ཕོ་བྲང་གི་ཕྱིའི་རྒྱན་སྤྲོས་སྐོར།
ཕོ་བྲང་དབུ་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས་དང༌། སྤེན་རྒྱན་ཁག སྤེན་བད། རྒྱལ་མཚན། ཐུག་སོགས་ཡོད།
རྒྱ་ཕིབས། མཆོད་སྡོང་ཁང་དེའི་དབུ་རྩེར་གསེར་ཟངས་ཀྱི་རྒྱ་ཕིབས་ལ་རྒྱ་གར་ལུགས་ལྟར་ན་བ་རེན་ཊ་དང་གོ་ཊའི་ལུགས་གཉིས་ཡོད་པའི་ཚད་ལྡན་དེ་འདྲ་བོད་དུ་ལྷ་ཁང་ཆེན་པོར་བྱ་སྲོལ་མེད་ཀྱང་ཁུངས་དེར་བརྟེན་ནས་གྲུ་བཞི་ཟུར་བཅག་རུས་སྦལ་གྱི་དབྱིབས་གཟུགས་ཅན་དེའི་རིང་ཚད་ལ་རྒྱུག་མཐོ་༤༦ ལ་སྤྱི་ཁྲི་བཅུ་གཅིག་དང་ཕྱེད་ཀ ཞེང་ཚད་རྒྱུག་མཐོ་ ༥༧ ལ་སྤྱི་ཁྲི་བཅོ་ལྔ་མ་ཟིན་ཙམ། ཆུ་འཛར་ནས་རྩེའི་ཏོག་བར་དཔངས་ལ་རྒྱུག་མཐོ་ ༢༨ ལ་སྤྱི་ཁྲི་ ༦ ལྷག་ཙམ། ཟེ་རོག ཆུ་འཛར། ཟུར་ཁུག་བཞིར་ཆུ་སྲིན་མགོ་བརྙན་དང༌།
རྩེ་རྒྱན་དབུས་གསེར་ཟངས་ཀྱི་དྲིལ་གཟུགས་གྷན་ཇི་ར་དང་མཐའ་གཉིས་སུ་བུམ་གཟུགས་གྷན་ཇི་ར་རེ་རེ། དེའི་མཐར་རླུང་བསྐྱོད་དྲིལ་གདང་ལྕགས་ཐག་འཛིན་བྱེད་བྱང་ཤང་ཤང་གཟུགས་དང༌། ཟུར་ཐུང་གི་ཁུག་རེར་ཆུ་སྲིན། ཟུར་བཀག་ལ་ནོར་བུ་མེ་འབར། རླུང་དྲིལ་ཉེར་བཞི། རྒྱ་ཕིབས་ཀྱི་འོག་ཏུ་བྲེ་འདེགས་གླང་སྣ་གསུམ་སྐོར། བྲེ་སྤུངས་གསུམ་སྐོར། གླང་སྣ་ལྔ་སྐོར། དེའི་སྟེང་གླང་སྣ་བདུན་སྐོར། དེའི་སྟེང་ཕག་སྣ་བརྒྱད་སྐོར་སོགས་ཤིང་གི་བཟོ་དབྱིབས་ངོ་མཚར་ཅན་མང་པོ་ཡོད་པ་དེས་རི་བོ་བརྩེགས་པ་ལྟར་ཧ་ཅང་མཐོ་བའི་ཕོ་བྲང་ཕྱོགས་དང་ཕྱོགས་མཚམས་ནས་ཉིན་མཚན་དུ་རླུང་ཤུགས་དྲག་པོ་འཐབ་ཅིང་ཡོད་རུང་ཤིང་གི་བྲེ་སྤུངས་དེ་རྣམས་ཀྱིས་རླུང་ཤུགས་སོ་སོར་བཤགས་ནས་ད་ཕན་རྩེའི་རྒྱ་ཕིབས་ལ་ལྷགས་རླུང་གིས་སྐྱོན་ཆ་ཤོར་བའི་ལོ་རྒྱུས་མེད་པ་མ་ཟད་ད་དུང་རྒྱ་ཕིབས་འོག་གི་ཤིང་གི་བཟོ་དབྱིབས་སྣ་ཚོགས་བྲེ་སྤུངས་སུ་བརྩེགས་པ་དེས་རྒྱ་ཕིབས་ཀྱི་ལྗིད་ཚད་ཁ་གྲམ་སྟེ་འོག་གི་ཁང་པར་ཉེས་སྐྱོན་མི་འབྱུང་བ་དང༌། མཛེས་རྩལ་གྱི་ཐད་ལའང་ནུས་པ་ངེས་ཅན་ཐོན་ཡོད་པ་རེད།
གྷན་ཇི་ར། ཕོ་བྲང་ཡང་སྟེང་མཐའ་ཟུར་སོ་སོར་ལེགས་སྦྱར་སྐད་དུ་གྷན་ཇི་ར་སྟེ་མཛོད་ལྡན་དུ་གྲགས་པ་ཁང་བཟང་གི་རྩེ་མཐོར་གསེར་འོད་ཆེམ་ཆེམ་དུ་རྣམ་པ་མཛེས་པའི་རྒྱན་བྱེ་བྲག་པར་དྲིལ་བུའི་གཟུགས་དང༌། བུམ་པའི་གཟུགས་གཉིས་སུ་ཡོད་པ་ལས་དེའི་གཟུགས་ཀྱི་པད་མ་ནི་འོད་དཔག་མེད། དེའི་སྟེང་འཁོར་ལོ་ནི་རྣམ་སྣང༌། དེའི་སྟེང་དྲིལ་བུ་ནི་དོན་གྲུབ། དེའི་སྟེང་བུམ་པ་ནི་མི་བསྐྱོད་པ། རྩེ་མོའི་ནོར་བུ་ནི་རིན་འབྱུང་བཅས་རྒྱལ་བ་རིགས་ལྔའི་མཚོན་དོན་ཡིན།
