མཛངས་མི་བཞི་པ་བློན་ཆེན་ཨ་ནུའི་བུས་ཁ་པའི་ལྗོངས་སུ་ཡིག་སྲོལ་ཐོག་མར་གཏོད་ཚུལ།

མཛངས་མི་བཞི་པ་བློན་ཆེན་ཨ་ནུའི་བུས་ཁ་པའི་ལྗོངས་སུ་ཡིག་སྲོལ་ཐོག་མར་གཏོད་ཚུལ།

མཛངས་མི་བཞི་པ་བློན་ཆེན་ཨ་ནུའི་བུ།[1]

༄༅། །ཕྱག་ན་པདྨོའི་སྒྱུ་འཕྲུལ་གྱི་རོལ་གར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་བློན་ཆེན་ཐོན་མི་ནི་ཐོད་ལུང་རག་པར་བློན་ཆེན་ཐོན་མི་ཨ་ནུའི་བུར་སྐུ་འཁྲུངས། ཁོང་ནི་ཆུང་ངུའི་དུས་ནས་ཡིད་གཞུངས་བློ་རྣོའི་རང་བཞིན་ཅན་གྱི་རྣམ་དཔྱོད་ལྡན་པ་སོགས་ཆོས་རྒྱལ་ལ་གཟིགས་སྣང་བྱུང་ཐོག བསྟན་སྲིད་གང་གི་ཆ་ནས་མེད་དུ་མི་རུང་བའི་ཡི་གེ་སློབ་པར་བཀས་བསྐུལ་བ་བཞིན་གསེར་གྱི་འབུལ་བ་དང་སྦྲགས་རྒྱ་གར་འཕགས་པའི་ཡུལ་དུ་ལམ་འཕྲང་ཤུལ་ལམ་རིང་པོར་ངལ་དུབ་ལ་འཛེམས་པ་མེད་པར་རྟོལ་ཏེ།

མཁས་པའི་ཕུལ་བྱུང་བྲམ་ཟེ་ལི་བྱིན་དང་། ལྷ་རིག་པའི་སེང་གེ་སོགས་མཁས་པ་མང་པོའི་ཞབས་རྡུལ་སྤྱི་བོར་དང་ལེན་གུས་པར་བཏུད་དེ། མཐའ་འཁོབ་བོད་ཀྱི་གདུལ་བྱ་འདུལ་བའི་ཕྱིར་དུ་བསམ་བཞིན་དུ་བྱོན་པའི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་རོལ་བདག་གི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་དེས་འབངས་རྣམས་ཆོས་དང་། དགེ་བཅུའི་ཁྲིམས་འཆའ་བ་ལ་མཁོ་གལ་ཆེ་བའི་ཡིག་སྲོལ་བཏོད་པར་བཞེད་ན་སྒྲ་ཚད་ཡི་གེའི་བཀའ་དྲིན་སྩོལ་ལ་ཐུགས་རྗེའི་དབྱིངས་ལས་མི་གྲོལ་བས་གསོལ་བ་བཏབ་པ་བཞིན། ལེགས་པར་བཤད་ལ་མ་རྨོངས་པའི་ལམ་བསྟན་ཏེ་རྣམ་དཔྱོད་སྤོབས་པའི་གཏེར་ཆེན་པོས་ཡོངས་སུ་གྲོལ་བར་མཛད། ཐེག་པ་ཆེན་པོའི་དམ་ཆོས་དུ་མ་དང་བཅས་བོད་དུ་བྱོན་པར་བརྩམས་པ་དེའི་ཚེ་ན་བཤེས་གཉེན་ཆེན་པོ་ཟུང་གིས་བསྔགས་བརྗོད་ལྷའི་མེ་ཏོག་སྤྱི་བོར་བཅིངས་ཏེ། བོད་ཡུལ་འགྲོ་ལ་ལུང་རིགས་མན་ངག་ཟབ་མོས་བཀའ་བཞིན་དུ་ཚིམ་པར་མཛད་དགོས་པའི་བཀའ་སློབ་གནང་བ་དེ་བཞིན་དུ་བགྱི་པའི་དམ་བཅའ་དང་། ཐུགས་ལ་བཏགས་པའི་ཞུ་བ་ཕུལ།

བློན་ཆེན་བོད་ཡུལ་དུ་ཕེབས་སྐབས་རྒྱལ་པོ་ཆེན་པོས་ཕེབས་བསུ་དགའ་སྟོན་གྱི་གདན་སར་བྱོན། སཾ་བྷོ་ཊས་བོད་ཡིག་དབྱངས་གསལ་གྱི་གཟུགས་དང་། བསྟན་བཅོས་ཆེན་པོ་བརྒྱད་བརྩམས་པར་མཛད་པ་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོར་སྡེ་ཚན་སོ་སོར་དབྱེས་ཏེ། ཞལ་རས་གསལ་ཌྷ་ངང་མདངས་གང་བ་བཟང་། གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། ཞེས་སོགས་ཡི་གེའི་ཕུད་ཕུལ་སྐབས་བསྟན་འགྲོར་སྨན་རླབས་ཆེ་ཕྱིར་ཕུལ་རབ་དགྱེས་པའི་བྱ་དགའི་གཟེངས་བསྟོད་སྩལ།

དེ་ནས་བཟུང་བོད་འབངས་ཀུན་ལ་ཡི་གེ་འབྲི་ཀློག་གི་སྲོལ་བཏོད་དེ་བློ་གྲོས་པདྨ་རབ་ཏུ་རྒྱས་པའི་རྣམ་དཔྱོད་འོད་ཟེར་འབུམ་གྱི་སྣང་བ་ཁྱབ་བརྡལ་དུ་སྒྱུར་གནང་མ་ཟད། ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་ཅིག་ལ་སོགས་པ་བསྒྱུར། བལ་པོ་རྒྱལ་པོའི་སྲས་མོ་ལྷ་གཅིག་ཁྲི་བཙུན་དང་། རྒྱ་རྗེའི་སྲས་མོ་མཚོ་ནང་པདྨ་གཉིས་བོད་རྗེའི་བཙུན་མོར་བསུ་བཞེས་སྐབས་བློན་མགར་སྟོང་བཙན་གྱི་ཕྱག་རོགས་སུ་ཕེབས་པ་སོགས་མཛངས་མི་བདུན་གྱི་ནང་ནས་འདྲེན་མཆོག་ཏུ་གྱུར་པའི་བློན་པོ་ལོ་ཙཱའི་ཐོག་མ་དེ་ཡིན་ནོ།།

