དགེ་བའི་བཤེས་གཉེན་རྣམ་པ་དང་། མཁས་དབང་རྣམ་པ། འགོ་ཁྲིད་རྣམ་པ། དགེ་རྒན་རྣམ་པ། ཡིག་མཁན་རྣམ་པ། ལྷན་རྒྱས་སྐུ་ཁམས་བཟང་།
ངས་ཐོག་མར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་ལགས་དང་། གླིང་གཙོ་ཟླ་བ་ལགས་གཉིས་གཙོ་བྱས་པའི་སློབ་གླིང་གི་དབུ་ཁྲིད་དང་དགེ་རྒན་ཡོངས་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་ལས་མི་ཡོངས་ཀྱི་ཚབ་བྱས་ནས། ཁྱེད་སློབ་གླིང་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འཁེལ་བྱ་བའི་ལས་དོན་ལ་རྒྱབ་སྐྱོར་དང་གོ་སྐབས་བླ་མེད་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ལྷག་པར་དུ་དེ་རིང་ཚོགས་འདུའི་སྟེང་ཆེད་དུ་གདན་ཞུ་བྱས་པའི་སྐྱེས་ཆེན་དང་མཁས་དབང་། དགེ་བའི་བཤེས་གཉེན་ནི་ཡུན་ནན་ཞིང་ཆེན་གྱི་བསྟན་འཛིན་ཧྲུའུ་ཅི། ཤར་སྐྱབས་མགོན་ཚང་། ཨ་ལགས་དོར་ཞི་ཚང་། ཨ་ལགས་བསེ་ཚང་། ཨ་ལགས་གཟན་དཀར་ཚང་། རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་བཅས་ཡིན་ལ། ཐེངས་འདིར་སྐུ་ཚེགས་ལ་མ་འཛེམ་པར་སྐུ་དངོས་སུ་ཕེབས་བཞུགས་གནང་ཡོད་པ་རྒན་བསྟན་འཛིན་ཧྲུའུ་ཅུ་དང་ཤར་སྐྱབས་མགོན་ཚང་རྣམ་གཉིས་ཡིན་ལགས། ཁོང་རྣམ་པས་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་མེད་གནང་བར་མ་ཟད་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གིས་ཐེངས་འདིར་ཐོན་མིའི་ཡིག་ཕུད་ཀྱི་ཕྱག་བྲིས་བཀའ་དྲིན་བསྐྱངས་ཡོད་པས་ངེད་ཚོགས་ཆུང་གི་ལས་མི་ཡོངས་ནས་སོར་བཅུའི་སྙིམ་པ་སྤྱི་བོར་བཀོད་དེ་ཁྱེད་རྣམ་པ་ལ་ཡང་ཡང་བཀའ་དྲིན་ཆེ་ཞུ་བ་ཡིན།
བོད་ཀྱི་ཡིག་གཟུགས་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་གི་འགོ་བཟུང་བའི་དེ་རིང་གི་ཉིན་མོ་འདི་ནི། ང་ཚོས་དྲན་གསོ་ཞུ་འོས་པའི་ཉིན་མོ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་རེད། སྤྱི་ཚོགས་ལས་རིགས་ཁག་ནས་ཕེབས་པའི་ཡིག་མཁན་རྣམ་པ་དང་བོད་ཀྱི་ཡིག་གཟུགས་ཀྱི་ལས་དོན་ལ་དོ་ཁུར་གནང་མཁན་གྱི་གྲོགས་པོ་རྣམ་པ། དེ་བཞིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གྲོགས་ཚང་མ་གནས་འདིར་ཕེབས་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ།