རྒྱལ་མཚན། གཙུག་ལགས་ཁང་དང༌། ཕོ་བྲང་གི་ཡང་སྟེང་དུ་གསེར་ཟངས་ལས་གྲུབ་པའི་རྒྱལ་མཚན་དང༌། རས་ཚོས་ཚོགས་ཀྱི་རྒྱལ་མཚན་གཉིས་སུ་ཡོད་ཇཔ་ངོ་བོ་གཅིག་མཚུངས་ཡིན་པས་ཤམ་བུ་གསུམ་བརྩེགས་སུ་ཡོད་པ་ནི་རྣམ་སྲས་ཀྱི་རྒྱལ་མཚན་དང༌། ཤམ་བུ་དགུ་བརྩེགས་ནི་བཀྲ་ཤིས་དགུ་བརྩེགས་དང༌། གསེར་ཟངས་ཀྱི་རྒྱལ་མཚན་དེའི་ལྡེབས་སུ་སེང་གེ་རྐང་པ་བརྒྱད་པ། ཆུ་སྲིན་དུང་གི་མཇུག་མ་ཅན། ཉ་སྲམ་གྱི་སྤུ་ཅན་གསུམ་གྱི་གཟུགས་བརྙན་དེ་ནི་མི་མཐུན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཚོན་དོན་ཡིན།
རི་དྭགས་འཁོར་ལོ། བདག་ཅག་གི་སྟོན་པ་ཤཱཀྱ་སེང་གེ་མངོན་པར་རྫོགས་ནས་ཡུལ་ཝ་ར་ན་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་འཁོར་ལྔ་སྡེ་བཟང་པརོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་ཚེ་འཇིག་རྟེན་གྱི་མེས་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་དེ་ཕུལ་ཏེ་གསོལ་བ་བཏབ་པ་ལྟར་བཀྲ་ཤིས་པའི་མཚོན་བྱེད་དང༌། རི་དྭགས་བསེ་རུ་ཁ་སྤྲོད་དུ་བསྡད་པ་དེ་ཆོས་བསྐུལ་པ་པོ་དང༌། ཞུ་པ་པོ་མཚོན་པའོ། །འཁོར་ལོས་བདེ་བར་གཤེགས་པས་མདོ་སྔགས་ཀྱི་ཆོས་ཀྱི་འཁོར་ལོ་འགྲོ་བའི་མོས་པ་དང་འཚམ་པ་དྲང་ངེས་སུ་སྐོར་བ་ལ་མུ་སྟེགས་པ་རྣམས་ཁེངས་པ་དོར་ནས་བསྟན་པ་ལ་ཞུགས་ཤིང་གུས་འདུད་མཚོན་ཕྱིར་རི་དྭགས་ཕོ་མོ་ཉལ་སྟབས་ཀྱིས་གདོང་ཕྱིར་ཕྱོགས་ཤིང་མིག་འཁོར་ལོའི་རྩེར་བལྟས་ནས་ཡོད་པ་བཅས་ཀྱི་མཚོན་དོན་ཡིན།
རྣམ་བཅུ་དབང་ལྡན། གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད་ལས་གསུངས་པའི་རྣམ་བཅུ་དབང་ལྡན་དུ་གྲགས་པ་དེ་ནི་འབྱུང་བ་རླུང༌། མེ། ས། ཆུ། རི་རབ་སྟེ་བརྟེན་པ་རྣམ་པ་ལྔ་དང༌། འདོད་པའི་གཟུགས། གཟུགས་མེད། ཉི་མ། ཟླ་བ་གཉིས་བཅས་གཡོ་བ་རྣམ་པ་བཞི། ཀུན་ཁྱབ་སྒྲ་གཅན་ནམ་མཁའ་དང་བཅས་བཅུ་པོ་དེ་འཇིག་རྟེན་གྱི་སྣོད་བཅུད་དུ་གྲུབ་པས་དེ་ཁང་བཟང་གི་རྒྱན་དུ་སྤྲས་པ་དེས་ཕྱིའི་སྣོད་བཅུད་རང་བྱུང་ཁམས་དང༌། ནང་གི་འབྱུང་ཁམས་བཅས་རང་གི་དབང་དུ་བསྡུས་ཐུབ་པའི་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ཡོད་པར་མཚོན་པ་ཡིན།
རྟེན་ཐུག བ་དན་རྔ་ཡབ་ཟུང་དུ་འཇུག་པ་བོད་སྔ་རབས་པ་རྣམས་ཀྱི་ཕྱག་བཞེས་དེང་སང་ཐུག་ཏུ་འབོད་པ་དེ་ནི་སྔོན་ས་སྐྱ་པཎ་ཊི་ཏ་སྟོད་ཁུལ་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་རིགས་པས་ཚར་བཅད་ནས་ཁོ་པའི་སྐྲ་དང་རལ་པ་གཞན་ལ་རྔམ་བརྗིད་བཏོན་པའི་ཆེད་ཁང་པའི་ཡང་སྟེང་དུ་བཀལ་བ་རེད་ཅེས་ཤོད་སྲོལ་ཡོད་པ་བཞིན་དུས་ཕྱིས་རྔ་རྩིད་ནག་པོ་ལས་གྲུབ་པའི་ཐུག་རལ། ལྕགས། མེ་རི་རྩེ་གསུམ་དང་ལྡན་པའི་ཐུག་དེ་ནི་མུ་སྟེགས་པ་སོགས་རིགས་པས་ཚར་བཅད་པའི་མཚོན་དོན་དུ་དེང་སང་ཕོ་བྲང་དང༌། དགོན་པའི་ཡང་ཐོག་ཏུ་བཙུགས་སྲོལ་དུ་གྱུར་པ་རེད།