 

ཁ་པའི་ལྗོངས་སུ་ཡིག་སྲོལ་ཐོག་མར་གཏོད་ཚུལ།[2]

༄༅། །ཐུགས་རྗེའི་རང་གཟུགས་པད་དཀར་འཆང༌། །མི་ཡི་ཤ་ཚུགས་ཚུལ་བཟུང་ནས། །ཁ་བའི་ལྗོངས་ཀྱི་སྐྱེ་རྒུ་རྣམས། །སྐྱོང་མཛད་དམ་པ་དེ་ལ་འདུད། །མ་རིག་རྨོངས་པའི་དབང་གྱུར་པའི། །བློ་ཆུང་བདག་འདྲར་ཐུགས་བརྩེ་ཡིས། །རྨོངས་མུན་སེལ་བའི་གདམས་པའི་འོད། །སྤྲོ་མཛད་བཤེས་གཉེན་རྣམས་ལ་འདུད། །ལཀོག་གྱུར་ཡུལ་ལ་སྤྱོད་པའི་རྣམ་དཔྱོད་དང༌། །འོལ་ཚོད་འབྲི་བའི་ནུས་རྩལ་དག །བློ་དམན་ཉམས་ཆུང་བདག་ལ་དབུལ་གྱུར་ཀྱང༌། །རིམ་བྱོན་བཤེས་གཉེན་རྣམས་ཀྱི་ཞལ་སྒོ་ནས། །ཅུང་ཟད་ཐོས་ལས་ཕ་ཡུལ་བོད་ལྗོངས་ཀྱི། །ཡི་གེ་བྱུང་ཚུལ་ཉུང་བསྡུས་དྭང་བས་གླེང༌། །ཞེས་མཆོད་བརྗོད་དང༌། རྩོམ་པར་དམ་བཅས་མདུན་བསུས་ཏེ། སྐབས་དོན་གླེང་བར་བྱ་བ་ལ། ༡༽ བོད་ཀྱི་ཡིག་གཟུགས་བྱེད་པོ་ཐོན་མི་ཉིད་ཀྱི་རྣམ་ཐར་མདོ་ཙམ་བཤད་པ་དང༌། ༢༽ སྤྱིར་བཏང་ཡི་གེའི་ངོ་བོ་དང༌། དེའི་རྒྱུ་སོགས་བཤད་པ། ༣༽ ཐོན་མིས་བོད་ཀྱི་ཡིག་གཟུགས་བརྩམ་ཚུལ། ༤༽ མཇུག་བསྡུ་བ་བཅས་ས་བཅད་བཞིའི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཡ་གྱལ་ཡི་གེའི་འབྱུང་ཚུལ་མདོ་ཙམ་ཞིག་བཤད་པར་བྱ་བ་ལས། དང་པོ་ནི། ཐོན་མི་ཉིད་ཀྱི་བཀའ་དྲིན་རྗེས་དྲན་སླད་དེ་ཉིད་ཀྱི་རྣམ་ཐར་ཅུང་ཟད་འགོད་པར། དེ་ཡང་ཐོན་མི་སཾ་བྷོ་ཌ་ནི་ཡབ་ཨ་ནུའི་སྲས་སུ་བརྒྱ་ཕྲག་བདུན་པའི་ནང་འཁྲུངས་ཤིང༌། དེ་ཉིད་ཀྱི་རིག་རྩལ་སོགས་ཆེས་བཟང་བས་མེས་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོའི་གཙོ་བོ་ཞིག་ཏུ་གྱུར་ཅིང༌། ནམ་ཞིག་ན་རྒྱལ་པོས་ཡུལ་གྲུ་གཞན་གྱི་ཡི་གེར་མ་ལྟོས་པར་བོད་ཡུལ་རང་གི་ཡི་གེ་དགོས་གལ་གཟིགས་ནས་བློ་གསལ་བོད་ཕྲུག ༡༦ ཙམ་འཕགས་ཡུལ་དུ་ཡི་གེ་སློབ་ཏུ་བཏང་ཡང་ལ་ལ་ཚ་བས་མནར་ནས་འདས་གྲོངས་སུ་གྱུར། འགའ་ཞིག་རྒྱ་སྐད་མི་ཤེས་པར་ཕྱིར་ལོག་བྱུང་ཞིང༌། དེ་རྗེས་མཁས་ཤིང་མཛངས་ལ་ཡིད་གཞུང་པ། བློ་གསལ་བ་སོགས་ཡོན་ཏན་དུ་མས་བརྒྱན་པ་ཨ་ནུའི་བུ་གསེར་ཕྱེ་སོགས་ཡོ་བྱད་དང་བཅས་བཀས་བརྫངས་པ་ལྟར། འཕགས་ཡུལ་ཀ་ཤི་མིར་རིམ་འབྱོར་གྱིས་ཡིག་རིགས་ལ་མཁས་པའི་ཕུལ་དུ་བྱུང་བ་བྲམ་ཟེ་ཆེན་པོ་ལི་བྱིན་ཞབས་ལ་གཏུགས་ཤིང༌། གསེར་རྣམས་དེ་ལ་ཕུལ་ནས་གངས་ཅན་ཡུལ་དུ་ཆོས་ཀྱི་རྒྱལ་པོས་དགེ་བཅུའི་རྒྱལ་ཁྲིམས་གཏོད་པ་ལས་ཡིག་སྲོལ་མེད་པས་འཕགས་ཡུལ་དུ་ཡི་གེ་སློབ་ཏུ་མཆིས་པས། སྒྲ་ཚད་ཡི་གེའི་བཀྲིན་སྐྱོང་བ་ཞུ་ཞེས་གསོལ་བ་བཏབ་པར་བྲམ་ཟེ་ཆེན་པོས། བདེན་གཉིས་དོན་རྟོགས་བློན་པོ་རིག་པ་ཅན། །ཁྱོད་ལ་ཡི་གེ་སྒྲ་དང་སྙན་ངག་སོགས། །ཡོན་ཏན་ངོ་མཚར་ཅན་རྣམས་ངས་སློབ་བོ། །ཞེས་གསུངས་སོ། སློབ་དཔོན་གྱིས་དེ་ཉིད་ལས་ཡིག་རིགས་ཀུན་སྦྱངས་ཏེ་མཁས་པར་བྱས་ནས་ནཱ་ལེན་ཌར་ཕེབས་ཏེ་པཎ་ཌི་ཏ་ལྷ་རིག་ལ་སོགས་པའི་ཞབས་ལ་གཏུགས་ནས་རིག་གནས་ཀུན་ལ་མཁས་པའི་གོ་འཕང་མངོན་མཐོར་སོན་པ་མཛད་དེ། སླར་བོད་ཡུལ་དུ་ཕེབས་ཁར་བྲམ་ཟེ་ཆེན་པོས། ཁྱོད་ནི་རིག་གནས་ཀུན་ལ་རྩེ་མོར་སོན། །ད་ནི་སྤྲུུལ་པའི་རྒྱལ་པོའི་དགོངས་པ་སྒྲུབས། །བོད་ཡུལ་འགྲོ་ཀུན་སྒྲ་ཚད་ཡི་གེ་དང༌། །ལུང་རིག་མན་ངག་རྣམས་ཀྱི་ཚིམས་པར་མཛོད། །ཅེས་པའི་གདམས་པ་དང༌། ཐེག་ཆེན་གྱི་གསུང་རབ་སོགས་ཀྱི་ཁུར་མཉམ་བསྣམས་ཀྱིས་བོད་ཡུལ་དུ་ཕེབས་ནས་ཡིག་སྲོལ་ཐོག་མར་གཏོད་པ་དང༌། རིན་པོ་ཆེ་ཏོག་གི་གཟུང་དང༌། ཟླ་བ་སྒྲོན་མེའི་མདོ་དཀོན་མཆོག་སྤྲིན་སོགས་མདོ་རྒྱུད་ཆོས་མང་བོད་སྐད་དུ་བསྒྱུར་ནས་དུས་གསུམ་གྱི་བོད་འབངས་ཡོངས་ལ་བཀྲིན་ཆེས་ལྷག་པར་རྟག་ཏུ་དེ་ཉིད་ཀྱི་བཀྲིན་རྣམས་མ་བརྗེད་པར་ཡིད་ལ་བསམ་པར་བྱའོ། དེ་ལྟར་ན་ཐོན་མི་ཉིད་རྒྱ་གར་དུ་ཕེབས་དུས་གུབྷའི་རྒྱལ་བརྒྱུད་རྒྱལ་པོ་དགའ་བའི་ལྷས་༦༣༩ ནས་༦༤༠ ཙམ་ལ་ཡིན་པར་གོར་མ་ཆགས་ཤིང༌། ཀ་ཤི་མིར་དང༌། ནཱ་ལེན་ཌ། ལྷོ་ཕྱོགས་སུ་ཞབས་འཁོད་ཐུབ་མིན་ལ་མཁས་པའི་བཞེད་པ་མང་དུ་མཆིས་ཀྱང་དང་པོ་གཉིས་སུ་ཕེབས་ཐུབ་ཡོད་པ་མཁས་པ་མང་ཆེས་བཞེད་དོ། །དེ་ལྟར་ཡང༌། བློ་གྲོས་ཀྱི་འཇུག་སྒོ་རབ་ཏུ་ཡངས་པ་རྣམས་ཀྱིས་དཔྱད་པར་འཚལ་ལོ། །