གཞན་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་རླུང་བརྙན་འཕྲིན་ཁང་གི་ལས་གྲོགས་རྣམ་པས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།
དང་པོ། བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འབེབས་ཀྱི་ལས་ཀའི་བརྒྱུད་རིམ།
སྤྱི་ལོ་༢༠༡༥ལོར་ཡིག་གཟུགས་གླེང་མོལ་ནང་གི་དྲ་གྲོགས་སྒོ་རབ་རྒྱས་ལགས་ཀྱིས་ཚོགས་པའི་ནང་གི་རྒན་རྣམ་པར་གྲོས་བྱས་ཏེ། ཐོན་མིའི་དུས་ཆེན་ཞེས་པའམ། ཡང་ན། བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་པ་ཞིག་གཏན་ཁེལ་བྱས་ན་གང་འདྲ་འདུག་ཅེས་གྲོས་མོལ་བྱུང་བར་རྒན་སྐལ་བཟང་ཡེ་ཤེས་ལགས་དང་རྒན་བསྟན་འཛིན་ལགས་རྣམ་གཉིས་གཙོས་ང་ཚོ་བྲིས་པ་མང་པོ་ཞིག་གིས་དེ་ལ་རྒྱབ་སྐྱོར་གྱི་བསམ་ཚུལ་བཏོན་པ་ཡིན། དེ་ལྟར་དགེ་མང་འཇམ་དཔལ་གྱིས་སྤྱི་ལོ་༢༠༡༥ལོའི་ཟླ་༨པའི་ཚེས་༢ཉིན་ཡིག་གཟུགས་དུས་ཆེན་ཞེས་པའི་གླེང་ཚོམས་ཤིག་གསར་དུ་རྩ་འཛུགས་བྱས།
ཉིན་དེ་ནས་བཟུང་དགེ་བའི་བཤེས་གཉེན་ཆེན་མོ་རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་གཙོ་བྱས་པའི་བྲིས་པ་བཅོ་ལྔས་མ་བསྐུལ་དང་བླངས་ཀྱིས་ཐུགས་ཁུར་བཞེས་ཏེ་དམིགས་ཡུལ་དེའི་ཐད་གྲོས་མོལ་བྱེད་འགོ་བརྩམས་པ་རེད། ཚང་མས་ཡིག་གཟུགས་དུས་ཆེན་ཞིག་འཛུགས་ཐུབ་སོང་ན་བོད་མི་རིགས་ཀྱི་ཡིག་གཟུགས་སྒྱུ་རྩལ་འདིའི་ཕུགས་རྒྱང་རིང་བོའི་མདུན་ལམ་ལ་གསོན་ཤུགས་གསར་བ་ཞིག་སྟེར་ཐུབ་པར་ངོས་འཛིན་གནང་ཞིང་། ལས་དོན་འདི་འཐུས་ཚང་ཡོང་ཆེད་ཚོགས་གཙོ་ཞིག་དང་དྲུང་ཡིག་ཞིག་དགོས་གལ་ཆེ་བར་མཐོང་སྟེ་ཚོགས་པའི་ཚོགས་མི་ཚང་མས་འདེམ་ཤོག་འཕངས་རྗེས་དགེ་མང་འཇམ་དཔལ་ཚོགས་གཙོ་དང་། རྒན་ཚལ་པ་བསམ་འགྲུབ་ལགས་དྲུང་ཡིག་ལ་བསྐོ་བར་བདམས་ཐོན་བྱུང་བ་རེད།
