དུང་དཀར་འཆད་ཁྲིད། ལེའུ་དགུ་པའི་འཕྲོས། ༢
ད) རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས། རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་ཡོད་ན། མེ་ལོང་ལ་རང་གིས་བལྟས་མིན་ལ་མ་ལྟོས་པར་གཟུགས་བརྙན་དེ་ཡོད་དགོས་ཀྱང་དེ་མེད། མེ་ལོང་ལ་རང་གིས་བལྟས་ན་མ་གཏོགས་གཟུགས་བརྙན་དེ་མི་འཆར་བ་དང་། ཡང་གཟུགས་བརྙན་དེ་མེ་ལོང་གི་ངོས་སུ་འཆར་བ་ལའང་རྒྱུ་རྐྱེན་མང་པོ་ཞིག་ཚང་དགོས། རྒྱུ་རྐྱེན་རྟེན་འབྲེལ་ཏེ་རྒྱུ་རྐྱེན་ཚོགས་ན་གཟུགས་བརྙན་འཆར་བ་དེ་རྟེན་འབྲེལ་ཡིན། རྟེན་འབྲེལ་ཞེས་པ་ནི་བརྟེན་ནས་བྱུང་བའམ་དེ་དང་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་སྟེ། གཟུགས་བརྙན་དེ་ཡང་རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པ་ལ་བརྟེན་ནས་མེ་ལོང་གི་ངོས་སུ་འཆར་བ་ལས་མེ་ལོང་རང་ཉིད་ཀྱི་ངོས་ནས་ཚུར་གྲུབ་པ་ཞིག་མིན།