གཉིས་པ། ཡི་གེ་ཞེས་བྱ་བ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཤིག་ལ་ཟེར། མིག་གི་རྣམ་པར་ཤེས་པའི་ཡུལ་གྱུར་པའི་འཇིག་རྟེན་ཐ་སྙད་དུ་གྲགས་པའི་ཡི་གེ་ནི་སྐད་ཀྱི་གདངས་ཀྱི་ངོ་བོར་ཡོད་པའི་ཡི་གེའི་དེ་དང་དེའི་གཟུགས་ཁོ་ན་ཡིན། ཡི་གེའི་སྐད་དོད་ལེགས་སྦྱར་དུ་ཨཀྱར་ཏེ། མིག་དང༌། འགྱུར་མེད་ཀྱི་དོན་ལ་འཇུག་ཅིང༌། ཕྱི་རོལ་རིག་བྱེད་པ་འགས། འགྱུར་མེད་ཀྱི་སྒྲས་ཡི་གེ་རྟག་པར་འདོད་པ་ཤིན་ཏུ་མི་འཐད་པར་སྣང་སྟེ། འདིར་འགྱུར་མེད་ཅེས་པ་གདངས་ཀྱི་རང་བཞིན་གཞན་དུ་མི་འགྱུར་བའི་དོན་ལས་གཞན་འགྱུར་ལྡོག་མེད་པའམ་མི་འཇིག་པའི་རང་བཞིན་རྟག་པར་མི་འཇོག་པའི་ཕྱིར་ཏེ། དཔེར་ན། ཟླ་བ་དང༌། ཉི་མ་རྟག་པར་མི་རུང་བ་བཞིན་ནོ། དེ་ལྟར་ན། ཡི་གེ་ནི་གནས་དང༌། བྱེད་པ། རླུང༌། རྣམ་རྟོག་བཅས་རྒྱུ་བཞི་ལས་གྲུབ་པས་མི་རྟག་པ་ཉིད་དུ་འཐད་དོ། ། ར་རྒྱུ་དེ་དག་ལས་ཡི་གེ་ཇི་ལྟར་འབྱུང་ཞེ་ན། མཁས་དབང་ལྷ་རམས་ངག་དབང་བསྟན་དར་གྱི་གསུང་ལས། དང་པོ་ཡི་གེར་རྣམ་པར་རྟོག་ཅིང༌། ཡི་གེའི་རྣམ་པ་ཤར་བའི་རྟོག་པ་སྐྱེ་ཞིང༌། དེ་སྐྱྟེས་པ་ནི་ཡི་གེར་བརྗོད་པར་འདོད་པའི་ཀུན་སློང་སྐྱེ། ཀུན་སློང་དེས་བསྐུལ་ནས་ནང་གི་རླུང་གཡོ་སྟེ། རླུང་དེས་གནས་དང༌། བྱེད་པ། རྩོལ་བ་རྣམས་བསྐྱེད་དེ་དབུགས་དབྱུང་བ་དང༌། ལྷན་ཅིག་ཏུ་སྒྲའི་རྣམ་འགྱུར་ཡི་གེ་སོ་སོའི་རྣམ་པར་སྐྱེ་བར་འགྱུར་ཏེ། ཞེས་གསུངས་པ་བཞིན་ནོ། གནས་དང་། བྱེད་པ་སོགས་ཀྱི་རྣམ་གཞག་རྒྱས་པ་ཇི་བཞིན་ཡིག་ཚོགས་མང་བར་འཇིགས་པ་དང་ནུས་པ་ལྡེང་བ་དཀའ་བས་ངལ་འཁུར་མ་བྱས་སོ། དེ་ལྟ་བུའི་ཡི་གེའི་གྲངས་ཡུལ་སོ་སོར་མང་ཉུང་ཁྱད་པར་ཡོད་པ་དཔེར་ན། ལེགས་སྦྱར་ལ་ཡིག་འབྲུ་༥༢ པར་སི་ཡན་ལ་ཡིག་འབྲུ་༤༥ གྷི་རིག་ལ་༢༤ ལཱེ་ཊེན་ལ་༢༣ ཨི་ཊཱ་ལེན་ལ་༢༡ བོད་ཡིག ༣༤ དབྱིན་ཇིར་༢༦ སོགས་ཡོད་པ་ལས་བོད་ཡིག་འབྲུ་ནི་དབུ་མ་ལྟ་བུར་གནས་ཡོད། དེ་དག་གི་བཤད་པ་རྒྱས་པའང་འདིར་འབྲིར་མི་ནུས་པས་རེ་ཞིག་བཞག་གོ། གསུམ་པ་ནི། རྒྱ་གར་གྱི་ཡི་གེ་ངོས་བཟུང་བ་དང༌། བོད་ཡིག་བརྩམས་ཚུལ་དངོས་གཉིས་ལས། དང་པོ་ནི། ཐོན་མིས་རྒྱ་གར་གྱི་ཡི་གེ་ལ་དཔེ་མཛད་ནས་བོད་ཡིག་སྲོལ་གཏོད་ཅེས་པའི་རྒྱ་གར་གྱི་ཡི་གེ་ངོས་བཟུང་ཚུལ་ལ་བཞེད་པ་མི་མཐུན་པ་མང་དུ་མཆིས་པའི་འགའ་ཞིག་གིས་ལན་ཛར་འདོད་པ་དང༌། འགའ་ཞིག་གིས་ནཱ་ག་རཱའི་ཡི་གེར་འདོད་པ་དང༌། ཁ་ཅིག་གུབྷའི་ཡི་གེར་འདོད་པ་སོགས་ཡོད་ཀྱང༌། ཡིག་རིགས་དེ་དག་གི་རྩ་བ་ནི་བྲ་ཧ་མི་ཞེས་པའི་ཡི་གེ་འདི་ཕྱི་ལོ་མ་བྱུང་སྔོན་ལོ་མང་དར་ཁྱབ་བྱུང་བ་ཞིག་ཡིན་ཅིང༌། ཡི་གེ་དེར་འཕོ་འགྱུར་རིམ་མང་བས་ཡིག་གཟུགས་འདྲ་མིན་སྣ་ཚོགས་མཆེད་པ་དཔེར་ན། ལྟ་བུར་མཚོན་ན་ཕྱི་ལོ་མ་བྱུང་སྔོན་ལོ་གསུམ་བརྒྱ་ནས་ད་ལྟའི་བར་ཡིག་གཟུགས་འདི་ལྟར་དང༌། དེ་བཞིན་ཡིག་འབྲུ་ཐམས་ཅད་ལ་དེ་ལྟ་བུའི་འགྱུར་བ་ཕྱིན་ཡོད། དེ་བས་ན་ཐོན་མིས་ཕྱི་མོ་གནས་ཡུལ་ཡི་གེ་ནཱ་ག་རི་དང༌། གུབྷའི་ཡི་གེ་སོགས་ལས་སྔ་མར་དཔེ་མཛད་ན་ཕྱི་མིར་མ་ཡིན་པ་ལྟ་བུ་སྐྱོན་ཆེན་རྩའགལ་དུ་མི་འགྱུར་ཏེ་ཐ་སྙད་སོ་སོར་ཐ་དད་ཅིག་ཏུ་བློ་ངོར་འཆར་བ་ལྟར་དོན་ལ་དེ་ལྟར་མིན་ཞིང༌། དུས་ཀྱི་དབང་གིས་གཟུགས་ལ་མི་འདྲ་བའི་ཁྱད་པར་ཕྲན་ཙམ་ཡོད་པ་ལས་སྲོག་ཤིང་ལྟ་བུ་གཅིག་ཡིན་པས་སོ། ནཱ་ག་རི་ཞེས་ཐ་སྙད་བཏགས་པ་རྒྱ་གར་གྱི་རྒྱལ་རབས་མཁན་མང་ཆེར་གྲགས་པ་བཞིན་ནོ། ཐོན་མི་ཉིད་རྒྱ་གར་དུ་ཕེབས་སྐབས་གུབྷའི་ཡིག་རིགས་ཉིད་གྲགས་པ་ཆེ་བས་དེ་ཉིད་ལ་དཔེ་མཛད་ནས་བོད་ཡིག་བརྩམས་པར་བཞེད་ན་ལེགས་པ་སྣང༌། ལོ་རྒྱུས་ཐོག་ནས་དེ་ལྟར་ཡིན་པར་མ་ཟད། ཡིག་གཟུགས་ལས་ཀྱང་ཤེས་ཏེ། ཞེས་དཔལ་ལྡན་རྒྱ་གར་ཨ་མའི་ལྷ་ཁང་གི་ལྡེབ་རིས་སུ་བཀོད་པའི་བརྒྱ་ཕྲག་བདུན་པའི་ནང་གི་རྒྱ་གར་གྱི་ཡི་གེ་དཔར་ན་འདི་ལྟར། རིམ་བཞིན་དེང་སང་གི་ཡི་གེ་བཅས་ཡིན་པས་བོད་ཡིག་དང་ཧ་ཅང་འདྲ་བ་གུས་པས་དངོས་སུ་མཐོང༌། ལྷག་པར་བ་དང༌། ལ་གཉིས་ལ་མི་འདྲ་བའི་ཁྱད་པར་ཅུང་ཟད་ཙམ་ཡང་གུས་པས་མངོན་པར་མ་གྱུར། གོང་གསལ་ཡིག་རིགས་རྣམས་རྒྱལ་པོ་དགའ་བའི་ལྷའི་དུས་ཀྱི་གུབྷའི་ཡི་གེ་ཡིན་པར་གྲགས་ཆེ་བས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དགོངས་པ་བཞིན་ཐུ་མིས་གུབྷའི་ཡི་གེར་དཔེ་ནས་མཛད་ནས་བརྩམས་པ་ཡིན་ནོ་ཞེས་འཐད་པ་བཟུང་ངོ༌།