ཡིག་གཟུགས་གླེང་མོལ་ཚོམས་ནང་གི་གླེང་གཞི་གཞིར་བྱས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་བསམ་ཚུལ་དང་དོགས་སློང་སོགས་ཀྱི་རྒྱུད་རིམ་མང་པོ་ཞིག་གི་མཐར་ཡིག་གཟུགས་དུས་ཆེན་གྱི་མིང་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་དང་། སམ་བྷོ་ཊའི་ཡིག་གཟུགས་དུས་ཆེན། ཐོན་མིའི་མཛུབ་རིས་དུས་ཆེན་ཅེས་པ་གསུམ་ཐོག་མའི་འོས་གཞིར་བཞག་པ་དང་། ཚོགས་འདུའི་དུས་ཚིགས་ལ། དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲངས་ཀ་གཞིར་བཟུང་ནས་ཟླ་༤པའི་ཚེས་༣༠ཉིན་དང་། སློབ་དཔོན་ཐོན་མིའི་འཁྲུངས་ལོ་སྤྱི་ལོ་༦༡༨ལོར་ངོས་འཛིན་སྲོལ་ལྟར། ཟླ་༦པའི་ཚེས་༡༨ཉིན་དང་། ཐོན་མི་བོད་ཀྱི་མཛངས་མི་བདུན་གྱི་བཞི་བ་ཡིན་པའི་ཆ་ནས་ཟླ་༧པའི་ཚེས་༤ཉིན་བཅས་ཚོགས་འདུའི་དུས་ཚིགས་དེ་གསུམ་པོ་འོས་གཞིར་གྲོས་མཐུན་བྱུང་ཡོད། ད་དུང་དུས་ཚིགས་འདི་བོད་ཟླ་དང་སྤྱི་ཟླ་གང་གི་ཐོག་ཏུ་འཇོག་དགོས་མིན་སྐོར་ཡང་གླེང་སློང་མང་པོ་བྱས་མཐར། སྤྱི་ཟླ་བྱས་ན་དེང་སང་གི་རྒྱལ་ཁབ་ཀྱི་དུས་ཆེན་དང་སློབ་གྲྭ་ཁག་གི་ངལ་གསོ་སོགས་ཁྱབ་ཆེ་ས་ནས་བསམ་གཞིགས་བྱས་ཏེ་སྤྱི་ཟླ་ལྟར་ན་ཡག་པོ་མེད་དམ་སྙམ་ཡང་། གྲོས་གཞི་དེ་ཚང་མའི་གཅིག་མཐུན་གྱི་དགོངས་འཆར་བཞིན་གཏན་འཁེལ་བྱ་རྒྱུ་ལས་ད་དུང་ཐག་གཅོད་བྱས་མེད།
སྤྱི་ལོ་༢༠༡༦ལོའི་ཟླ་༤ པའི་ཚེས་༢༠ཉིན་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས་གཙོ་བྱས་པའི་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་དང་། བཙན་པོ་མགར་གྱི་དྲ་བ། མཚོ་སྔོན་པོའི་དྲ་བ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་གནས་དང་། རྣོ་སྦྲང་འཕྲིན་སྟེགས་སོགས་ཀྱི་ཐོག་ནས་གོང་དུ་འོས་གཞིར་བཀོད་པའི་མིང་དང་དུས་ཚིགས་ལ་དྲ་ཐོག་ནས་འོས་བསྡུའི་བརྡ་ཁྱབ་སྤེལ་བའི་སྡོམ་རྩིས་གཤམ་གསལ་ལྟར།
གོང་གི་རེའུ་མིག་ནང་གི་འོས་གྲངས་ནི། ཐེངས་འདིར་འཛོམས་པའི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་དང་ཡིག་མཁན་རྣམས་ཀྱིས་གྲོས་བསྡུར་བྱེད་པའི་དཔྱད་གཞི་ཡིན།
