སི་འགྲེལ་གཙོ་བཟུང་བྱས་ནས་བཟོས་པའི་ཕྲད་རྣམ་དབྱེ་བཅུ་བཞིའི་གོ་དོན།
རྫོགས་ཚིག་གི་གོ་དོན།
སྐབས་བབ་ཀྱི་བརྗོད་བྱའི་དོན་ནམ་ཚིག་དེ་ཉིད་ཙམ་གྱིས་བསྡུ་བའམ་རྫོགས་པར་སྟོན་པའི་གོ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་རྫོགས་ཚིག་ཅེས་བྱའོ། །
རྣམ་དབྱེ་དང་པོའི་གོ་དོན།
ཆོས་གཞན་དང་མ་འདྲེས་པར་དོན་གྱི་ངོ་བོ་ཙམ་གཙོ་བོར་སྟོན་པ་ཞིག་ལ་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་ཟེར།
རྣམ་དབྱེ་གཉིས་པའི་གོ་དོན།
བྱ་བའི་ཡུལ་གང་ཞིག་ལ་བྱ་བ་བྱས་པ་ཙམ་གཙོ་བོར་སྟོན་པའི་ལའི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་གཉིས་པ་ལས་སུ་བྱ་བ་ཟེར།
རྣམ་དབྱེ་བཞི་པའི་གོ་དོན།
བྱ་བ་གང་ཞིག་གིས་བྱ་བའི་ཡུལ་དེའམ་དེ་དང་འབྲེལ་བའི་ལས་ལ་ཕན་འདོགས་པར་སྟོན་པའི་ལའི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་བཞི་པ་དགོས་ཆེད་ཟེར།
རྣམ་དབྱེ་བདུན་པའི་གོ་དོན།
གང་ཞིག་གང་ལ་བརྟེན་པའམ་ཡོད་པ་ཙམ་གཙོ་བོར་སྟོན་པའི་ལའི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་བདུན་པ་རྟེན་གནས་ཟེར།
རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཀྱི་གོ་དོན།
ལས་དང་བྱ་བ་ཐ་མི་དད་པར་ངོ་བོ་གཅིག་ཏུ་སྟོན་པའི་ལའི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་དེ་ཉིད་ཟེར།
རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཀྱི་གོ་དོན།
སྐབས་སམ་དུས་ཉིད་གཙོ་བོར་སྟོན་པའི་ལའི་དོན་ཅན་གྱི་རྣམ་དབྱེ་ཞིག་ལ་ཚེ་སྐབས་ཟེར།
རྣམ་དབྱེ་དྲུག་པའི་གོ་དོན།
རྟེན་དང་བརྟེན་པའམ་ཡན་ལག་དང་ཡན་ལག་ཅན་སོགས་མིང་དོན་ཕན་ཚུན་འབྲེལ་བ་གཙོ་བོར་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ཞིག་ལ་དྲུག་པ་འབྲེལ་སྒྲ་ཟེར།
རྣམ་དབྱེ་གསུམ་པ་བྱེད་སྒྲའི་གོ་དོན།
བྱེད་པ་པོའམ་བྱེད་པ་གང་རུང་གིས་བྱ་བ་གང་ཞིག་བྱས་པའི་ནང་ནས་བྱེད་པ་པོའམ་བྱེད་པ་སྟོན་པའི་ཨི་ལྡན་གྱི་རྣམ་དབྱེ་ཞིག་ལ་གསུམ་པ་བྱེད་སྒྲ་ཟེར།
རྒྱན་སྡུད་ཀྱི་གོ་དོན།
ཚིག་དོན་སྔ་ཕྱི་མཐུན་མིན་སྟོན་པའི་ཚིག་རྒྱན་དང་གཞིའམ་དོན་གཞན་ཞིག་ལ་སྡུད་ཅིང་སྦྱོར་བར་བྱེད་པའི་ཀྱང་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ཟེར།
ལྷག་བཅས་ཀྱི་གོ་དོན།
མིང་ཚིག་གང་གི་མཐར་སྦྱར་ཡང་བསྟན་བྱའི་ལྷག་མ་འདྲེན་པར་བྱེད་པའི་སྟེ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ལྷག་བཅས་ཟེར།
མཚམས་སྦྱོར་ལྷག་བཅས་ཀྱི་གོ་དོན།
