འདམ་གཞུང་གི་ས་མིང་འགའི་བྱུང་ཚུལ་དང་ཁྱད་ཆོས་མདོ་ཙམ་གླེང་བ།

འདམ་གཞུང་གི་ས་མིང་འགའི་བྱུང་ཚུལ་དང་ཁྱད་ཆོས་མདོ་ཙམ་གླེང་བ།
༄༅། །འདམ་གཞུང་གི་ས་མིང་འགའི་བྱུང་ཚུལ་དང་ཁྱད་ཆོས་མདོ་ཙམ་གླེང་བ།
པད་མ་ཆོས་སྒྲོན། གུ་གེ་འཆི་མེད་རྡོ་རྗེ།
        སྤྱིར་ན་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་རང་རང་གནས་སྡོད་བྱེད་ཁུལ་གྱི་ས་ཆ་དང་། གྲོང་ཚོ་དེར་གནའ་ དུས་ནས་བྱུང་བའི་གཏམ་རྒྱུད་དང་འབྲེལ་བའམ་དམངས་སྲོལ་གཤིས་ལུགས་དང་འབྲེལ་བ། ཡང་ན་ཁྱིམ་བརྒྱུད་སྡེ་ཚན་གྱི རུས་མིང་དང་འབྲེལ་བའི་མིང་འདོགས་པའི་གོམས་སྲོལ་རེ་ཡོད།
ས་མིང་དེ་དག་ལས་ས་ཚམས་དབྱེ་འབྱེད་དང་ཁ་ཕྱོགས་ ངེས་གཏན་ཞིག་བསྟན་ཐུབ་ཀྱིན་ཡོད་ལ་མི་རིགས་གང་རུང་གི་རིག་གནས་ལོ་རྒྱུས་འཕེལ་རིམ་གྱི་དཔྱད་གཞི་ཁུངས་བཙན་ཞིག་ཀྱང་བརྒྱུད་སྤྲོད་བྱེད་ཐུབ་ཀྱིན་ཡོད། ལྷག་པར་དུ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ས་མིང་ཤེས་རྟོགས་དང་དོ་སྣང་བྱ་རྒྱུ་ནི་ས་མིང་རྙིང་པ་དང་དེའི་ལོ་རྒྱུས་རྨེག་མེད་དུ་མི་འགྲོ་བའི་དམངས་ཁྲོད་ཀྱི་སྟོབས་ཤུགས་ཤིག་ཡིན་ལ། དེ་ནི་རིག་གནས་ལོ་རྒྱུས་སྲུང་སྐྱོང་ཐད་ཀྱི་གོམ་སྟོབས་གོང་མཐོར་ཡོང་བའི་རྨང་གཞི་ཡང་ཡིན།
དང་པོ། འདམ་ཁུལ་གྱི་ས་མིང་གི་འབྱུང་ཁུངས་དབྱེ་ཞིབ།
        སྤྱིར་ན་འདམ་ཁུལ་གྱི་ས་མིང་འདོགས་ཚུལ་ནི་ཡུལ་དེའི་ས་ཁམས་ཁྱད་ཆོས་དང་། ལྷ་སྒྲུང་། སྒྲུང་གཏམ་སོགས་བོད་ཀྱི་རིག་གནས་ངེས་ཅན་ཞིག་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པས། འདིར་འདམ་ཁུལ་གྱི་ས་མིང་འདོགས་ཚུལ་ཐད་ཅུང་ཟད་གོ་བདེ་ཡོང་ཕྱིར་ས་མིང་བརྒྱ་དང་བདུན་ཅུ་ཙམ་ལ་གཤམ་གྱི་དབྱེ་བ་ལྟར་རིགས་བསྡུ་བྱས་ཡོད་དེ།
        གཅིག ཡུལ་གྱི་ས་ངོའི་ཁྱད་ཆོས་ཀྱི་ཆ་ནས་ཐོགས་པ།
        རི་བོ་མཐོ་བ། འབྲོག་པ་སྐྱས་སྤོ་བ་དང་རྩྭ་ཐང་རྒྱ་ཆེ་བ་བཅས་ནི་བོད་བྱང་ཐང་ཁུལ་དུ་འབུར་དུ་མངོན་པའི་རང་བྱུང་དང་རིག་གནས་ཀྱི་ཁྱད་ཆོས་ཤིག་ཡིན། དེར་བརྟེན་ས་མིང་ནང་དུ་རྫ་རི། གཡའ་རི། བྲག་རི། བྱེ་རི། སྤང་རི། སྒོག་པ་རི། དྲོ་ལྷས། ན་འཐེར་ལྷས། ཀོང་ཐང་། ཀོང་མདོ། འདམ་གཞུང་། ན་ཁྱ། ན་ལུང་། གནམ་ཚོ། རྫབ་ལུང་། སྤེན་ཐང་། སྤ་ལུང་སོགས་ལ་ས་ཁུལ་གཞན་གྱི་ས་མིང་དང་སྡུར་ན་བྱང་འབྲོག་གི་ཁྱད་ཆོས་མངོན་ཐུབ་ལ་ས་ངོའི་ཁྱད་ཆོས་ལ་གཞིགས་ཏེ་ཐ་སྙད་ཐོགས་པ་ཞིག་ཡིན། དེའི་ནང་གི་“འདམ་གཞུང”ཞེས་པའི་ས་མིང་གི་གོ་དོན་ལ་འགྲེལ་ཚུལ་མང་པོ་ཡོད་དེ། རྒན་རབས་འགའ་ཤས་ཀྱིས་དུས་རབས་བཅུ་བདུན་པའི་ནང་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་རང་ཉིད་ཀྱི་སྲུང་དམག་སྡོད་ཡུལ་ལ་ས་ཆ་འདེམ་དུ་བཅུག་པས་ས་ཆ་དེ་འདམ་པ་ལས་“འདམ”ཞེས་མིང་ཐོགས་སྐད་ཀྱང་། དེ་ནི་ཁུངས་མ་དག་པ་ཞིག་ཡིན། 