བོད་ཀྱི་ཡིག་གཟུགས་དུས་ཆེན་སྐོར་དྲ་ཐོག་ནས་བསམ་ཚུལ་བསྡུ་ལེན་གྱི་ཁ་བྱང་ལ་༼རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་མཁས་དབང་ཡོངས་ལ་ཕུལ་བའི་ཞུ་འཕྲིན་ཡིད་ཀྱི་མེ་ཏོག་༽ཅེས་པའི་ཞུ་འཕྲིན་ཞིག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཕྲིན་སྟེགས་སུ་སྤྱི་ལོ་༢༠༡༦ལོའི་ཟླ་༥་པའི་ཚེས་༩་ཉིན་དང་ཟླ་༦པའི་ཚེས་༦་ཉིན་བཅས་ཐེངས་གཉིས་ལ་བརྒྱུད་སྤེལ་བྱས་པ་དང་། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ་དང་མཚོ་སྔོན་པོའི་དྲ་བ་སོགས་སུའང་བརྒྱུད་སྤེལ་བྱས་ཡོད།
གཉིས་པ། ཡིག་གཟུགས་དུས་ཆེན་གཏན་འཁེལ་གྱི་སྔོན་འགྲོའི་གྲོས་རིམ།
སྤྱི་ལོ་༢༠༡༦ལོའི་ཟླ་༡༡་པའི་ཚེས་༡༨་ཉིན་རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་མཚོ་སྔོན་མི་རིགས་སློབ་ཆེན་ལ་འཆད་ཁྲིད་དུ་ཕེབས་སྐབས། སློབ་གྲྭ་དེ་གའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཀུན་དགའ་ལགས་དང་མཇལ་ནས་བཀའ་མོལ་གནང་བའི་སྐབས་སུ། ང་ཚོས་ཡིག་གཟུགས་དུས་ཆེན་གྱི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་ནའང་། དཔལ་འབྱོར་གྱི་ཡོང་ཁུངས་དང་རོགས་སྐྱོར་གང་ཡང་མེད་སྟབས་འཚོགས་མ་ཐུབ་པར་ལྷག་ཡོད་པས། རྗེས་སུ་བྲིས་པ་ཚང་མའི་སོ་སོའི་བརྩམས་ཆོས་ཡག་ཤོས་འགའ་རེ་བཙོང་སྟེ་དངུལ་བསྡུ་ལེན་བྱས་རྗེས་ཚོགས་འདུ་འཚོགས་ཐབས་ལ་བསམ་བློ་གཏོང་གི་ཡོད་ཚུལ་གསུངས་བ་ན། རྒན་ཀུན་དགའ་ལགས་ཀྱིས་དེ་འདྲ་བྱུང་ན་དཔེ་མི་སྲིད་པའི་ཡག་པོ་རེད། ཁྱེད་རང་བྲིས་པ་ཚོས་མི་རེ་རེའི་ཚབ་མཚོན་རང་བཞིན་ལྡན་པའི་ཡིག་གཟུགས་རེ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ལ་ཕུལ་རྒྱུ་བྱས་ན་སློབ་གླིང་གིས་ཁྱེད་རྣམ་པའི་ཚོགས་འདུའི་འགྲོ་གྲོན་ཕུལ་ཐུབ་ཀྱི་རེད། དེ་ལྟར་བྱ་རྒྱུར་མོས་མཐུན་ཡོད་ན། ཁོང་གིས་སློབ་གྲྭའི་འགོ་ཁྲིད་ལ་ཡར་ཞུ་བྱེད་ཆོག་ཚུལ་གསུངས་པའི་ལན་དུ་རྒན་གསབ་བདག་རྡོ་རྗེ་ལགས་ཀྱིས་བཀའ་དྲིན་ཆེ་ཞུས་ཤིང་མོས་མཐུན་བྱུང་།
སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་༡༢པའི་ཡར་ཚེས་ཉིན་ང་ཚོའི་ཡིག་གཟུགས་དུས་ཆེན་ཚོགས་ཆུང་གི་ཚོགས་མི་རྒན་དོན་གྲུབ་ཚེ་རིང་ལགས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཆེད་བསྐྱོད་ཀྱིས་ཚོགས་ཆེན་སྐོར་ལ་རྒན་ཀུན་དགའ་ལགས་དང་ལྷན་དུ་གྲོས་མོལ་གསལ་བོར་བྱས་པས་། སྤྱི་ལོ་༢༠༡༦ལོའི་ཟླ་༡༡པའི་ཚེས་༢༢ཉིན་ང་ཚོའི་ཡིག་གཟུགས་དུས་ཆེན་ཚོགས་ཆུང་ལ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནས་ཡིག་གཟུགས་སྐོར་གྱི་འཚོག་འདུའི་རྒྱབ་སྐྱོར་གནང་རྒྱུའི་དགོངས་ཚུལ་བཏོན་པ་ལྟར། ངེད་ཚོགས་ཆུང་གི་ཚོགས་མི་གཙོས་ཤེས་རབ་རྒྱ་མཚོ་ལགས་དང་མཚོ་སྔོན་སློབ་ཆེན་བོད་རིག་པའི་སློབ་གླིང་གཉིས་ཀྱི་བར། དེ་སྔ་༢༠༡༦ལོའི་ཧོར་ཟླ་༡༠པའི་ཚེས་༡༨ཉིན་༼རྟེན་མཛོད་ཁང་དུ་བོད་ཀྱི་དུས་རབས་རིམ་བྱུང་གི་ཡིག་གཟུགས་ཉར་ཚགས་ལས་སྒྲུབ་༽ཀྱི་གྲོས་མོལ་བྱུང་ཡོད་པས་། ཐེངས་འདིར་ཁོང་ལ་དངོས་སུ་ཡིག་གཟུགས་ཚོགས་ཆེན་སྐོར་གྱི་འབྲེལ་བ་གནང་རྒྱུའི་འགན་འཁྲི་བསྐྱོན་པ་བཞིན། ཁོང་གིས་མ་ཎི་འབུམ་ཧྲུའུ་ཅི་ལ་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་བསྐྱར་དུ་ཡིག་གཟུགས་དུས་ཆེན་སྐོར་གྱི་དཔྱད་གླེང་ཚོགས་འདུའི་སྐོར་བཀའ་འདྲི་ཞུས་པ་ན། ཁོང་གིས་སྔོན་རྒན་གསང་བདག་རྡོ་རྗེས་དགེ་རྒན་ཀུན་དགའ་བརྒྱུད་ཚོགས་འདུའི་སྐོར་སློབ་གྲྭར་ཞུས་ཡོད་པ་ལྟར་སློབ་གྲྭ་ནས་རྒྱབ་སྐྱོར་གནང་རྒྱུའི་བཀའ་ལན་གསལ་བོར་གནང་བ་རེད།
རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དབུར་བཞུགས་ཀྱི་ང་ཚོ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གིས་ཚོགས་འདུའི་སྔོན་འགྲོའི་ལས་དོན་ཁག་ལ་གྲོས་བསྡུར་བྱས་ཏེ། ཐོག་མར་བོད་ཀྱི་མཁས་དབང་ཁག་ཅིག་གདན་ཞུ་བྱ་རྒྱུ་གཏན་འབེབས་བྱས་ཤིང་། དེ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་ལས་གཞན་པའི་སྦྱང་བ་ཐོན་པའི་བྲིས་པ་༡༥ཙམ་གདན་འདྲེན་ཞུ་རྒྱུ་བཅས་ལ་ཡིག་མཁན་སུམ་ཅུ་ལྷག་མོས་མཐུན་བྱུང་རྗེས་འཆར་གཞིའི་ཡི་གེ་སྤྱི་ལོ་༢༠༡༦ལོའི་ཟླ་བ་༡༢པའི་ཚེས་༢༧ཉིན་མཚོ་སྔོན་མི་རིགས་སློབ་གླིང་གི་འགོ་ཁྲིད་ལ་ཕུལ་བ་རེད།