གཉིས་པ་བརྩམས་ཚུལ་དངོས་ལ། མདོར་བསྟན། ཁྲི་བསྣོན་མཛད་ཚུལ་གཉིས་ལས་དང་པོ་ནི། དེ་ལྟར་གོང་དུ་ངོས་བཟུང་ཡི་གེའི་དབང་དུ་བྱས་ན། སྤྱིར་ཡི་གེར་ཨཱ་ལི་དང་ཀཱ་ལི་གཉིས་སུ་ཕྱེ་བའི་ཨཱ་ལིའི་བྱ་བ་གསལ་བྱེད་དབྱངས་ཡིག་ཨ་སོགས་བཅུ་དྲུག་དང༌། ཀཱ་ལིའི་བྱ་བ་གསལ་བྱེད་ཀ་སོགས་གསལ་བྱེད་སོ་བཞི་སྟེ་ཡིག་འབྲུ་གྲངས་༦༢ ལས། གངས་ཅན་ཡུལ་དུ་ཉེ་བར་མཁོ་བ་ཨཱ་ལི་མཚོན་བྱེད་ཨི་སོགས་དབྱངས་ཡིག་བཞི་དང༌། ཀཱ་ལིའི་བྱ་བ་མཚོན་བྱེད་གསལ་བྱེད་ཀ་སོགས་སུམ་ཅུར་བགྲངས་ངེས་པ་མཛད། འདིར་ཁ་ཅིག་གིས། དབྱངས་ཡིག་ཁོངས་ཨ་བགྲངས་དབྱངས་ཡིག་ལྔ་དང༌། གསལ་བྱེད་ཉེར་དགུར་འདོད་ཀྱང༌། སི་ཏུ་པཎ་ཆེན་གྱིས་དེ་ལྟར་འདོད་པ། མཁན་པོའི་དགོངས་པ་མ་རྟོག་པར་གཟུ་ལུམ་བྱས་པ་སྣང་སྟེ་རྩ་བ་ལས་དངོས་འགལ་དུ་སྨྲས་པའི་ཕྱིར། ཞེས་མཐའ་གཅིག་ཏུ་དགག་པར་མཛད་འདུག རྩ་བ་ལས་དངོས་འགལ་འགྲོ་ཚུལ་ནི། ཡི་གེ་ཨཱ་ལི་ཀཱ་ལི་གཉིས་དང༌། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། ཀཱ་ལོ་སུམ་ཅུ་ཐམ་པའོ། ཞེས་རྩ་བ་ལས་བྱུང་བ་ལྟར་རོ།