ཕྱོགས་བཟློག་གཟུགས་བརྙན་སྣ་ཚོགས། ཕོ་བྲང་གི་གོང་ལའི་མཐའ་བསྐོ་དུ་གསེར་ཟངས་ཀྱི་དབྱིབས་སྒོར་མོའི་ལྡེབས་སུ་ཁྱུང་གཟུགས། མུལ། མཆོད་རྟེན། བཀྲ་ཤིས་རྟགས་བརྒྱད། ཆུ་སྲིན། འབྲུག གཡུང་དྲུང་བཅས་གསེར་ཟངས་དང༌། ཤིང་རྡོ་གཡམ་བཅས་ཀྱི་ཐོག་བརྐོས་པའི་གཟུགས་བརྙན་ཅི་རིགས་ཤིག་ཡོད་པ་དེ་ནི་བཀྲ་ཤིས་དགུ་བརྩེགས་དང༌། ས་དགྲ་ངན་པ་མི་མཐུན་ཕྱོགས་རྣམས་བཟློག་ཆེད་ཡིན། ལྷག་པར་སྐྱིད་ཤོད་ཀྱི་རི་དཔྱད་ལ་དཔགས་ནས་རྩེ་ཕོ་བྲང་གི་ཕྱོགས་བཞིར་དམིགས་བསལ་གྱི་ཕྱོགས་བཟློག་ཡོད་པ་དཔེར་ན། ལྷ་སའི་ཤར་ངོས་དཔལ་ལྡིང་གི་ཕྱོགས་སུ་སྲིན་མོ་གོས་མཛེས་མའི་རི་དེ་བཟློག་ཆེད་རྡོའམ་ཤིང་གང་རུང་གི་དབང་ཕྱུག་མཚན་ཕྱོགས་དེར་ཁ་བལྟས་ཡོད་པ་དང་ལྷ་སའི་བྱང་ངོས་སེ་རའི་གླང་སྨོན་རི་དེ་བཟློག་ཆེད་རྡོ་བརྐོས་ཀྱི་སེང་གེ་ལག་པ་གཡས་པ་བཏེགས་པ་ཞིག་ཡོད། ལྷ་སའི་ནུབ་ངོས་སྟོད་ལུང་སྲིན་པོའི་རི་བཟློག་ཆེད་གསེར་ཟངས་ངམ་རྡོ་བརྐོས་ཀྱི་བྱང་ཆུབ་མཆོད་རྟེན། ལྷ་སའི་ལྷོ་ངོས་སྡིག་པའི་རི་དེ་བཟློག་ཆེད་རྡོ་བརྐོས་སམ། གསེར་ཟངས་ཀྱི་ཁྱུང་གི་གཟུགས་བརྙན་བཅས་ས་དགྲ་བཟློག་པའི་མཚོན་དོན་གཟུག་བརྙན་བཅས་ཡོད།
སྤེན་བད། རང་རེའི་ལྗོངས་ས་ཁུལ་གྱི་གཙུག་ལག་ཁང་དང༌། ཕོ་བྲང་ཁག་ལ་སྤེན་བད་རྒྱག་སྲོལ་ཡོད་པ་དེ་ནི་བོད་ལྗོངས་ས་མཐོ་བས་དུས་བཞིར་རླུང་ཤུགས་ལྡང་བ་དང༌། ལྷག་པར་དགུན་དཔྱིད་གཉིས་རླུང་ཆེན་རྒྱུན་ཆད་མེད་པར་གཡོ་བ་དེས་ཁང་པའི་རྩེ་མོར་གཡོ་འགུལ་ཐེབས་ཏེ་སེར་གས་ཀྱི་རིམ་བཞིན་ཁང་པ་ཞིག་སྐྱོན་འགྲོ་བས་ད་ལྟ་བོད་ཀྱི་ཡུལ་གྲོང་སོ་སོའི་མི་དམངས་ཀྱི་ཁང་པའི་གོ་ལའི་མཐའ་བསྐོར་དུ་ཤིང་གླང་མའམ། ཚར་པ་སོགས་ཤིང་གསག་རྩིག་ཞེང་དང་མཐུན་པ་གྲལ་བསྟར་འགྲིག་པོས་རྩིག་པ་དེ་ནི་རླུང་ཤུགས་ཇི་ཙམ་ལྡང་ཡང་ཤིང་གསག་དེའི་གསེབ་ནས་རླུང་ཤུགས་ཕྱིར་ཐོན་ཏེ་ཁང་པར་སེར་གས་ཀྱི་སྐྱོན་ཆ་མི་ཡོང་བའི་རླུང་བཤགས་ཀྱི་ནུས་པ་ངེས་ཅན་འདོན་གྱི་ཡོད་པ་རེད། བར་སྐབས་ཤིག་ནས་མི་རྣམས་ཀྱི་སྔ་རབས་པའི་ཚན་རིག་དང་མཐུན་པའི་བྱེད་སྲོལ་དེ་རིམ་བཞིན་ཕོ་བྲང་སོགས་ལ་དར་ནས་ཤིང་སྤེན་མ་གད་བདར་གྱི་ཆག་ལྡེམ་བཟོས་ནས་རྩིག་སྟེང་གྲལ་བསྟར་སྒྲིགས་པོས་སྤེན་བད་རྒྱག་སྲོལ་དུ་གྱུར་ནས་དེའི་སྟེང་སྤེན་རྒྱན་སོགས་རྒྱན་སྤྲོས་བཟོ་བསྐྲུན་བྱས་པ་རེད། སྤེན་བད་ནི་ཁང་སྟེང་ཤིན་ཏུ་ཡང་བའི་སྒྲིགས་ཆས་ཤིག་ཡིན་པ་མ་ཟད། རླུང་བཤགས་སོགས་ཀྱི་ནུས་པ་ཐོན་པའི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་གྱི་རྒྱུ་ཆ་ཞིག་ཡིན་ལ་ཕྱིས་སུ་དགོན་པ་ལྷ་ཁང་དང༌། ཕོ་བྲང་སོགས་འཛུགས་བསྐྲུན་གྱི་མཛེས་རྒྱན་ལྟ་བུར་གྱུར་པ་རེད།