སྤྱི་ལོ་༢༠༡༧ལོའི་ཟླ་༡པོའི་ཚེས་༩ཉིན་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ང་ཚོས་ཕུལ་བའི་འཆར་གཞིའི་ཡི་གེར་གཟིགས་རྗེས་ཚོགས་འདུ་སྤྱི་ཟླ་༤པའི་ནང་འཚོག་རྒྱུར་གཏན་ཁེལ་གནང་ཡོད་པའི་ལན་འབྱོར་བྱུང་། སྤྱི་ཟླ་༢པའི་ཚེས་༢ཉིན་སློབ་གླིང་གི་ངོས་ནས་བྲི་བྱའི་ནང་དོན་ཁག་མཁོ་སྤྲོད་གནང་བ་ལྟར། ཤེས་རབ་རྒྱ་མཚོ་ལགས་ནས་བྲི་བྱ་དག་བྲིས་པ་རྣམས་ལ་ལས་བགོ་བྱས་ཤིང་། བརྩམས་ཆོས་བསྡུ་ལེན་སོགས་ཀྱི་ལས་འགན་ཡང་ཁོང་གིས་བཞེས་ཡོད།
དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དགོང་ལོ་བགྲེས་ན་ཡང་ཁོང་གིས་སྐུ་ངལ་ལ་མ་འཛེམ་པར་ཚོགས་པའི་ནང་མཉམ་ཞུགས་གནང་བ་མ་ཟད། ལས་དོན་འདིའི་མགོ་མཇུག་བར་གསུམ་ཐད་ཐུགས་བཀོད་དང་སློབ་སྟོན་རྒྱ་ཆེར་གནང་བར་བརྟེན་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་གཏན་འབེབས་བྱེད་པའི་ལས་དོན་འདི་དོན་སྨིན་བྱུང་བ་རེད། ངས་འདི་ནས་ང་ཚོའི་ལས་མི་ཡོངས་ཀྱི་ཚབ་ཞུས་ནས་རྒན་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གསུམ་པ། ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་ཚོགས་མི།
ད་ལྟའི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་ཁོངས་གཏོགས་ཚོགས་མི་ནི་དབུས་ཀྱི་དགེ་རྒན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དང་རྒན་བསྟན་འཛིན། རྒན་སྤེན་ནོར། རྒན་ཚལ་བ་པ་བསམ་གྲུབ་བཅས་ཡོད། ཁམས་ནས་རྒན་དཔག་བསམ་དོན་འགྲུབ་དང་རྒན་འདན་མ་བཀྲ་དགའ། རྒན་བཀྲ་ཤིས་དོན་འགྲུབ། རྒན་ཆུང་ལྷ་བཅས་ཡོད། མདོ་སྨད་ནས་རྒན་ཕུན་ཚོགས་ཐུབ་ཆེན་ལགས་དང་རྒན་དོན་གྲུབ་ཚེ་རིང་། རྒན་རྡོར་བྷ། རྒན་ཟུར་གཙང་གཡང་འབུམ། རྒན་སྐལ་བཟང་ཡེ་ཤེས། རྒན་ཤེས་རབ་རྒྱ་མཚོ། དགེ་མང་འཇམ་དཔལ་བཅས་ཁྱོན་སྡོམ་ཚོགས་མི་བཅོ་ལྔ་ཡོད་པ་དང་། ཚོགས་མི་འདི་དག་ཡིག་གཟུགས་གླེང་མོལ་ཚོམས་ནང་གི་མདོ་དབུས་ཁམས་གསུམ་གྱི་ཚོགས་མི་ལྔ་བརྒྱར་ཉེ་བའི་ནང་ནས་བདམས་ཐོན་བྱུང་བ་ཡིན།
བཞི་པ། ཡིག་གཟུགས་བརྩམས་ཆོས་ཀྱི་གྲངས་འབོར།
ང་ཚོའི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚན་ཆུང་གི་བྲིས་པ་བཅོ་ལྔ་ཕུད། དེ་ལས་གཞན་པའི་བྲིས་པ་ཉེར་བརྒྱད། བྲིས་པ་མ་ཡིན་པའི་སྐུ་མགྲོན་དང་མཁས་དབང་མི་སྣ་བརྒྱད་བཅས་ཐེངས་འདིར་ཚོགས་ཆེན་དུ་དངོས་སུ་གདན་འདྲེན་ཞུས་པའི་སྐུ་མགྲོན་ལྔ་བཅུ་ལྷག་དང་། གཞན་ནུབ་བྱང་མི་རིགས་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། རེབ་གོང་སོགས་ནས་ཟུར་ཞུགས་མི་སྣ་བཅུ་ལྷག་ཡོད། ཡིག་གཟུགས་བརྩམས་ཆོས་ཁྱོན་བསྡོམས་༩༦བསྡུ་ལེན་བྱས་ཡོད།
ལྔ་པ། ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་ཉར་ཚགས་བྱེད་སྟངས།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་དང་མཚོ་སྔོན་མི་རིགས་སློབ་ཆེན་རྟེན་མཛོད་ཁང་དུ་དུས་རབས་རིམ་བྱུང་གི་ཡིག་གཟུགས་ཉར་ཚགས་ལས་སྒྲུབ་ཁང་གཉིས་ཀྱིས་མཉམ་སྒྲུབ་ཀྱིས་རེབ་ཐེངས་དང་པོ་འདིར་བརྩམས་ཆོས༩༦གང་བྲིས་ཡོངས་རྫོགས་མཚོ་སྔོན་མི་རིགས་སློབ་གླིང་གིས་གསར་བཞེངས་གནང་བཞིན་པའི་རྟེན་རྫས་བཤམས་མཛོད་ཁང་ལ་ལེགས་སྐྱེས་སུ་ཕུལ་བ་ཡིན། རྟེན་རྫས་བཤམས་མཛོད་ཁང་ལེགས་འགྲུབ་བྱུང་རྗེས་བརྩམས་ཆོས་དེ་དག་གཏན་ཉར་གནང་རྒྱུ་དང་། ཡིག་མཁན་རྣམས་ལ་ཉར་ཚགས་དཔང་ཡིག་ཀྱང་གནང་རྒྱུའི་ཁས་ལེན་བྱས་ཡོད། ཐེངས་འདིར་ཕུལ་བའི་བརྩམས་ཆོས་གང་ཡོད་ཚོགས་འདུའི་ཉིན་དང་པོ་ནས་སློབ་གླིང་ནང་དུ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ཞིབ་ཕྲའི་ཚོགས་འདུའི་མཛད་རིམ་གདན་ཞུའི་ཡིག་ཆར་བཀོད་ཡོད་པས་འདི་ནས་ཞུ་མི་དགོས་པ་བྱས་ཡོད།
དྲུག་པ། ཚོགས་པའི་མ་འོངས་བའི་འཆར་གཞི།
༡.ཐེངས་འདིའི་འཚོག་འདུ་ལེགས་འགྲུབ་བྱུང་རྗེས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་སྐབས་གཉིས་པའི་ཚོགས་གཙོ་དང་དྲུང་ཡིག རྒྱུན་ལས་བཅས་གསར་ཏུ་འོས་འདེམས་བྱ་རྒྱུ་དང་། ཨ་ལགས་དོར་ཞི་ཚང་། ཨ་ལགས་བསེ་ཚང་། ཨ་ལགས་གཟན་དཀར་ཚང་། ཤར་སྐྱབས་མགོན་ཚང་། ཡུན་ནན་ཞིང་ཆེན་གྱི་བསྟན་འཛིན་ཧྲུའུ་ཅི། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་ཧྲུའུ་ཅི་མ་ཎི་འབུམ་ལགས་བཅས་ཁོང་རྣམ་པ་ཡིག་གཟུགས་དུས་ཆེན་གྱི་མཚན་བཞེས་ཚོགས་གཙོ་གཙོས་ལས་དོན་ཇི་རིགས་ཐད་གཟིགས་སྐྱོང་གནང་རྒྱུའི་རེ་བ་ཞུ་རྒྱུ་ལགས། ཚོགས་མིའང་ཐེངས་འདིར་ཚོགས་ཞུགས་སུ་ཕེབས་པའི་ཡིག་མཁན་གང་ཡོད་སོ་སོའི་འདོད་མོས་ལྟར། ཡིག་གཟུགས་དུས་ཆེན་གླེང་ཚོམས་སུ་ཞུགས་ཚེ་ཚོགས་མི་ལ་ངོས་འཛིན་བྱ་རྒྱུ་ཡིན།
༢.བོད་ཀྱི་ཡིག་གཟུགས་དུས་ཆེན་འདི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་གཏན་འཁེལ་བྱ་ཆེད། ཚོགས་གཙོ་རྒན་གཞོན་གཉིས་དང་། དྲུང་ཡིག་རྒན་གཞོན་གཉིས། རྒྱུན་ལས་བཅུ་གཅིག་བཅས་གཏན་འཁེལ་བྱ་རྒྱུ། བདམས་ཐོན་བྱུང་བའི་ལས་འགན་པས་ཡིག་གཟུགས་དུས་ཆེན་ལས་གཉེར་ཚོགས་ཆུང་གི་ལས་དོན་སྒྲུབ་པའི་ལས་འགན་བཞེས་རྒྱུ།
༣.ཚོགས་ཆུང་གི་ལས་འགན་བཞེས་མཁན་ཚོས་ཞིང་ཆེན་ལྔའི་ས་གནས་སོ་སོའི་ཡིག་མཁན་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ། ད་ལྟའི་ཚོགས་པ་འདི་རིམ་གྱིས་རྒྱལ་ཁབ་གྱི་ཁྲིམས་ཐོག་ནས་ངོས་འཛིན་ཡོད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་མཁས་པའི་མཐུན་ཚོགས་སུ་བསྒྱུར་བར་བརྩོན་ལེན་བྱ་རྒྱུ།
༤ ལོ་གཉིས་རེའི་ནང་ཡིག་གཟུགས་ཚོགས་འདུ་ཐེངས་གཅིག་དང་ཡིག་གཟུགས་བཤམས་སྟོན་ཐེངས་གཅིག་རེ་སྤེལ་བར་བཀོད་སྒྲིག་བྱ་རྒྱུ།
༥. དུས་ཆེན་གྱི་མིང་དང་དུས་ཚིགས་གཏན་འབེབས་བྱུང་རྗེས། ཐེངས་འདིའི་ཚོགས་ཞུགས་ཀྱི་མི་ཚང་མས་ས་གནས་སོ་སོའི་མཐུན་ཚོགས་དང་སྤྱི་སྒེར་གང་རུང་ལ་འབྲེལ་བ་བྱས་ནས་ལོ་ལྟར་ཡིག་གཟུགས་དང་འབྲེལ་བའི་བྱ་འགུལ་རེ་སྤེལ་རྒྱུ།
༦. ཚོགས་མི་ཚང་མས་སོ་སོའི་ས་གནས་ཀྱི་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་ཡིག་གཟུགས་གསབ་སྦྱོང་གི་གོ་སྐབས་བསྩལ་ཏེ་མ་འོངས་པའི་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་པ་གསོ་སྐྱོང་གནང་དགོས།
མཐར་བོད་ཀྱི་ཡིག་གཟུགས་ཉིན་མོ་ལས་གཉེར་ཚོགས་ཆུང་གི་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་གྱི་བྲིས་གྲོགས་ལྷན་རྒྱས་ནས་ཕྲན་ལ་སྙན་ཞུའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་གཉེན་རྣམ་པའི་སྐུ་ཚེ་བརྟན་ཞིང་། བོད་ཀྱི་ཡིག་གཟུགས་ལས་དོན་ལ་བརྩོན་པའི་ལས་གྲོགས་ཡོངས་ཀྱི་བྱ་གཞག་ཐམས་ཅད་གོང་ནས་གོང་དུ་འཕེལ་པའི་སྨོན་འདུན་ཞུ། ཞལ་དྲོ། བཀྲ་ཤིས་བདེ་ལེགས།
དགེ་མང་འཇལ་དཔལ་ནས་སྤྱི་ལོ་༢༠༡༧ལོའི་ཟླ་༤པའི་ཚེས་༡༥ཉིན་ཕུལ།