《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་བཙན་པོ་སྲོང་བཙན་སྒམ་པོས་བོད་ཀྱི་དབང་རིས་བཅོ་བརྒྱད་གཏན་ལ་འབེབས་སྐབས“འདམ་ཤོད་དཀར་མོ་བ་དང་རྭ་ཡི་ཁུལ”ཞེས་གསལ་བས་འདམ་གཞུང་ཞེས་པའི་མིང་དེ་དུས་རབས་བདུན་པའི་གོང་ནས་ཐོགས་པར་མངོན། ཡང་རེ་འགས་འདམ་ཞེས་པའི་གོ་དོན་ནི་ཡུལ་དེའི་དཀྱིལ་གཞུང་ལ་ན་ར་འདམ་རྫབ་ཆེན་པོ་ཞིག་ཡོད་པ་དེ་ལ་བརྟེན་ནས་འདམ་ཞེས་ཐོགས་ཟེར་བ་དང་ས་ཆ་དེ་བཞའ་བརླན་ཆེ་བས་ན་འདམ་གྱི་རྩྭ་ཐང་ཡིན་པས་འདམ་ཞེས་འབོད་པ་གཉིས་གོ་དོན་གཅིག་ཡིན་སྙམ།
        གཉིས། རུས་དང་ཚོ་པ། མིའི་མིང་སོགས་ཀྱི་མིང་ལས་ཐོགས་པ།
        རུས་མིང་ཡུལ་ལ་ཐོགས་པ་དཔེར་ན། སྙིང་གྲོང་ཤང་ཁོངས་ཀྱི་སྦས་ཚང་སྡེ་པ་ཞེས་བྱ་བའི་ཡུལ་མིང་དེ་ནི་ཐོག་མར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ཙམ་ནས་བཙུགས་པར་ངེས་ཤིང་མི་རབས་ལྔ་དྲུག་ཙམ་ཕྱིན་སྐད། ཨ་ཁུ་ལབ་རྩེད་དང་། བུ་མོ་སྤུན་གསུམ། རྒྱལ་པོ་རི། ཧོར་རུ་གྲོང་ཚོ། སོག་སྡེ་ཁུག་སོགས་ནི་སྔོན་ས་ཆ་དེར་གནས་པའི་རུས་དང་ཚོ་པ་སོགས་ཀྱི་མིང་ལས་ཐོགས་པ་ཡིན་སྙམ། དེ་མིན་ལེ་པ་དང་། འབྲི་ཆུང་སྐོར། གྲ་གུ། དགའ་ལོ་དགོན་པ། ཨ་དཀར་ཚང་། ཕུན་ཡར་དང་འཁོར་རྩ་སྐོར་པ་སོགས་ནི་མིའི་མིང་ས་མིང་དུ་ཐོགས་པ་ཡིན།
        གསུམ། སྲོག་ཆགས་ཀྱི་མིང་ལས་ཐོགས་པ།
        འདམ་ཁུལ་དུ་སྒོ་ཟོག་གི་གྲས་ནས་གཡག་དང་། ལུག འབྲི། རྟ། ཁྱི་སོགས་དང་། རི་དྭགས་གྲས་གླ་བ། འབྲོང་། རྐྱང་། ཤྭ་བ་དང་སྤྱང་ཀི། དྲེད་མོང་སོགས་ཡོད། དེ་དག་འབྲོག་པའི་འཚོ་གནས་དང་འབྲེལ་བ་ཟབ་མོ་ཡོད་རྐྱེན་ས་མིང་མང་པོ་ཞིག་སྲོག་ཆགས་ཀྱི་མིང་ལས་ཐོགས་ཡོད། དཔེར་ན། དབུ་མ་ཤང་སྦྲ་ཁ་གྲོང་ཚོའི་ཁོངས་ཀྱི་ཁྱུང་རི་ཞེས་པ་ནི་བསྟན་པ་ཡར་དར་སྐབས་སུ་བྱ་ཁྱུང་ཞེས་པ་སྟོབས་ཤིན་ཏུ་ཆེ་བའི་བྱ་རིགས་ཡོད་སྐད། བྱ་དེ་རི་བོ་གང་གི་སྟེང་དུ་བབས་ཚེ་རི་བོ་རང་བཞིན་དུ་དམའ་རུ་འགྲོ་དང་། ཐང་སྟེང་དུ་བབས་ཚེ་ས་ཀོང་དོང་ཆགས་འགྲོ་བའི་བཤད་སྲོལ་ཡོད་པ་ལས་རི་དེའི་མིང་ལ་ཁྱུང་རི་ཞེས་ཐོགས། འདམ་ཆུ་གྲོང་རྡལ་ན་ཁྱའི་ཁོངས་ཀྱི་རྐྱང་རི་སྔོ་ནག འདམ་ཆུ་གྲོང་རྡལ་ཁོངས་ཀྱི་མཛོ་དཀར། ཡངས་པ་ཅན་ལ་ཐོག་གྲོང་ཚོ་ཙུའུ་བདུན་པའི་སྟག་ཚང་དང་། གནམ་མཚོ་ཤང་ཇ་དཀར་གྲོང་ཚོའི་ཁོངས་ཀྱི་སྤྱང་ཚང་སོགས་ཡོད། དེ་མིན་ཁྱི་ཆེན་དང་སེང་གེ དཀར་ལུག་ལ། དྲེད་ལུང་། གླང་ཆེན་ནེའུ་ལེ་པ། རྒོ་བ་ན་སྦུག ཉ་མདོ། ཁྱི་ནག རྟ་རྫི། འབྲི་རྫི། ངང་ཚང་སོགས་ཅུང་མང་པོ་ཡོད།
        བཞི། ཚོན་མདོག་ལས་ཐོགས་པ།
        ཚོན་མདོག་ལས་ཐོགས་པའི་མིང་དེ་རིགས་ནི་འདམ་ཁུལ་གྱི་ས་མིང་ཁྱོན་ཡོངས་ནང་ཁྱབ་ཆེ་བའི་གྲས་ཤིག་ཡིན་ཞིང་འདོགས་སྟངས་ཐད་རི། ཆུ། ས་ལ་སོགས་པའི་མིང་གི་སྔ་གཞུག་ཏུ་ཡུལ་ཅན་དེའི་ཁ་དོག་མཚོན་པའི་མིང་ཚིག་ཅིག་བསྣན་པའམ་ཡང་ན་ཁ་དོག་གི་མིང་ཚིག་ཁོ་ནས་ཡུལ་ཅན་མཚོན་པར་བྱེད་ཀྱིན་ཡོད། དཔེར་ན། གནམ་མཚོ་ཆུས་ཁོངས་ཀྱི་སེར་ལྟེ་ནི་སའི་ཁ་དོག་སེར་པོ་ཡིས་ལྟེ་བར་བྱས་པས་མིང་དེ་ལྟར་ཐོགས་པ་དང་གྲོང་དཀར་གྲོང་ཚོའི་ཁོངས་ཀྱི་ཡོད་རྭའི་རི་དམར་ནི་རི་བོའི་ཁ་དོག་དམར་མདངས་ཆེ་བའི་ཆ་ནས་ཐོགས། ཡངས་ཅན་ཁོངས་ལ་ཐོག་ཙུའུ་བདུན་པའི་རི་ནག་སྟེ་རི་བོའི་ཁ་དོག་ནག་པོ་ཡིན་པའི་ཆ་ནས་དེ་ལྟར་ཐོགས། ཡངས་ཅན་ཁོངས་ལ་ཐོག་ཙུའུ་བདུན་པའི་ཁོངས་ཀྱི་ལྗང་གཤོང་ནི་ས་གཞིའི་ཁ་དོག་ལྗང་ཁུའི་ཆ་ནས་བཏགས་པའོ། གནམ་མཚོའི་ཇ་དཀར་ཙུའུ་དང་པོའི་ས་མིང་སྟེ་ཁམ་ཤག་ནི་སའི་ཁ་དོག་ཁམ་པའི་ཆ་ནས་ཐོགས་པ་ཡིན། དེ་མིན་སེར་གདོང་དང་། ཁང་དམར། སྐྱ་གཤོང་། གད་ནག སྔོ་གཤོང་། སྨུག་ཁུག དེའུ་ཁྲ། རི་དཀར་པོ། དམར་པོ་བཅས་ཡོད།
        ལྔ། རྩི་ཤིང་གི་མིང་ལས་ཐོགས་པ།
        འདམ་ཁུལ་དུ་སྦྱར་པ་དང་ལྕང་མ་སོགས་མེད་ཀྱང་བ་ལུ། སྤ་མ། ཤུག་ཚེར། གླང་མ། སྐྱེར་པ། སྤེན་མ་སོགས་རིགས་མང་པོ་ཡོད། དེ་དག་ས་མིང་དུ་བཀོལ་སྤྱོད་བྱེད་སྐབས་སྤྱིའི་ཆར་རྩི་ཤིང་ཞིག་གི་མིང་ཆ་ཚང་སྤྱད་ནས་གདགས་གཞི་དེ་མཚོན་པར་བྱེད་སྲོལ་གཅིག་དང་། རྩི་ཤིང་ཞིག་གི་མིང་ཆ་ཚང་ངམ་རྩི་ཤིང་དེའི་ཐ་སྙད་ཀྱི་གྲུབ་ཆ་གཙོ་བོའི་ཚིག་གི་རྗེས་སུ་གདགས་གཞི་དེའི་ས་བབ་གནས་ཚུལ་མཚོན་ནུས་པའི་ཚིག་ཅིག་སྣོན་སྲོལ་ཡོད་པ་བཅས་དབྱེ་བ་གཉིས་ཙམ་ཡོད། དཔེར་ན་ཤིང་སེ་བས་ཁེངས་པའི་ལུང་པར་སེ་ལུང་དང་། ཐང་ཡོངས་འཇག་མས་ཁེངས་པ་ལ་འཇག་ཐང་། སྤ་མས་ཁེངས་པའི་རི་བོ་ཁྲ་ཁྲར་སྤ་རི་ཁྲ་བོ་སོགས། དེ་མིན་སྐྱེར་ལུང་། མཚེར་ལུང་། འོམ་ལུང་། གླང་ཐང་ངམ་གླང་རི། སྤེན་ཁྲའི་མགུལ། སྤེན་སྦུག སྤེན་ཐང་སོགས་ལྟ་བུའོ། །
        དྲུག གྲངས་ཚིག་ལས་ཐོགས་པ།
        འདམ་ཁུལ་དུ་གྲངས་ཚིག་ལས་ཐོགས་པའི་ས་མིང་རིགས་ཉུང་ཤས་ཡིན། གདགས་གཞི་དང་གྲངས་ཚིག་མཉམ་སྡེབ་ས་མིང་འདོགས་པ་སྟེ། དཔེར་ན། རི་བཞི། ལུང་གསུམ། ཕུ་གསུམ། སུམ་སྣ་གོང་འོག ཀ་གཅིག སྤྱང་གཉིས། རུ་སྟར་སུམ་བསྐོར།  སུམ་མདོ་ཁ་སོགས་ལྟ་བུའོ། །