ཕོ་བྲང་གི་ས་དཀར། དམར། སེར། ད་ལྟ་རང་རེའི་ཕོ་བྲང་དང༌། དེ་མིན་གྱི་དགོན་པ། གཙུག་ལག་ཁང་སོགས་ཕྱི་རྩིག་ངོས་ས་དཀར། དམར། སེར་ནག་བཅས་ཀྱི་ས་རྩིའི་ཁུ་བས་རྒྱན་སྤྲོས་སྲོལ་ཡོད། དེ་ནི་སྔར་ཆོས་རྒྱལ་གྱི་གོང་དུ་ཤོད་སྲོལ་ཇི་ཡོད་མ་ངེས་ཀྱང༌། བོད་དུ་ནང་པའི་ཆོས་ལུགས་དར་རྗེས་ཞི་རྒྱས་དབང་དྲག་དང༌། རིགས་གསུམ་མགོན་པོ་སོགས་ཀྱི་མཚོན་དོན་དུ་ཤོད་སྲོལ་ཡོད་པ་བཞིན་ས་དཀར་པོ་གསོལ་བ་དེ་ནི་ནད་གདོན་བར་ཆད་ཞི་བར་བྱེད་པའི་རྟགས་དཀར་པོ། ས་སེར་པོ་གསོལ་བ་དེ་ནི་ཚེ་དང་བསོད་ནམས་རྒྱས་པར་བྱེད་པའི་རྟགས་སེར་པོ། ས་དམར་པོ་གསོལ་བ་དེ་ནི་ཁམས་གསུམ་དབང་དུ་བསྡུས་པའི་རྟགས་དམར་པོ། ས་ནག་པོ་གསོལ་བ་དེ་ནི་དགྲ་བགེགས་ཕྱེག་མར་བརླག་པའི་དོན་ནག་པོ་བཅས་གོང་གསལ་ས་དཀར། དམར། སེར། ནག་བཅས་ནི་མི་རྣམས་ཀྱི་ལས་བཞི་ལྷུན་གྱིས་གྲུབ་པའི་དོན་ལ་དམིགས་ནས་ཁང་པའི་རྩིར་བྱུགས་སྲོལ་བྱུང་བ་དང༌། ས་སྐྱ་སོགས་སུ་མགོན་པོ་དང༌། རྡོ་རྗེ་ཕུར་པའི་ཞལ་དཀྱིལ་དང་མཚུངས་པའི་ཁ་མདོག་གི་མཚོན་དོན་ཡིན་པ་ཤོད་སྲོལ་ཡང་འདུག།
གླིང་བཞིའི་ཐ་སྙད་སྐོར། ཆོས་ལུགས་ནས་བཤད་པའི་འཛམ་གླིང་ཆེ་ཆུང་གཉིས་སུ་འདོད་པའི་འཛམ་གླིང་ཆེ་བ་མངོན་པ་གོང་འོག་སོགས་ཆོས་ལུགས་ནས་བཤད་ན། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན་སོགས་གླིང་བཞི་ཡོད་པ། ཤར་གྱི་མིའི་ལུས་ཚད་ཁྲུ་བརྒྱད་པ། ཚེ་རིང་ཤོས་ལོ་ ༡༥༠ ཟས་གོས་བྱ་བ་སོགས་གླིང་བྱིངས་དང་མཐུན་ཉོ་ཚོང་གཙོ་བོ་རས་དང༌། བེའུ་རས་སུ་བྱེད་པ་ལུས་དབྱིབས་དང༌། ཁ་དོག་ཁྱད་པར་འཕགས་པ་ན་ཤར་ལུས་འཕགས་པོའི་གླིང་ཞེར་ཟེར།
ལྷོར་མིའི་ཚེ་མ་ངེས་ཤིང༌། ལུས་ཚད་ཁྲུ་བཞི་པའམ་ཕྱེད་བཞི་པ། ཟས་གོས་འཚོ་ལས་གོང་བཞིན་ཐོག ཁྱད་ཆོས་ནོར་དང༌། འབྲུ་ཉོ་ཚོང་གཙོ་བོ་བྱེད་པ། མཚོ་མ་དྲོས་པའི་འགྲམ་ཤིང་འཛམ་བུ་ཏྲི་ཤའི་འབྲས་བུ་རྫ་མ་ཙམ་མཚོར་ལྷུངས་པས་སྒྲ་འཛམ་ཞེས་བྱུང་བས་ན་འཛམ་བུ་གླིང་དུ་གྲགས་པ་རེད། ནུབ་ཏུ་མིའི་ཚེ་ལོ་ ༥༠༠ འཚོ་ཞིང༌། ལུས་ཚད་ཁྲུ་ ༡༦ ཟས་ལ་འབྲས་ཆན་དང༌། བལ་དང༌། ཤ་ནའི་རས་གོས་སོགས་གོང་དང་མཚུངས་ཤིང༌། ཉོ་ཚོང་བཀོལ་སྤྱོད་ལ་སོགས་བ་ལང་གཙོ་བོར་བྱེད་པས་ན་བ་ལང་སྤྱོད་གླིང་ཞེས་གྲགས།
བྱང་དུ་མིའི་ཚེ་ལོ་སྟོང་ཐུབ། ལུས་ཚད་ཁྲུ་སོ་གཉིས་ཁ་དོག་དཀར་བ། རྗེ་དང་བྲན་བག་མ་གཏོང་ལེན། ཉོ་ཚོང་སོགས་མེད་ཅིང༌། དཔག་བསམ་ཤིང་ཤུན་གྱི་གོས་དང་ཟས་ལ་མ་རྨོས་འབྲས་བུས་ལུས་འཚོ་བ། ཁྱད་ཆོས་དཔག་བསམ་གྱི་ཤིང་ལས་ཁྱོད་ལོ་དང་ཟླ་བ་འདི་ཙམ་ནས་འཆིའོ་ཞེས་སྒྲ་བྱུང་བས་ན་སྒྲ་མི་སྙན་གྱི་གླིང་དུ་གྲགས་པ།