གཉིས་པ། རྒྱ་གར་གྱི་ཡི་གེ་བོར་ཚུལ་དང༌། བསྣན་ཚུལ་གཉིས་ལས། དང་པོ་བོར་ཚུལ་ནི། དཔེའི་ཡུལ་དུ་གྱུར་པའི་རྒྱ་གར་གྱི་ཡི་གེར་རྩ་བའི་དབྱངས་ཡིག་རེར་རིང་ཐུང་གཉིས་རེའི་རྣམ་གཞག་འཇོག་སྟངས་ཀྱིས་དབྱངས་ཡིག ༡༦ དང༌། གསལ་བྱེད་ལ་སྡེ་པ་དང་པོ་བཞི་བཞིའི་མས་ཀྱི་གཉིས་པར་ཡི་གེ་ཆེ་བ་རེ་བསྣནས་པས་ཡིག་འབྲུ་སོ་བཞིར་བགྲང་ཡོད་ཀྱང༌། རང་རེའི་ཡུལ་དུ་དེ་འདྲའི་རྣམ་གཞག་གི་དགོས་པ་མེད་པར་གཟིགས་ནས་ཨ་ཨཱ་ཨཱཱི་ཨཱཱུ་རི་རཱི་ལི་ལཱཱི་ཨཻ་ཨཽ་ཨཾ་ཨཿསྟེ་དབྱངས་ཡིག་བཅུ་གཉིས་བོར་བས་དབྱངས་བཞིར་ངེས་པར་མཛད། འོ་ན་ཨ་ཡིག་བོད་ལ་ཉེ་བར་མཁོ་བའི་དབྱངས་ཡིག་ཏུ་མི་གསལ་བས་མ་བཞག་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། དེ་ནི་དགོས་པའི་དབང་གིས་གསལ་བྱེད་སུམ་ཅུའི་ཐ་མར་བཞག་གོ། གསལ་བྱེད་སོ་བཞིའི་ནང་ནས་ཀྱང་གྷ་སོགས་མཐུག་ཡིག་ལྔ་དང༌། ཊ་སོགས་ལོག་ཡིག་ལྔ་མཐའ་ཟད་ཀྱི་ཡི་ཀཥ སྟེ་ཡིག་འབྲུ་བཅུ་གཅིག་ཀྱང་བོད་སྐད་དུ་ཉེ་བར་མི་མཁོ་བས་བོར་ཞིང༌། ལྷག་མ་ཉེར་གསུམ་ནང་ནང་ཀྱང་ཅ་སྡེའི་ཡི་གེར་དཔེ་མཛད་ཡོད་མིན་འོག་ཏུ་འཆད་པར་འགྱུར་རོ།