        བདུན། ཕྱོགས་གཏོགས་ཀྱི་མིང་ལས་ཐོགས་པ།
        འདམ་ཁུལ་དུ་ཕྱོགས་གཏོགས་ཀྱི་མིང་ལས་ཐོགས་པའི་ས་མིང་རིགས་ནི་ཁྱབ་ཆེ་ཤོས་ཀྱི་གྲས་ཡིན། དཔེར་ན། ཕུ་སྟོད། ཤར་རི། ལྷོ་རི། འོག་མ(དབུ་མ་ཐང་ཁོངས་ཀྱི་འབྲོག་སའི་མིང)ལྷོ་མ(གནམ་མཚོ་ཤང་གི་གྲོང་མིང)སོགས་ལྟ་བུའོ། །
        བརྒྱད། དཔལ་འབྱོར་དང་ལས་རིགས་ཀྱི་མིང་ལས་ཐོགས་པ།
        ས་མིང་དེ་རིགས་ནི་གདགས་གཞི་དེའི་སྟེང་དུ་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱོད་ཡུལ་ལམ་ལས་རིགས་གང་ཞིག་སྡེབ་ནས་ས་མིང་མཚོན་པ་བྱས་ཡོད། དཔེར་ན་དབུ་མ་ཤང་ཁོངས་ཀྱི་ཀོ་ཁྱིམ(གྲོང་མིང)ནི་དུད་ཁྱིམ་དེ་དག་གིས་ཀོ་བ་མང་པོ་མཉེས་བས་ན་མིང་དེ་ལྟར་ཐོགས། ད་དུང་ཆང་མའི་ཁུག ནས་རི་ཕྱུག་མོ། མར་ཁུད་མདོ། དབར་ལྷས། དགུན་ལྷས། དགུན་འཚེར་སྒང་། རྟ་རྫི་རི། རྟ་སྐྱོད་སྐོར། ར་ལུག་ལ། ཁལ་རྫི་སྐོར། ཚྭ་པ་རབ(སྔར་བྱང་ཚྭ་དབོར་འདྲེན་བྱེད་སྐབས་གཙང་པོར་བགྲོད་པའི་རབ་ཁ་ཡིན)སོགས་ལྟ་བུའོ། །
        དགུ། ཆོས་ལུགས་ཀྱི་མིང་གི་ཆ་ནས་ཐོགས་པ།
        འདམ་ཁུལ་ཡང་བོད་ལྗོངས་ས་ཁུལ་གཞན་དང་འདྲ་བས་དམངས་ཁྲོད་དུ་ཆོས་དད་ཤིན་ཏུ་ཆེ་བས་ས་མིང་འདོགས་སྟངས་ཐད་ལ་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེར་ན། རྒྱལ་དར་ཤང་ཁོངས་ཀྱི་ཡ་ཡིའི་འབུམ་པ(ས་མིང)ཞེས་པ་ནི་དུས་རབས་བཅུ་གསུམ་པའི་ནང་བཞེངས་ཤིང་། དེ་ནི་བཀའ་བརྒྱུད་པའི་སྒྲུབ་ཆེན་ལོ་རས་པ་དབང་ཕྱུག་བརྩོན་འགྲུས་ཀྱི་གདུང་རྟེན་ཡོད་སའི་ས་ཆ་དེ་ཡིན། བྱེ་ནུབ་འབུམ་པ་ཞེས་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་མཆོད་རྟེན་ཡིན། རྩེ་ལྡེང་འབུམ་པ་ཞེས་པ་དེ་ནི་གནམ་རྩེ་ལྡེང་དུ་གྲགས་པ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གདུང་རྟེན་བཞུགས་སོ། ། གོང་གི་ཡ་ཡིའི་འབུམ་པ་དང་། བྱེ་ནུབ་འབུམ་པ། རྩེ་ལྡེང་འབུམ་པ་བཅས་ལ་འབུམ་ཐང་སྐོར་པ་ཞེས་བརྗོད། སྙིང་གྲོང་ཤང་ཉེ་འགྲམ་དུ་དབྱིབས་སྙིང་དང་འདྲ་བའི་རི་ཆུང་ཞིག་ཡོད། དེའི་མིང་སྙིང་རི་ཞེས་བརྗོད་ལ་ཡུལ་དེའི་རྒྱུད་དུ་རི་དེའི་སྟེང་མ་གཏོགས་ཕུག་པ་མཐོང་བར་དཀོན། དམངས་ཁྲོད་ཤོད་རྒྱུན་དུ་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་སློབ་དཔོན་པད་མ་འབྱུང་གནས་བོད་དུ་ཕེབས་སྐབས་གཉན་ཆེན་ཐང་ལྷས་གངས་ཆེན་ཕབ་ནས་སློབ་དཔོན་གྱི་འགྲོ་ལམ་བཀག་པ་དང་། དུག་སྦྲུལ་ཤིན་ཏུ་ཆེན་པོ་ཞིག་ལ་སྤྲུལ་ནས་སློབ་དཔོན་རིན་པོ་ཆེར་འགོག་རྒོལ་བྱས་སྟབས་སློབ་དཔོན་གྱིས་ཕྱག་མཁར་བཙུགས་ནས་སྦྲུལ་དེ་དམ་ལ་བཏགས། རི་ཆུང་དེ་ནི་དུག་སྦྲུལ་གྱི་སྙིང་ཡིན་སྐད། སྙིང་རི་ཞེས་མིང་ཐོགས་ལ་དེའི་ཉེ་འཁོར་དུ་དུག་སྦྲུལ་གྱི་མཆིན་པ་དང་གློ་བ་མཚོན་པའི་མཆིན་པ་རི་དང་གློ་བ་རི་སོགས་ཡོད། སྙིང་རིའི་ཉེ་འདབས་སུ་ཆགས་པའི་འབྲོག་སྡེ་ལ་སྙིང་དྲུང་ངམ་སྙིང་གྲོང་ཞེས་མིང་ཐོགས། རྐྱང་རི་སྔོ་ནག་ཅེས་པའི་ས་མིང་དེ་ནི་པན་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་རྒྱ་ནག་ནས་འདམ་ཁུལ་དུ་ཕེབས་ནས་ཞག་ཤས་བཞུགས། ཁོང་གིས་གསུང་གཏོར་གསུངས་སྐབས་གློ་བུར་དུ་རྐྱང་རག་པ་ཞིག་ཐོན་ནས་ཁོང་གིས་གསུང་གཏོར་གསུངས་དུས་ས་དེར་ཉན་ནས་བསྡད། གསུང་གཏོར་གསུངས་ཚར་སྐབས་རྐྱང་དེ་ཡར་ལངས་པས་ཁོང་གིས་གཏོར་ཁུག་རྐྱང་དེའི་སྒལ་པར་བཀལ། དེ་རྗེས་རྐྱང་དེ་རོང་དུ་བབས་ནས་ཆུ་བོའི་ཕ་རོལ་གྱི་བྲག་རིར་འཛེགས་པས་དཔལ་ལྡན་ཡེ་ཤེས་དང་སྐུ་འཁོར་བཅས་རྗེས་སུ་བསྙེགས་ཏེ་གཟིགས་པར་ཕེབས་སྐབས་ཡ་གིའི་བྲག་འདབས་སུ་བླ་རྐན་ཞིག་བཞུགས་ཡོད་པ་དང་། དེའི་རྒྱབ་ཀྱི་རི་ལྡེབས་སུ་གཟན་དམར་པོ་ཞིག་གིས་རྒྱབ་ཡོལ་བཏང་ཡོད་པ་གཟིགས་ནས་དེ་ཡར་བཀྱག་མ་ཐག་ཁོང་གི་ཤངས་ཁྲག་འཛགས་པས་དེས་ཡི་གེ་བྲིས། སྤྱི་ལོ་1779ལོར་ཁོང་གིས་དགོན་པ་ཕྱག་བཏབ་པས་མིང་ལ་“རྐྱང་རག་དགོན་པ”ཞེས་ཐོགས་པ་དང་། གསུང་གཏོར་གསུངས་སའི་ཐང་དེར་རྐྱང་ཐང་དང་། བྲག་རི་དེར་རྐྱང་རི་སྔོ་ནག ཆུ་མིང་ལ་ཡང་རྐྱང་ཆུ་སོགས་བརྗོད།
        བཅུ། རྒྱུན་སྤྱོད་འཚོ་བའི་ཡོ་ཆས་དང་ཟ་ཆས་ཀྱི་མིང་ལས་ཐོགས་པ།
        འདམ་ཁུལ་དུ་རྒྱུན་སྤྱོད་འཚོ་བའི་ཡོ་ཆས་དང་ཕྱི་རོལ་རི་ཐང་སོགས་ལ་འདྲ་བའི་ཆ་ནས་མིང་བཏགས་པའམ་ཟ་ཆས་རིགས་ཀྱི་ཐོན་ཁུངས་ངོས་ནས་མིང་ཐོགས་པ་ཁ་ཤས་ཡོད། དཔེར་ན། ཀོང་ཐང་ཆུས་ཁོངས་ཀྱི་སྦྲ་ཁ་འདམ(ཁ་སྐད་སྦ་ཁ་འདམ་)ས་དེའི་དབྱིབས་སྦྲ་གུར་གྱི་ཁ་དང་འདྲ་བས་དེ་ལྟར་བཏགས་སོ། ། དེ་མིན་ཇ་དཀར་དང་། གྲོ་ལྷས། གྲོ་མ་ཐང་། མར་ཁུ་སོགས་ལྟ་བུ་དེ་དག་འབྲོག་པའི་ས་མིང་གི་ཁྱད་ཆོས་ལྡན་ཡོད།
        བཅུ་གཅིག ལྷ་སྒྲུང་དང་ངོ་མཚར་ཅན་གྱི་གཏམ་རྒྱུད་ལས་ཐོགས་པ།
        ལྷ་སྒྲུང་དང་ངོ་མཚར་ཅན་གྱི་གཏམ་རྒྱུད་ནི་མིའི་རིགས་ཆེས་གདོད་མའི་འཆར་སྣང་རང་བཞིན་གྱི་རྩོམ་རིག་ཅིག་ཡིན། འདམ་ཁུལ་གྱི་ས་མིང་ཁ་ཤས་ཀྱི་འབྱུང་ཚུལ་ཐད་ལ་ཡང་ལྷ་སྒྲུང་ངམ་ངོ་མཚར་ཅན་གྱི་གཏམ་རྒྱུད་བརྗོད་རྒྱུ་ཡོད། དཔེར་ན་ཀོང་ཐང་ཆུས་རྒྱ་རྒན་གྲོང་དུ་གནས་པའི་སྦྲིད་ལྷ་(རི་མིང་། ཁ་སྐད་དུ་སྦི་ལྷ)མིང་རྒྱས་པར་ཇོ་བོ་སྦྲིད་ལྷ་དཔུང་པའི་གནས་ཞེས་བརྗོད། དེ་ནི