འཛམ་གླིང་ཆུང་བ་ཞེས་ལྷོ་འཛམ་གླིང་དེར་གླེང་བཞི་ཡོད་པ། ཤར་དུ་འཇམ་དབྱངས་ཀྱི་གནས་རི་བོ་རྩེ་ལྔ༌། ལྷོར་སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན་དང་པོ། ནུབ་ཏུ་སློབ་དཔོན་པད་མའི་གནས་ཨོ་རྒྱན། བྱང་དུ་དུས་འཁོར་གྱི་གནས་ཤམ་བྷ་ལ་བཅས་ཤོད་སྲོལ་ཡོད།
མཆོད་རྟེན་གྱི་སྐོར། མཆོད་སྐུའི་རྟེན་ཞེས་པ་མཆོད་རྟེན་ལ་རྣམ་པ་ལྔར་གསུངས་པ་ནི། རང་བཞིན་ལྷུན་གྲུབ། བླ་ན་མེད་པ། བྱིན་གྱིས་བརླབས་པ། དངོས་གྲུབ་འབྱུང་བ། ཐེག་པ་སོ་སོའི་མཆོད་རྟེན་བཅས་སོ།།
དང་པོ། རང་བཞིན་ལྷུན་གྲུབ་ཀྱི་མཆོད་རྟེན་ནི་དུས་འཁོར་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ་ནི་ལྷུན་པོའོ། །ཞེས་ཕྱི་ནང་སྣོད་བཅུད་དུ་བཤད་པ་ནི་གླིང་བཞི་རྨང་གསེར་རི་རབ་བཅས་བང་རིམ། ཡོངས་འདུའི་ལྗོན་ཤིང་བུམ་པར་བཤད་པ་ཕྱི་སྣོད་དང་ཀུན་གཞི་རྨང༌། རྣམ་ཤེས་ཚོགས་བརྒྱད། དབང་པོ་གཟུགས་ཅན་བང་རིམ་ཡིད་དབང་བུམ་པ་སྟེ་ནང་བཅུད་མཆོད་རྟེན་དུ་སྦྱར་རོ།།
གཉིས་པ། བླ་ན་མེད་པའི་མཆོད་རྟེན་ནི། ཐིག་ལེ་དབང་གི་རྒྱུད་ལས། ཚད་མེད་བསམ་ཡས་ལས་བྱུང་འབྲས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། ནུབ་ཏུ་དགའ་བ་པད་མ་བརྩེགས། བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། ཞེས་ཚད་མེད་བཞི་དང་རིགས་བཞིར་སྦྱར་བའི་མཆོད་རྟེན།
གསུམ་པ། བྱིན་གྱིས་བརླབས་པའི་མཆོད་རྟེན་ནི། འཁོར་ལོ་འབྱུང་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང༌། ཞེས་པའི་དོན། ཤར་ལུས་འཕགས་ན་བྱིན་ལྡན་སྙོམས་གཏེར་དང༌། མཐར་ལེགས་གཡུང་དྲུང་ཏོག ལྷོ་འཛམ་གླིང་ན་ཐུགས་རྗེ་སྤྲུལ་པ་དང༌། ཡིད་བཞིན་ལྷུན་གྲུབ། ནུབ་བ་ལང་སྤྱོད་ན་དཔེ་མེད་བསམ་འདས་དང༌། རྨད་གྲགས་ཆོས་དབྱིངས། བྱང་སྒྲ་མི་སྙན་ན་ཡོན་ཏན་རིན་ཆེན་བརྩེགས་དང༌། བདེ་བྱས་སྒྲོན་མེ་སྟེ་མཆོད་རྟེན་བརྒྱད་གླིང་བཞིར་བཞུགས་པ་བཤད་པ་ལྟར་རོ།།
བཞི་པ། དངོས་གྲུབ་འབྱུང་བའི་མཆོད་རྟེན་ནི། བདུད་རྩི་མཆོག་གི་རྒྱུད་ལས། རོ་ཡི་སྲུང་མ་ཆེན་པོ་ནི། མ་མོ་ཆེན་པོ་བརྒྱད་གཞག་གོ །དེ་ཡི་གནས་བརྟན་ཆེན་པོ་ཡང༌། མཆོད་རྟེན་ཆེན་པོ་གཟི་བརྗིད་ཅན། དེ་ལྟར་ས་གཞི་འདི་ཀུན་ཀྱང༌། །བཀྲ་ཤིས་ཡ་མཚན་ཐུགས་རྗེ་ཅན། །ཆོས་དང་དངོས་གྲུབ་འབྱུང་བའི་གནས། །སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཆུ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་བརྒྱད་ཀྱི་རྟེན་དངོས་གྲུབ་འབྱུང་བའི་མཆོད་རྟེན་རེ་རེ་བྱུང་བ་ནི། མ་གྷ་རྡར་བདེ་བྱེད། སིང་ག་ལར་རི་བོ་ཏ་ལ། བལ་པོར་བྱ་རུང་ཁ་ཤོར། ས་ལ་ལམ་གྱང་ཡུལ་དུ་གོ་མ་ས་ལ་ལི་ཡུལ་དུ་འགེའུ་དེ་ཤན། ཁ་ཆེའི་ཡུལ་དུ་ཀ་ནི་ཀ །ཨོ་རྒྱན་དུ་རྡ་རྨ་ཙ་ཊ། ཟ་ཧོར་དུ་བདེ་སྤྲོད་གཞོན་ནུའི་མཆོད་རྟེན་དང་བརྒྱད་དེ། གསང་འདུས་རྒྱུད་ལས། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་ཕོ་བྲང་ཡིན་པར་བཤད།
ལྔ་པ། ཉན་ཐོས། རང་རྒྱལ། ཐེག་ཆེན་བཅས་ཐེག་པ་སོ་སོའི་མཆོད་རྟེན་ནི། ཆོས་གོས་བཞི་ལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་ལ་འཁར་བསིལ་བཙུགས་པའི་དབྱིབས་ཅན་ནི་ཉན་ཐོས་མཆོད་རྟེནྲ། རྨང་གྲུ་བཞི་པའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་རང་རྒྱལ་གྱི་མཆོད་རྟེན། དེ་བཞིན་གཤེགས་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ལ་ཐེག་ཆེན་མཆོད་རྟེན་དུ་བཞེད་དེ། དེ་ཡང་སངས་རྒྱས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡན་གྱི་གང་ཟག་ལ་མཆོད་རྟེན་བྱ་བར་གསུང་བ་བཞིན། བོད་དུའང་ས་དགེ་དྭགས་ཤངས། ཁར་འབྲུག་སོགས་གྲུབ་མཐའ་སོ་སོའི་སྐྱེས་ཆེན་དམ་པ་རྣམས་ལ་དགོངས་རྫོགས་མཆོད་རྟེན་བཞེངས་སྲོལ་ཡོད་པ་བཞིན་འདིར་ཡང་གོང་ས་སྐུ་ཕྲེང་ལྔ་པ་ཡན་སྐུ་ཕྲེང་བཞིའི་དངུལ་སྡོང་ད་ལྟ་གར་ཡོད་རོབ་ཙམ་ཞུས་ན། རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པའི་དངུལ་གདུང་ཁོང་གི་མ་དགོན་གཙང་བཀྲས་ལྷུན་དགོན་དུ་བཞུགས། སྐུ་ཕྲེང་གནིས་པ་དགེ་འདུན་རྒྱ་མཚོ་བཅས་ཀྱི་དངུལ་སྡོང་གསུམ་པོ་དེ་འབྲས་སྤུངས་ཚོགས་ཆེན་དུ་བཞུགས་ཡོད།
རིན་པོ་ཆེའི་སྐོར། རིན་པོ་ཆེའི་ཁྱད་ཆོས་ནི་དཔག་ཚད་ཕྱེད་ཚུན་ཆད་དུ་ནོར་བུའི་འོད་ཀྱིས་ཁྱབ་བོ་ཞེས་གསུངས་པ་ལྟར་རིན་པོ་ཆེ་དེ་རྒྱུ་རྐྱེན་གང་ལས་བྱུང་སྙམ་ན། མདོ་ཏིང་འཛིན་ལས། འཛམ་བུ་གླིང་དང་གླིང་བཞིར་བྱ་ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཞེས་པ་ཐམས་ཅད་ཀྱི་དབང་པོར་གྱུར་པ་དེའི་ཟས་སུ་ཀླུ་ཟ་སྟེ་ཉ་སྦལ་སོགས་དེས་གླིང་བཞིར་བསྐོར་བསྐྱོད་ཀྱིས་ཀླུའི་རྒྱལ་པོ་དང་ཀླུ་ཕྲན་ལྔ་བརྒྱ་ཟའོ། །ནམ་མཁའ་ལྡིང་གི་རྒྱལ་པོ་དེ་འཆི་ལྟས་བྱུང་སྐབས་ཀླུ་རྣམས་ཀྱིས་ཁ་དང༌། ལུས་ཀུན་ནས་གདུག་པ་འབྱིན་པས་ཁོ་ཟས་མི་རྙེད་པར་གྲོད་པ་ལྟོགས་ནས་རི་གཟར་པོ་ཀུན་ལ་རྒྱུ་ཞིང༌། རྡོ་རྗེའི་རི་ལ་ཕྱིན་ནས་ཅུང་ཟད་ཟས་རྙེད། རྡོ་རྗེའི་རི་ལས་མར་བབས་ཏེ་ཆུ་ཆེན་པོའི་གཏིང་དུ་སོང་ངོ༌། །ཆུའི་གཏིང་ནས་རླུང་གི་འཁོར་ལོ་ཐུག་གོ །རླུང་གི་བུལ་ཏེ་སླར་ཡང་རྡོ་རྗེའི་རི་ལ་སླེབས་དེར་ཡར་མར་ཐེངས་བདུན་ཕྱིན་ནས་མཐར་འཆི་བའི་དུས་བྱས་སོ། །དེ་མ་ཐག་ལུས་པ་སྔར་ཡོད་གདུད་པས་རིན་པོ་ཆེའི་རི་བཅུ་ལ་མེ་འབར་ཏེ། ཀླུའི་རགྱལ་པོ་དགའ་བོས་དེ་མཐོང་ནས་ཆར་ཆེན་པོ་ཕབ་སྟེ་མེ་དེ་དག་ཞི་བར་བྱས་སོ། །དེ་ནས་བྱ་དེའི་ཕུང་པོ་ཞིག་སྟེ་སྙིང་ཁོ་ན་ལུས་སོ། །སྙིང་དེས་སྔར་བཞིན་རྡོ་རྗེའི་རི་ལ་ལན་བདུན་ཡར་མར་སོང་ནས་རིའི་རྩེ་མོར་ཆགས་སོ། །ཀླུའི་རྒྱལ་པོ་དགའ་བོར་རྙེད་ནས་གཙུག་གི་ནོར་བུ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པར་རྙེད་ན་ཡིད་བཞིན་ནོར་བུར་གྱུར་རོ། །ཞེས་ནམ་མཁའ་ལྡིང་ངམ། ཁྱུང་ཡང་དག་དབྱངས་ཀྱིས་ཀླུ་ཟོས་པའི་སྙིང་པོ་དང་བཅུད་ལས་འབྱུར་བར་བཤད།
རྡོ་རྗེ་ཕ་ལམ། སྔོན་དྲང་སྲོང་ཆེན་པོ་སྲ་ཙའི་བུ་ད་རྡི་ཙ་སྟེ་ཞོ་འཐུང་དུ་དྲགས་པ་ལྷའི་ལོ་བྱེ་བ་ཕྲག་བདུན་གྱི་བར་དུ་དཀའ་ཐུབ་ལ་གནས་པ་དེའི་རུས་པ་རྣམས་རྡོ་རྗེ་རིན་པོ་ཆེར་འགྱུར་བ། དྲང་སྲོང་ལྷའི་བླ་མས་ལུང་བསྟན་བཞིན་སྐབས་གསུམ་པ་ལྷ་རྣམས་ཀྱིས་གླངས་ཏེ་རྩིབས་པ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྡོ་རྗེ་རྩེ་བརྒྱ་པ་བྱིན་པ་ལ་ཁྱབ་འཇུག་གི་དབྱུག་པ། གཞན་ཡང་དེའི་དུམ་བུ་ཕྲ་མོའི་བར་ཐམས་ཅད་མི་ཆོད་པ། མི་ཤིག་པ། བདེན་པ། སྲ་བ། བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རྡོ་རྗེར་གྱུར་པ་མིའི་འཇིག་རྟེན་དུ་བྱུང་བར་རྡོ་རྗེ་ཕ་ལམ་དུ་གྲགས། དེ་ཡང༌། བྲམ་ཟེ། རྒྱལ་པོ། རྗེ་བོ། དམངས་རིགས་སྟེ་དབྱེ་སྒོ་བཞིར་ཡོད་ཅིང༌། པབྱབྱི་ཏ་རྣམས་ཀྱིས་གསུང་རྒྱུན་དུ་ལྷོ་ཕྱོགས་ཨ་རྦེ་ར་གི་སྡེ་འཇིག་མེད་ཀྱི་རི་ལ་བྱུང་བ་དེ་མཆོག་དང་ཆུ་ལས་འབྱུང་བ་ཅུང་ཟད་དམར་ཞིང་དམན་པ། ཡོན་ཏན་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པར་བསྲེགས་པས་མི་ཚིགས། བརྡུངས་པས་མི་འཇིགས། བཅད་པས་མི་ཆོད། བརྡར་བས་མི་འཛད་པ་སྟེ་བཞི་དང་ལྡན་ཅིང༌། དེས་གཅོད་པར་མི་ནུས་པའི་རིགས་གང་ཡང་མེད་པ་བཅངས་པས་གདུག་པ་ཀླུའི་དུག་མ་ལུས་པ་སེལ་བའི་མཐུ་དང་ལྡན་པ་ཞིག་རེད།
བཻ་ཌཱུར་ཡ། བཻ་ཌཱུར་ཡའི་ཟུར་རྒྱན་ལ་སྤྲོས་པའི་འོད་ཀྱིས་དཔག་ཚད་བརྒྱར། མཚན་མོའམ་ཉིན་མོ་བཞིན་དུ་སྣང༌། ཚ་གདུང་འོད་ཀྱི་བསིལ་བར་སྟེང༌། དུས་མིན་འཆི་དང་ནད་རྣམས་སེལ། ཡིད་ལ་གང་བསམ་ཕལ་ཆེར་བྱུང༌། བཻ་ཌཱུར་ཡ་ནི་སྔོན་པོ་ཉིད། རིན་ཆེན་འབྱུང་ལྡན་བྱིན་རླབས་ཏེ། དབྱིབས་ནི་སོག་ཁ་ལྟ་བུ་དང༌། རབ་ཀྱི་ཚད་ནི་གླང་པོ་མིག ནམ་མཁའ་ལྡིང་བརྫུས་སྐྱེས་རྣམས་ཀྱིས་མུལ་ཟོས་པའི་སྙིང་བཻ་ཌཱུར་ཡར་འགྱུར་བ་ཀླུའི་གཙུག་གི་ནོར་བུ་རིན་པོ་ཆེ་དེ་རེད།
ཀ་ཀ་རུ། ཀ་རྐེ་ཏ་ཟུར་ཆགས་པའི་ཀེ་ཀེ་རུ་འབོད་པ་ནི། ཀ་ཀ་རུ་དཀར་པོ་སྟེ། མི་བསྐྱོད་པ་ཡི་བྱིན་གྱིས་བརླབས། དབྱིབས་ནི་ཟླ་གམ་ལྟ་བུ་ལ། །རབ་ནི་ངང་གི་སྒོ་ང་ཙམ། །དེའི་ཁ་མདོག་དཀར་ཞིང་དབྱིབས་ནི་ཟླ་གམ། ཆེ་ཚད་སྒོ་ང་ཙམ་འབྱུང་བར་བཤད། དེའི་རིན་ཐང་ལ་ཡུལ་ཕྲན་རེ་བྱེད་པ་ཤོད་སྲོལ་ཡོད།