གཉིས་པ་རྒྱ་ཡིག་ལ་མེད་པའི་ཡི་གེ་གསར་དུ་སྣོན་ཚུལ་ལ། ཐུ་མིས་མདོ་རྒྱུས་བསྒྱུར་སྐབས་ཡི་གེ་འགའ་ཞིག་མ་ཚང་བའི་དཀའ་ངལ་གྱི་ཐུགས་མུག་སྟེ་གཟིམས་ནས་བཞུགས་པ་ན་སྟེས་དབང་ལྟ་བུས་མི་དཀར་པོ་ལྕགས་ཞྭ་དང༌། ལྕགས་གོས་གྱོན་པ་ཞིག་དང་འཕྲད་པ་དེའི་ཚིག་ཟུར་ལས་སྟོད་དུ་ཅ་ཆ་ཇ་གསུམ་དང༌། སྨད་དུ་ཞ་ཟ་འ་གསུམ་སྟེ་ཡིག་འབྲུ་གསར་དུ་བསྣན་ཞེས་སྔོན་བྱོན་སུམ་ཅུ་པའི་འགྲེལ་བྱེད་དང༌། ཡི་གེའི་བཤད་པ་མཛད་མཁན་ཕལ་ཆེར་མགྲིན་གཅིག་ཏུ་རླུང་ལྟར་གྲགས་ཀྱང༌། འདིར་ཅུང་ཟད་བརྟག་པ་བྱའོ། ཐོན་མོས་སྟོད་དུ་ཅ་ཆ་ཇ་གསུམ་རྒྱ་གར་གྱི་ཡི་གེར་མེད་པ་གསར་དུ་བསྣན་ཞེས་པ་ཡ་མཚན་སྣང་སྟེ། རྒྱ་གར་གྱི་ཡི་གེ་ཞེས་པ་གུབྷའི་ཡིན་པར་རིག་པ་དུ་མས་བསྒྲུབ་རྒྱུ་ཡོད་པ་དང༌། དེ་ལྟ་བུའི་ཡི་གེར་ཅ་ཆ་ཇ་གསུམ་མེད་པའི་དུས་བྱུང་བའི་ལོ་རྒྱུས་མེད་པ་མ་ཟད། ཐོན་མི་རྒྱ་གར་དུ་ཕེབས་སྐབས་ཀྱི་གུབྷའི་ཡི་གེ་ཅ་ཆ་ཇ་གསུམ་ནི་འདི་ལྟར། (ཅ་ཆ་ཇ་)མངོན་སུམ་དུ་མཐོང་རྒྱུ་ཡོད་པས་མངོན་སུམ་ལ་གནོད་དོ། གལ་ཏེ་ཅ་ཆ་ཇ་གསུམ་མེད་ན་རྒྱ་ཡིག་ལ་གསལ་བྱེད་སོ་བཞི་མེད་པར་འགྱུར་བའི་སྐྱོན་དང༌། གོང་གསལ་བཞིན་རྒྱ་ཡིག་ལྔ་བཅུ་རྩ་གཉིས་ལས་བོད་དུ་ཉེ་བར་མཁོ་བའི་ཞེས་སོགས་དང་འགལ་འདུར་འགྱུར་བ་སོགས་སྐྱོན་མང་དུ་ཡོང་ངེས། དེ་དག་ལས་གཞན་ཙ་ཚ་ཛ་གསུམ་གསར་དུ་བསྣན་པ་སྲིད་དེ། འདི་གསུམ་དང་ཞ་ཟ་འ་བཅས་རྒྱ་ཡིག་ལ་མེད་པ་དང༌། དེ་དག་གི་སྒྲ་ཡང་རྒྱ་གར་ཡུལ་མི་རྣམས་ཀྱིས་སྒྲ་གདངས་འཐད་པར་བརྗོད་མི་ཐུབ་པ་དང༌། དེ་བཞིན་གོང་གི་ལྷ་ཁང་དེའི་ལྡེབ་རིས་སུ་ཙ་དང་ཚ་གཉིས་སྡེ་པའི་གོ་རིམ་ལྡོག་སྟེ་ཧ་ཡིག་གི་རྗེས་སུ་བཀོད་ཡོད་པ་དང༌། ཛ་ཡིག་ནི་ལྡེབ་རིས་དེའི་ཕྱོགས་མཐའ་གང་དུའང་བཀོད་མེད་པ་སོགས་ལ་སླད་ནས་ཀྱང་དཔྱད་པར་འོས་སོ། །

སྨད་དུ་ཞ་ཟ་འ་གསུམ་བསྣན་ཚུལ་ལྕགས་ཞྭ་གྱོན་པའི་མི་དེའི་ཚིག་ཟུར་ལས་རིམ་བཞིན་ཞང་ཞུང་ནས་འོང་ཟེར་བ་ལས་ཞ་ཡིག་དང༌། ཟ་འོར་དུ་འགྲོ་ཞེས་པ་ལས་ཟ་དང་འ་ཡིག་བཅས་གསུམ་གསར་དུ་རྙེད་པ་འཐད་པ་སྣང་སྟེ། འདི་གསུམ་ཕྱི་མོ་ལ་མེད་པ་དང་གོང་ཞུས་ལྟར་དེ་དག་གི་སྒྲ་ཡང་རྒྱ་གར་ཡུལ་མིས་ཡི་གེ་གཞན་བརྗོད་པ་བཞིན་མི་ཐོན་པ་མངོན་སུམ་དུ་སྒྲུབ་པ་ལྟར་རོ། །