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་བའི་གནས་ཤིག་སྟེ《གསོལ་མཆོད》ལས་སྦྲིད་ལུང་སྐྱིད་ཀྱི་སྣར་མོ་རྫོང་། སྦྲིད་ལུང་རྒྱ་ཤོག་བཀྲམ་འདྲའི་དབུས། གཡའ་རི་གངས་རིའི་ཡང་རྫོང་ནས། བྲག་དཀར་སེང་ཆེན་མཆོངས་འདྲའི་དབུས། མཆོང་རི་སྨུག་པོའི་ཡང་རྫོང་ན། སྐུ་མཁར་གནམ་ལ་ལྡེམ་སེ་ལྡེམ་ཞེས་སོགས་བཀོད་ཡོད་པས་དེས་ཕྱི་སྣོད་གནས་ཀྱི་བཀོད་པ་ཤེས་ཐུབ། དམངས་ཁྲོད་ཀྱི་ཁ་རྒྱུན་དུ་རི་བོ་དེ་ནི་གླིང་སེང་ཆེན་རྫོང་གཞིས་ཕབ་སྐབས་སྟག་གཟིག་ནོར་རྫོང་གི་གཉེར་གཏད་བྱ་ཡུལ་བདུན་ཙམ་ཡོད་པ་གྲགས་པ་ལས་གཡང་གཏད་བྱ་ཡུལ་གྱི་ཡ་གྱལ་གཅིག་ཡིན་པས་ནོར་བདག་སྦྲིད་ལྷ་ཞེས་བརྗོད། ཁུལ་དེའི་མང་ཚོགས་དུ་མས་ཀྱང་རི་བོ་དེ་རང་གི་ཡུལ་ལྷ་དང་སྐྱེས་ལྷར་བརྩིས་ཏེ་ཚེས་བཟང་དུས་བཟང་ལ་རི་བསང་གཏོང་བའི་སྲོལ་ཡང་འདུག ཡང་རི་དེའི་མིང་འབྱུང་ཚུལ་སྐོར་གྱི་གཏམ་རྒྱུད་གཞན་ཞིག་ནི་སྟག་ལུང་དགོན་གྱི་སྐྱེས་ཆེན་དམ་པ་ཞིག་དེར་བྱོན་སྐབས་གནས་འདིའི་ངོ་མཚར་གྱི་བཀོད་པ་བལྟ་བའི་མི་ངོམས་པ་ཞིག་ཡོད་པས་ཡིད་སྨོན་སྐྱེས་ཏེ་རེ་ཞིག་སྐུ་ལུས་ཡོངས་རྫོགས་སྦྲིད་པར་གྱུར་བས་ན་སྦྲིད་ལྷ་ཞེས་མིང་དེ་ལྟར་ཐོགས་སྐད། དེ་མིན་དབུ་མ་ཆུས་སྦྲ་ཁ་གྲོང་ཚོའི་ཁོངས་ཀྱི་སྐྱུག་པ་བྲག་རི་དེ་ནི་གླིང་གེ་སར་རྒྱལ་པོའི་སྐྱུག་པ་ཡིན་ཞེས་བརྗོད་ཀྱིན་ཡོད།
        བཅུ་གཉིས། བཀྲ་ཤིས་རེ་སྨོན་དང་ཆེ་བསྟོད། ལྟས་ངན་སོགས་ལས་ཐོགས་པ།
        འགྲོ་བ་མིའི་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་བཀྲ་ཤིས་ཚེ་རིང་དང་། ས་ཁུལ་དར་རྒྱས། ཞི་བདེ། རྒྱུ་ནོར་ཕུན་སུམ་ཚོགས་པ་སོགས་ནི་གང་ཟག་ཚང་མའི་སེམས་འདུན་ཞིག་ཡིན། དེ་དག་མཚོན་ཕྱིར་མིའི་མིང་དང་ས་མིང་ནང་དུ་བཀྲ་ཤིས་པའི་ཚིག་མང་པོ་ཞིག་བེད་སྤྱོད་བྱས་ཡོད། དཔེར་ན་རྒྱལ་དར་ཤང་དང་། སྙིང་གྲོང་ཁོངས་ཀྱི་ཡར་ལངས་གྲོང་ཚོ། དབུ་མ་ཤང་ཁོངས་ཀྱི་གཡང་རྭ་འཁོར་ཆེན(དེ་ནི་སྔར་ཆོས་རྒྱལ་ནོར་བཟང་བྱང་ལ་ཕེབས་སྐབས་ས་དེར་མ་ཎི་འཁོར་ཆེན་མང་པོ་ཞིག་བཞེངས་ཡོད་པ་དེའི་ཡ་གྱལ་ཞིག་ཡིན་པ་འདུག)དང་། དབུ་མ་ཤང་ཁོངས་ཀྱི་ས་མིང་རྒྱལ་ཁ། སྔར་ས་ཆ་དེར་མཆོད་རྟེན་གྲོང་ཚོ་ཞེས་འབོད་ཅིང་ཕྱིས་སུ་རྒྱལ་ཁ་ཞེས་འབོད་པ་ཡིན། ས་ཆ་དེ་ནི་འདམ་སྟོད་དུ་གནས་ཤིང་མིང་དེ་ལྟར་ཐོགས་དོན་ནི་འདམ་རྫོང་འདིའི་ས་དབྱིབས་ནི་གཡུ་ཡི་གཞོང་པ་ཞིག་དང་འདྲ་ཡང་དེའི་ཕྲེད་དུ་ཆུ་ཞིག་གིས་བཅད་པས་གཡུ་ཡི་གཞོང་པ་ཆག་པ་ལྟ་བུ་ཡོད་པ་དེའི་ཆག་ཁ་འགྲིག་ནས་གཡང་འཕེལ་བའི་ཆེད་དུ་ཆུ་དེའི་སྟོད་སྨད་གཉིས་ཏེ་འདམ་སྟོད་དང་