པད་མ་ར་ག པད་མ་ར་ག་ནི། པད་རག་དམར་པོ་སྟེ། དབྱིབས་ནི་ཟླུམ་པོ་ལྟ་བུ་ལ། །རབ་ནི་ཀཏྲ་པ་ན་ཙམ། །ཞེས་ཁ་དོག་དམར་དྭངས། དབྱིབས་ཟླུམ་པོ་ཆེ་ཚད་མགྲོན་བུ་ཙམ་ཡོད་པ་རིན་གསེར་གླང་པོ་ཆེའི་རྒྱབ་འཁུར་ཙམ་རེ་བ་ཞེས་གསལ།
མ་རྒད། མར་རྒད་དེ་ནི་ལྗང་ཁུ་སྟེ། དབྱིབས་ནི་གྲུ་བཞི་ལྟ་བུ་ལ། །རབ་ནི་བེ་ཅོན་དབྱུག་པ་ཙམ། །ཞེས་ཁ་དོག ལྗང་ཁུ། དབྱིབས་གྲུབ་བཞི་ཤས་ཆེ་བ་ཆེ་ཚད་བེ་ཅོན་ཙམ་བྱུང་བ། ད་དུང་ཨིན་ཊ་ནི་ལ། མུ་ཏིག ཁྱུང་སྐྱུག བྱུ་རུ་སོགས་རྒྱ་མཚོའི་ནང་དུ་ལོ་དུང་ཕྱུར་མང་པོའི་རིང་གནས་ཏེ་རང་བཞིན་གྱིས་རྡོར་གྱུར་པའི་རིན་པོ་ཆེ་རིགས་མང་བ་སོགས་ལྟ་བུའོ།།ཐར་གླིང་གྲུ་གཟིངས་སུ་གསལ།
བཀྲ་ཤིས་རྟགས་བརྒྱད་སྐོར། ཆོས་ལུགས་ནས་གསུངས་ན་སྟོན་པོ་བཅོམ་ལྡན་འདས་ལ་མཚན་བཟང་སུམ་ཅུ་རྩ་གཉིས་མངའ་བས་གཙོ་བོ་བརྒྱད་ལ་བཀྲ་ཤིས་པའི་རྟགས་ཀྱི་ལྷ་མོ་བརྒྱད་དུ་སྤྲུལ་པར་བཤད་ཅིང༌། སྟོན་པ་བདུད་ལས་རྒྱལ་བའི་བཀྲ་ཤིས་པ་རྟགས་ཀྱི་མཚན་མར་གྱུར་པ་ལྷ་མོ་པད་མ་ཅན་དཀར་མོས་དཔལ་བེའུ། ལྷ་མོ་འཇིགས་བྱེད་མ་དཀར་མོས་འཁོར་ལོ། འོད་ལྡན་མ་དམར་མོས་པད་མ། རྣམ་རྒྱལ་མ་སྔོན་མོས་རྒྱལ་མཚན། དྭངས་ལྡན་མ་དམར་སྐྱས་གདུགས་དཀར། དཀར་ཤམ་མ་དམར་སྐྱས་བུམ་པ། དྲི་མེད་མ་ལྗང་གུས་དུང་དཀར། ཡིད་གཞུངས་མ་ལྗང་གུས་གསེར་ཉ་འཛིན་པ་བཅས། ལྷ་མོའི་ཆ་བྱད་ཅན་རིན་ཆེན་རྒྱན་གྱིས་སྤྲས་པ་བརྒྱད་བཅས་སོ།།
བཀྲ་ཤིས་རྫས་བརྒྱད་སྐོར། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། རྒྱདལ་དབང་རྣམས་དང་བྱང་ཆུབ་སེམས་པ་ལ། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི་ཞེས་པ་ལྟར། མེ་ལོང༌། གི་ཝང༌། ཞོ། དུར། བིལ། དུང༌། ལི་ཁྲི། ཡུངས་དཀར་བཅས་སོ་སོའི་ཆ་ལུགས་ཀྱི་རྫས་དེ་དག་ཐོགས་པ་ལྟར་མེ་ལོང་འབུལ་མི་འོད་འཆང་མ་ལྷ་མོའི་ཆ་བྱད་ཀྱི་རིན་ཆེན་རྒྱན་གྱིས་སྤྲས། གི་ཝང་གླང་པོ་ཆེའི་སྣ་ཞགས་རིང་པོ་ཁྱོགས་ཀྱིས་བཏེགས་པའི་བུམ་པ། ཞོ་འབུལ་མི་གྲོང་པའི་བུ་མོ་ལེགས་སྐྱེས་མ་རྒྱ་གར་བའི་བུད་མེད་ཀྱི་ཆ་བྱད། དུར་འབུལ་མི་རྩ་ཚོང་ཁྱིའུ་བཀྲ་ཤིས་རྒྱ་གར་བའི་སྐྱེས་པ་ལས་བྱེད་པའི་ཆ་བྱད་ཅན་ཤིང་ཏོག་བིལ་འབུལ་མི་ཚང་མ་གདོང་བཞིའི་ཆ་བྱད་ཅན། དུང་དཀར་འབུལ་མི་ལྷའི་དབང་པོ་བརྒྱ་སྦྱིན་གྱི་ཆ་བྱད། ལི་ཁྲི་འབུལ་མི་བྲམ་ཟེ་སྐར་རྒྱས་རྒྱ་གར་བའི་བྲམ་ཟེའི་ཆ་བྱད། ཡུངས་དཀར་འབུལ་མི་གསང་བདག་ཕྱག་ན་རྡོ་རྗེ་ན་བཟའ་སྟག་ཤམ་སོགས་ཁྲོ་བོའི་ཆ་བྱད་ཀྱིས་སྤྲས་པ་རྣམས་སོ།།