དེ་ལྟར་ན། བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་ཐོན་མི་ཉིད་ཀྱི་ཞལ་རྩེ་ལས་བྱུང་བ་ལྟར་འུ་ཅག་དུས་གསུམ་གྱི་བོད་འབངས་ཡོངས་ལ་བཀྲིན་བླ་མེད་དུ་ཆེ་ཞིང༌། མིག་མེད་རྣམས་ལ་མིག་སྲོལ་ཐོག་མར་ཕྱེ་བ་དེ་ནས་བཟུང་ད་བར་ཡིག་གཟུགས་ལ་འགྱུར་བ་གང་འཚམས་ཕྱིན་པར་སྣང་སྟེ།

དཔེར་ན། གུག་གུ་སོགས་བཞི་བརྒྱན་གཞིའི་ཨ་ཡིག་བཞིའི་དབྱིབས་གཟུགས་འདི་ལྟར། ཨ་ཨུ་ཨེ་ཨོ་སོ་སོར་ཡོད་པ་དང༌། དེ་བཞིན་ཅ་ཆ་ཇ་ཉ་ཙ་ཚ་ཛ་ཡོད་པ་དངོས་སུ་མཐོང་རྒྱུ་འདུག བོད་དུ་བསྟན་པ་ལ་སྔ་དར་བར་དར་ཕྱི་དར་བཅས་དུས་ཀྱི་རིམ་པ་གསུམ་ཡོད་པར་གྲགས་ཆེ་བས་སྔ་དར་ནི། ཐོག་མར་སྲོལ་གཏོད་པ་ནས་བཟུང་མཁས་དབང་གྲ་ཤོད་གཉིས་ཀྱི་བར་དུ་དར་ཁྱབ་བྱུང་བ་མངོན་ཞིང༌། དེ་ནས་རྒྱལ་རབས་ཞེ་གཅིག་པ་རྒྱལ་པོ་གླང་དར་གྱིས་ཀླ་ཀློའི་བྱ་སྤྱོད་ལྟར་བླངས་པས་བསྟན་པ་ཉམ་ཐག་ཏུ་བཟོས་པ་བཞིན་ཡི་གེ་ཡང་དེ་བཞིན་དུ་བཟོས་པར་བསྒྲུབ་སྟེ། ༸རྒྱལ་བ་སྐུ་འཕྲེང་བརྒྱད་པའི་ཡོངས་འཛིན་དམ་པ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ལས། གང་དུ་བསྟན་པ་དར་བ་དེ་ན་ཡི་གེའང་ཤིན་ཏུ་དག་པ་འབྱུང་ཞིང༌། བསྟན་པ་འཕང་དམའ་དུ་སོང་བ་དེ་ན་ཡི་གེའང་ཅལ་ཅོལ་དུ་འགྲོ་བ་ཡིན་ཞེས་གསུངས་པ་བཞིན་ནོ། དེ་ནས་མཁན་པོ་སྒྲོ་གཉའ་ཁྲིས་སྔོན་མའི་ཡིག་རིགས་ལ་ནན་གྱིས་བརྟག་ནས་གྲ་ཤོད་གཉིས་ཀྱི་ཡི་གེའི་ལུགས་བཞིན་ཡོངས་བར་བརྩོན་ཀྱང་ཇི་བཞིན་མ་བྱུང་སྟབས་པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེ་ལ་བར་དར་ཞེས་བྱའོ། གྲ་ཤོད་གཉིས་ཀྱི་ཡི་གེ་དང༌། པར་སར་གྱི་ཡི་གེ་གཉིས་མི་འདྲ་བའི་ཁྱད་པར་ཡང་བློ་ལྡན་རྣམས་ཀྱིས་ཡིག་རྙིང་ཁག་ལ་དཔྱད་ཞིབ་ཡོད་པར་མཛོད། །

དེ་ནས་ལོ་ཆེན་ཤཻས་རབ་དབང་ཕྱུག་མན་ཆད་དུ་དར་ཁྱབ་བྱུང་བ་དེར་ཕྱི་དར་ཞེས་གྲགས། མདོར་ན་ཡིག་སྲོལ་ཐོག་མར་གཏོད་པ་དེ་ནས་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བར་གྱི་ཡིག་གཟུགས་ལ་བསྒྱུར་བ་ཆེན་པོ་བྱུང་ཡོད་གཤིས། རྗེ་རིན་པོ་ཆེའི་དུས་ནས་ད་ལྟའི་བར་དབུ་ཆེན་ཡིག་གཟུགས་ལ་འགྱུར་བ་ཆེར་མ་ཕྱིན་ཡང༌། རྗེ་དེ་ཉིད་ཀྱི་སྐབས་ཤིང་པར་དང༌། ཐིག་རྩ་བཀོད་པ་སོགས་ཀྱི་དྲིན་ལས་བྱུང་བར་སེམས་སོ། དབུ་མེད་ནི་དབུ་ཆེན་མགྱོགས་པོར་བྲིས་པ་ལས་རིམ་བཞིན་བྱུང་ཞེས་དེབ་ཐེར་དཀར་པོའི་ནང་གསལ་ལྟར་ལེགས་པར་སྣང་ངོ༌།