ཚིག་སྔ་མ་བྱེད་པ་དང་ཕྱི་མ་བྱ་བར་སྦྱོར་བ་དང་བྱ་བ་གཉིས་རིམ་ཅན་དང་དུས་སྔ་ཕྱི་མེད་པར་འདྲེན་པར་བྱེད་པའི་སྟེ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་མཚམས་སྦྱོར་ལྷག་བཅས་ཟེར།
དམ་བཅའ་ལྷག་བཅས་ཀྱི་གོ་དོན།
ཚིག་སྔ་མ་དམ་བཅས་པ་དེའི་གསལ་བྱེད་དམ་སྒྲུབ་བྱེད་དུ་ཕྱི་ཚིག་འདྲེན་པར་བྱེད་པའི་སྟེ་སོགས་ཀྱི་ཚིག་ཕྲད་ང་ལྡན་པ་ཞིག་ལ་དམ་བཅའ་ལྷག་བཅས་ཟེར།
གཞན་འདྲེན་ལྷག་བཅས་ཀྱི་གོ་དོན།
མཚམས་སྦྱོར་དང་དམ་བཅའ་གཉིས་སུ་མི་གཏོགས་པར་ལྷག་མ་ཡོད་པ་ཙམ་སྟོན་ཅིང་འདྲེན་པར་བྱེད་པའི་སྟེ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་གཞན་འདྲེན་ལྷག་བཅས་ཟེར།
འབྱེད་སྡུད་ཀྱི་གོ་དོན།
ཚིག་དོན་སོ་སོར་འབྱེད་པའམ་ཕྱོགས་གཅིག་ཏུ་སྡུད་པར་སྟོན་པའི་གམ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་འབྱེད་སྡུད་ཟེར།
རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་གོ་དོན།
ཆོས་གང་ལས་གང་ཞིག་བྲལ་བའམ་བྱུང་བར་སྟོན་པའི་ནང་ནས་གཙོ་བོར་འབྱུང་གཞི་སྟོན་པའི་ནས་ལས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཟེར།
ནི་སྒྲའི་གོ་དོན།
གཞི་ལས་མཆོག་དམན་ཐ་དད་ཙམ་དུ་དམིགས་སུ་བཟུང་ནས་དགར་བ་དང་དོན་གང་ཡིན་པ་དེ་ཉིད་ལ་བརྣན་པའི་དོན་སྟོན་པར་འཇུག་པའི་ནི་སྒྲའི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ནི་སྒྲ་ཟེར།
དང་སྒྲའི་གོ་དོན།
ཚིག་དོན་སྔ་ཕྱི་ཕྱོགས་གཅིག་ཏུ་སྡུད་པའམ་སོ་སོར་འབྱེད་པ་སོགས་ཀྱི་དོན་ལ་འཇུག་པའི་དང་སྒྲའི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ཟེར།
དེ་སྒྲའི་གོ་དོན།
ཐ་སྙད་ཀྱི་དབང་དུ་བྱས་པའི་རྣམ་གྲངས་གཞན་སྦྱོར་དང་ལྷག་མ་དང་བཅས་སྟོན་པའི་དེ་སྒྲའི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ཟེར།
གང་སྒྲའི་གོ་དོན།
གཙོ་བོར་དཽཽན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ཁྱབ་ཀྱི་དོན་སྟོན་པའི་གང་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ཟེར།
བདག་སྒྲའི་གོ་དོན།
སྐྱེས་བུའི་རྟགས་མཚོན་པར་བྱེད་པའི་སྒྲ་སྔར་མེད་གསར་དུ་སྦྱར་བས་དེས་བདག་པོའམ་ལྡན་པ་དབང་བའི་དོན་གསལ་བར་སྟོན་པའི་པ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་ཟེར།
དགག་སྒྲའི་གོ་དོན།
མོ་རྟགས་ཀྱི་སྒྲ་མེད་པར་གསར་དུ་སྦྱར་བས་སྦྱོར་ཡུལ་ལམ་ཡུལ་གྱི་དོན་དེ་མ་ཡྀན་པའམ་མེད་པར་སྟོན་པའི་མ་སོགས་ཀྱི་ཚིག་ཕྲད་དང་ལྡན་པ་ཞིག་ལ་དགག་སྒྲ་ཟེར།
ས་རཱ་རིགས་སློབ་ཀྱི་དགེ་མིང་ཙམ་འཛིན་པ་པ་སངས་པས་བྲིས་པ་དགེའོ།།