ་ཏོག་འཁྲུངས།། ཤིང་གི་ཡལ་ག་རབ་ཏུ་ལྡེམ།། ལྗོན་པའྀ་ཤིང་ལ་བྱ་ཚང་བཅས།། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས།། དང་པོ་དངོས་པོ་བསྟན་པ་ཡིན།། གཉིས་པ་ལས་སུ་ཤེས་པར་བྱའ།། གསུམ་པ་བྱད་པ་བྱེད་པོ་ཡྀན།། བཞྀ་པ་གང་ཕྱིར་སྦྱིན་པའ་ཡིན།། ལྔ་བ་གང་ལས་འོང་བ་ཡིན།། དྲུག་པ་ལྷག་པའྀ་དབང་དུ་བྱས།། བདུན་པ་གནས་གཞྀ་བསྟན་པ་སྟེ།། བརྒྱད་པ་འབོད་པའྀ་ཚིག་ཡྀན་ནོ།། ཞེས་དང་།༽ ༼དཔེ་གཉིས་པ། དབྱིན་ཇིར་ཉར་ཚགས་བྱས་པ་ཨང་རྟགས་ Ch.O 003 ཅན་དུ་ཡང་། ༄།:།འཇུག་པའི་སྒྲ་བརྒྱད་བསྟན་པའ་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མེ་ཏོག་རྒྱས་ཚལ་ལྗོན་ཤྀང་ཡོད།། ལྗོན་ཤྀང་ལ་ནི་རླུང་གྀས་བསྐྱོད།། ལྗོན་ཤྀང་གིས་ནྀ་གླང་བོ་བསྒྱེལད།། ལྗོན་ཤྀང་ཕྱིར་ནྀ་ཆུ་དྲོངས་ཤིག། ལྗོན་ཤྀང་ལས་ནི་མེ་ཏོག་འཁྲུངས།། ཤིང་གི་ཡལ་ག་རབ་ཏུ་ལྡེམ།། ལྗོན་པའྀ་ཤིང་ལ་བྱ་ཚང་བཅས།། ཀྱེ་ཀྱེ་ལྗོན་ཤིང་ངོ་མཚར་མཛེས།། དང་པོ་དངོས་པོ་བསྟན་པ་ཡིན།། གཉིས་པ་ལས་སུ་ཤེས་པར་བྱའ།། གསུམ་པ་བྱད་པ་བྱེད་པོ་ཡྀན།། བཞྀ་པ་གང་ཕྱིར་སྦྱིན་པའ་ཡིན།། ལྔ་བ་གང་ལས་འོང་བ་ཡིན།། དྲུག་པ་ལྷག་པའྀ་དབང་དུ་བྱས།། བདུན་པ་གནས་གཞྀ་བསྟན་པ་སྟེ།། བརྒྱད་པ་འབོད་པའྀ་ཚིག་ཡྀན་ནོ།། ༽གཞན་ཡང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་པ་དུ་མས་བསྒྲིགས་པའི་༼སྒྲ་སྦྱོར་བམ་གཉིས་༽ལས་ཀྱང་བྱཱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། ཞེས་དང་། བྱཱ་ཀ་ར་ཎའི་ལུགས་ལས་ཇི་ལྟར་འདྲེན་པ་དང་ཡང་བསྟུན་ཏེ། ཞེས་དང་། ཆོས་རྒྱལ་སྲོང་བཙན་གྱིས་མཛད་པའི་མ་ཎི་བཀའ་འབུམ་ལས་ཀྱང་ཐོན་མས་ཡི་གེ་གསར་བཟོ་གནང་ཚུལ་གསུངས་བའི་སྐབས་སུ་ཞལ་གསལ་བོའི་སྒོ་ནས་བོད་ཡིག་བརྩམས་ཏེ། སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་དོ།། ༼སྒྲའི་བསྟན་བཅོས་བརྒྱད་པོ་ལ་འདྲེན་ཚུལ་མི་འདྲ་བ་ཅུང་ཡོད་ཀྱང་། ༡སུམ་ཅུ་པ་དང་། ༢རྟགས་ཀྱི་འཇུག་པ། ༣ཡི་གེའི་རྣམ་འགྱུར་གྱི་བཟོ། ༤ཀ་སྨད་སུམ་ཅུར་བསྒྱུར་བ། ༥སྡེབ་སྦྱོར་བསྒྲིག་པའི་གཞི་མ། ༦ཐོན་མིའི་མདོ་རྫས་སྒྲ་མདོ། ༧ཀླུ་དབང་མགུལ་རྒྱན། ༨སྔགས་ཀླག་ཐབས་མུན་པའི་སྒྲོན་མེ་བཅས་སོ།། ༽ཞེས་སོགས་མང་དུ་གསུངས་པས་ས་པཎ་སྔོན་དུ་སྒྲའི་བསྟན་བཅོས་ཡོད་པ་གོང་སྨོས་དེ་དག་དང་། ཡིག་རྙིང་ལའང་དག་ཐོབ་དང་རྣམ་དབྱེ་བརྒྱད་ཀྱི་དཔེར་བརྗོད་དེ་ག་རང་དུ་ཡོད་པས་དཔང་རྟགས་ཀྱིས་གྲུབ་བོ།། ཕྱི་ལོ་ ༢༠༡༦ ལོའི་དཔལ་ཡུལ་གཡང་ར་བཙུན་མའི་དགོན་གསང་ཆེན་སྨིན་གྲོལ་མདོ་སྔགས་ཆོས་འཁོར་གླིང་གི་འཛིན་གྲྭ་དང་པོའི་སློབ་ཕྲུག་རྣམས་ལ་སུམ་རྟགས་བཤད་སྐབས་དཔེ་ཁྲིད་སྔོན་འགྲོའི་གྲབ་སྒྲིག་ཟིན་བྲིས་སུ་ཚག་བྱང་སེམས་འོད་ཟེར་ནས། ཨ་མྲའི་ལྗོན་ཤིང་སྤྱིའི་དེབ་གྲངས་ལྔ་པ་རུ་བཀོད།
གཞན་ནས་དྲངས།