བཞི་པ་ལ། ལྷག་བསམ་གཞེན་བསྐུལ་དང༌། སྨོན་ཚིག་གཉིས་ལས། དང་པོ་ནི། དེ་ལྟར་སྤྲུལ་པའི་རྒྱལ་པོ་མེས་པོ་སྲོང་བཙན་གྱི་བཀའ་ལུང་བཞིན་འཇམ་དབྱངས་སྐུ་དངོས་མིའི་ཤ་ཚུགས་ཅན་དུ་ཕེབས་པའི་ཐོན་མི་ཉིད་ཀྱི་སྲོལ་གཏོད་ཡི་གེ་འདི་ཁོ་ན་ད་བར་རང་རེའི་སྐད་ཡིག་ཏུ་ལོངས་སུ་སྤྱད་དང་སྤྱོད་བཞིན་པ་དང༌། ཐུབ་པ་སངས་རྒྱས་བཅོམ་ལྡན་འསས་ཀྱི་རྩོད་ལྡན་གདུལ་བྱའི་རྒྱུད་ཀྱི་ཕྲ་རྒྱས་བརྒྱད་ཁྲི་བཞིའི་སྟོང་གི་གཉེན་པོར་ཆོས་ཕུང་ཡང་དེའི་གྲངས་དང་མཉམ་པ་གསུངས་པའི་དོན་མ་ལུས་པ་བཀོད་དུ་ཡོད་པའི་སྐད་ཡིག་འཛམ་གླིང་ས་སྟེང་དུ་བཙིགས་སུ་འོས་པ། ལེགས་སྦྱར་སྐད་ཡིག་དང་མཚུངས་གཤིས། གདུལ་བྱ་རང་རོས་ནས་མ་འཕྱུག་ན་དུས་ནང་དུའང་ཡི་གེའི་ནུས་པས་མ་ལྡེང་པར་གཞན་ལ་གཏུགས་དགོས་རྩ་བ་ནས་མ་མཆིས་ཤིང༌། དེང་སང་དར་ཁྱབ་ཆེ་ཞིང་བསྔགས་སུ་འོས་པའི་ཚན་རིག་ཐོག་ནས་རྫས་སྦྱོར་བྱ་ཚུལ་དང༌། རྫས་དེ་དང་དེའི་ཐ་སྙད་ཀྱང་དུས་འཁོར་སོགས་བཀའ་བསྟན་ནང་གང་ཙམ་གསལ་ལུགས་བཀྲིན་དོ་ཟླ་མ་མཆིས་པའི་བཤེས་གཉེན་རྣམས་ལས་ཐོས་བཞིན་མཆིས། དེ་ལྟར་ན་སླ་བཅོས་དང༌། སྤམ་བཤད། སྙན་བཤཛ་སོགས་བརྡ་སྤྲོད་དང་མི་མཐུན་པའི་དབང་དུ་མ་གྱུར་པར་བརྡ་སྤྲོད་སྐད་ཡིག་གི་ལུགས་སྲོལ་དང་མཐུན་པ་ཁོ་ནར་གླེང་མོལ་གནང་རྒྱུ་དང༌། རྩོམ་སྒྲིག་བྱ་རྒྱུ་སོགས་ཤིན་ཏུ་གལ་ཆེ་ཞིང༌། གལ་ཏེ་སྙན་བཤད་སོགས་མུ་མཐུད་ལང་ཤོར་དུ་གྱུར་ཚེ་བཀའ་བསྟན་སོགས་ཀྱི་དོན་འཇིག་རྟེན་འདིར་ངོམས་སུ་སུ་ཡོད་པ་ཙམ་མ་ཟད། རང་ཉིད་སྲིད་མཚོའི་སྔུག་བསྔལ་ལས་སྒྲོལ་ཅིང༌། སྐུ་བཞིའི་གོ་འཕང་མངོན་དུ་བྱ་ཚུལ་སོགས་འཕྲལ་ཡུན་ཀུན་ཏུ་ཕན་པ་བཟང་ལ་རྒྱ་ཆེའི་ལམ་སྟོན་མཆོག་འགྱུར་དེ་ཉིད་འཇིག་རྟེན་ན་ནུབ་པར་འགྱུར་ཉེན་འཇིགས་འཚབས་ཐུགས་ལ་བརྣག་རྒྱུ་ཧ་ཅང་གལ་ཆེ་བས། བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་དང༌། གཤིས་ལུགས་བཟང་པོ་སོགས་ལ་སྣང་ཆུང་ཁྲི་ཞིག་མ་གནང་བར་བདག་གཅེས་དྭང་ལེན་ཡོང་རེས་རྨོངས་འཆར་འདི་ཙམ་མི་ཞུ་ཐུ་མེད་ལགས་ན། བློ་ལྡན་ཚང་མས་དགོངས་འཇགས་ཡོད་པ་འཚལ། །

གཉིས་པ་སྨོན་ཚིག་ནི། ཡི་གེའི་བྱུང་ཚུལ་མདོ་ཙམ་བཀོད་འདི་ཡིས། །བློ་མཐུན་ཚོགས་ཀྱི་བློ་སྤོབས་བརྒྱུད་བསྐུལ་ཏོ། །ལེགས་དཔྱད་འབྱུང་འགྱུར་སྤྲེལ་ཚའི་མི་རོགས་ལ། །སྨན་པའི་ལེགས་བཤད་སྐྱེས་བཟང་མང་ཐོབ་ཤོག །ཐུགས་བསྐྱེད་རླབས་ཕྲེང་རྡོ་རྗེའི་རང་གཟུགས་པད་དཀར་འཆང༌། །རྒྱལ་བའི་སྤྱན་སྔར་ཞལ་བཞེས་དམ་བཅའ་མ་བསྙེལ་བར། །བློ་མིག་རབ་ལྔོངས་སྡུག་བསྔལ་ཐང་ལུས་གཞིས་བྱེད་རྣམས། །བསམ་དོན་སྒྲུབ་ཅིང་སྲིད་མཐའི་བར་དུ་འབྲལ་མེད་སྐྱོངས། །ཞེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཆ་ཤས་སུ་གྱུར་པ་ཡི་གེའི་འབྱུང་ཚུལ་མདོ་ཙམ་བཀོད་པ་འདི་ནི་ཨ་ར་ན་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་བ་འཛིན་རིམ་བསྟན་བཅོས་མཁན་ཤ་སི་ཏི་རི་གུས་ལས་ལུང་བཀྲིས་དོན་གྲུབ་ཀྱིས་དང་བ་ཆེན་པོས་སུག་བྲིས་སུ་བགྱིས་པའོ།།

 

ཡོང་ཁུངས། དཔྱད་གཞིའི་ཡིག་ཆ།

[1] ཤེས་བྱ། བོད་རྒྱལ་ལོ་ ༢༡༠༠ ཕྱི་ལོ་ ༡༩༧༣ ཕྱི་ཟླ་བཞི་པ། སྙན་གྲགས་ཅན་གྱི་མི།

[2] ཤེས་བྱ། ཕྱི་ལོ་ ༡༩༧༦ ཕྱི་ཟླ་གཉིས་པའི་ཤེས་བྱ། ཤོག་གྲངས་ ༢

བརྒྱུད་སྐུལ།

མཆན་སྤེལ།