འདམ་སྨད་གཉིས་སོ་སོར་མཆོད་རྟེན་རེ་བཞེངས་ནས་གཞོང་པ་དེ་འགྲིག་པ་ཡིན་ཟེར་སྲོལ་འདུག་པས་འདམ་སྟོད་སྨད་གཉིས་ལ་མཆོད་རྟེན་གྲོང་ཚོ་ཟེར་བའི་མིང་རེ་ཆགས། འདམ་སྟོད་མཆོད་རྟེན་གྲོང་ཚོ་དེ་དེ་སྔོན་ས་གནས་སྲིད་གཞུང་ལ་ཁྲལ་སོགས་འཇལ་བའི་སྐབས་ཨང་དང་པོ་ཤ་སྟག་ལེན་གྱིན་ཡོད་པས་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་མཚོན་ཆེད་ཕྱིས་སུ་འགོ་དཔོན་རྣམས་ཀྱིས་རྒྱལ་ཁ་ཞེས་མིང་བཏགས་ཏེ་དུས་ད་ལྟའི་བར་དུ་ཡང་མིང་དེ་ལྟར་སྤྱོད་བཞིན་ཡོད། དེ་མིན་བཀྲ་ཤིས་མདོ་དང་། བཀྲ་ཤིས་དབུ་མ་ཐང་། ཕུན་སུམ་ཚོགས་པ(རི་མིང)རྒྱལ་དར། སྐྱིད་གཞུང་སོགས་ཡོད།
        ལྟས་ངན་པའི་ཆ་ནས་བཏགས་པ་དཔེར་ན་དབུ་མ་ཆུས་སྦྲ་ཁ་གྲོང་ཚོའི་ངན་ཆུ། དེ་ནི་བསམ་གཏན་གངས་རི་ནས་པོ་ཏ་མོན་ལམ་གངས་རི་གཉིས་ཀྱི་འབྲེལ་ཐག་ལྟ་བུར་གནས་ཡོད། ཤོད་སྲོལ་ལ་གནའ་བོའི་དུས་སུ་བསམ་གཏན་གངས་རི་དང་པོ་ཏ་མོན་ལམ་གངས་རི་གཉིས་བརྩེ་གྲོགས་ཡིན་ཞིང་ཕོ་མོའི་འབྲེལ་བབས་ནས་ཆང་སའི་རྟེན་འབྲེལ་གྱི་མཛད་སྒོ་གནང་རྒྱུའི་གཏན་འཁེལ་བྱས། འོན་ཀྱང་བཀྲ་ཤིས་པའི་དུས་བཟང་སླེབས་ཉེ་བའི་སྐབས་ས་གནས་དེར་རི་བོང་ཞིག་ཡོང་ནས་གད་མོ་ཤོར་བས་ཁ་ཆུ་ཐིགས་པ་གཅིག་ས་ལ་ཟགས་པ་དེ་ཆུ་བོར་འགྱུར་བས་ཁོ་གཉིས་ཀྱི་འབྲེལ་བ་དེ་ནས་ཆད་པས་གཏམ་ངན་པར་ངོས་བཟུང་ནས་ཆུ་དེའི་མིང་ལ་ངན་ཆུ་ཞེས་ཐོགས། ཆུ་བོ་དེ་གཞན་དང་མི་འདྲ་བར་དབྱར་ཁ་ཆུང་ལ་དགུན་ཁ་ཤིན་ཏུ་ཆེ་བའི་ཁྱད་ཆོས་ཡོད།
        བཅུ་གསུམ། གཏེར་ཁའི་མིང་ལས་ཐོགས་པ།
        འདམ་ཁུལ་དུ་གཏེར་ཁའི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པོ་ཡོད། གཤའ་དཀར་དང་། ཞ་ཉེ། ཏི་ཚ། གཡང་ཏི། དཀར་རྡོ། ཅུ་གང་། ཆུ་ཤེལ། མུ་ཟི། ལྡོང་རོས་སོགས་ཡོད། ལྷག་པར་དུ་ཆུ་ཚན་གྱི་ཐོན་ཁུངས་ཤིན་ཏུ་མང་མོད། གཏེར་རིགས་དེ་དག་མིང་ལས་ཐོགས་པའི་ས་མིང་ཡང་ཁ་ཤས་ཡོད། དཔེར་ན། འདམ་ཆུ་གྲོང་རྡལ་གྱི་ན་ཁྱ་གྲོང་ཚོའི་ཁོངས་ཀྱི་ཚྭ་ཆུ་ཐང་ཞེས་པ་དང་། འདམ་ཆུ་གྲོང་རྡལ་ཁོངས་རྟེན་མཁར་ལྷ་ཁང་གི་རྒྱབ་རིའི་མིང་ཞ་རྡོ་ཞེས་བརྗོད། ཡངས་པ་ཅན་ཁོངས་ཀྱི་དཀར་རག་ཁུག(ས་མིང)དེར་དཀར་རག་ཐོན་ཁུངས་ཤིན་ཏུ་མང་པོ་ཡོད། དེ་མིན་ད་དུང་ཚྭ་ཆུ་དང་། ཚྭ་མཚོ། ཆུ་ཚན། ཚྭ་སྣ། ཟངས་རི། བཙག་ཁུང་སོགས་ལྟ་བུ་ཡོད་སྐད།
        བཅུ་བཞི། གསར་རྙིང་སོགས་ཁྱད་ཆོས་སྟོན་པའི་མིང་ལས་ཐོགས་པ།
        སྤྱིར་ན་ས་མིང་བྱུང་བའི་ལོ་རྒྱུས་ཤིན་ཏུ་རིང་པོ་ཞིག་ཡིན། ལོ་ངོ་སྟོང་ཕྲག་མང་པོའི་ནང་དུ་ས་མིང་ཁ་ཤས་ལ་འགྱུར་བ་གང་ཡང་མ་བྱུང་བར་གནས་ལ་མང་ཆེ་བར་འཕོ་འགྱུར་འགྲོ་བ་མ་ཟད་ནམ་མཁའི་འཇའ་ལྟར་ཡལ་སྲིད། ལོ་རྒྱུས་འཕེལ་རིམ་ནང་དུ་ས་མིང་གསར་པ་ཡང་རྟག་ཏུ་ཐོན་གྱིན་ཡོད། འདི་གར་བརྗོད་པའི་གསར་རྙིང་སོགས་ཁྱད་ཆོས་སྟོན་པའི་མིང་ལས་ཐོགས་པའི་ས་མིང་ནི་ལྟོས་འཇོག་དངོས་པོ་སོགས་མིང་གང་རུང་གི་མཇུག་ཏུ་གསར་རྙིང་སོགས་ཁྱད་པར་སྟོན་ནུས་པའི་ཚིག་ཅིག་སྣོན་པའི་ས་མིང་དེ་དག་ཡིན། དཔེར་ན། འདམ་རྙིང་དང་། ཁང་གསར། ཟམ་གསར། དུད་གསར་སྐོར་པ། སྒྲོ་གསར་འོག་མ། གསར་བྱུང་། དགོན་པ་གསར། ལ་རྒན། རྒན་རྙིང་སོགས་ལྟ་བུ་ཡོད།
        བཅུ་ལྔ། སྐད་རིགས་གཞན་གྱི་མིང་ལས་ཐོགས་པ།
        ས་མིང་དེ་རིགས་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མི་རིགས་ཕན་ཚུན་དབར་གང་ཅིའི་ཐད་ཀྱི་འབྲེལ་བ་བྱུང་བའི་འབྲས་བུ་ཉག་ཅིག་ཡིན་ཞིང་། འདམ་གཞུང་དེ་ཡང་བོད་ཁུལ་སྤྱི་དང་འདྲ་བར་ལོ་རྒྱུས་ཐོག་ཏུ་རྒྱ་དཀར་ནག་སོག་པོ་སོགས་ཀྱི་མི་རིགས་དང་ཕྱོཀས་གང་ཐད་ཀྱི་འབྲེལ་བ་དེ་ཟབ་མོ་བྱུང་བར་བརྟེན་འདམ་ཁུལ་གྱི་ས་མིང་འདོགས་ཚུལ་ལའང་ཤུགས་རྐྱེན་གང་ཙམ་ཐེབས་ཡོད། ལྷག་པར་དུ་རྒྱལ་དབང་ལྔ་པའི་སྐབས་ནས་འདམ་གཞུང་ཁུལ་དུ་སོག་པོ་ཡུན་རིང་བཅའ་སྡོད་བྱས་སྟབས་ས་མིང་མང་པོ་ཞིག་སོག་པོའི་མིང་ལས་ཐོགས་སོ། དཔེར་ན། ཧང་གོ ཧ་དམར། འུན་པོ། དི་ཧྲུག འོར་ཀོ་ར་ཀ། ཨུ་ཏ། ཧར་མ། སི་ཙི། ཛང་ཀི། ཁུན་དུ། ཤུའི་ལེན་སོགས་ལྟ་བུའོ།།
        བཅུ་དྲུག འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐོགས་པ།
        འདམ་ཁུལ་དུ་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐོགས་པའི་ས་མིང་ཅུང་མང་ཙམ་ཡོད། དཔེར་ན། དབུ་མ་ཤང་གི་ན་ལུང་ཙུའུ་བཞི་པའི་གཉེར་རི། རི་དེའི་བཟོ་དབྱིབས་རྒན་པོའི་དཔྲལ་བའི་སྟེང་གཉེར་མ་ཤིག་ཤིག་ཏུ་ཡོད་པ་འདྲ་བའི་ཆ་ནས་བཏགས་པ་ཡིན། དབུ་མ་ཤང་ན་ལུང་ཙུའུ་བཞི་པའི་ཟགས་ཆེན་རི་བོ། རི་བོ་དེ་ནི་རི་བོ་གཞན་ལས་ཤིན་ཏུ་མཐོ་ཞིང་ཆེ་བའི་རི་ཆེན་ཞིག་གི་སྤང་དུ་ཟགས་པའམ་ལྷུང་བའི་ཉམས་སུ་གནས་ཡོད་པ་འདྲ་བའི་ཆ་ནས་བཏགས་པའོ། ། དབུ་མ་ཤང་སྦྲ་ཁ་གྲོང་ཚིའི་རི་མིང་སྡིང་གཞོན་པ། དབུ་མ་ཤང་སྦྲ་ཁ་གྲོང་ཚོའི་རི་མིང་བཞུགས་ཁྲི་རི་བོ། ཡངས་པ་ཅན་ལ་ཐོག་གྲོང་ཚོའི་རི་མིང་ལོང་རིང་། གློ་བ་རི། སྐྱོགས་མགོ་རི། ཟར་རུ་མགོ་རི། མདུང་རྩེ་རི། ཟོམ་རི། རྟ་སྒ་རི། སྐེད་རགས་རི་སོགས་ལྟ་བུའོ།
གཉིས་པ། ས་མིང་གི་གྲུབ་ཚུལ་དང་ཁྱད་ཆོས།
        གཅིག ས་མིང་གི་གྲུབ་ཚུལ།
        ས་མིང་གི་གྲུབ་ཚུལ་དེར་ས་ཁམས་རིག་པ་དང་སྐད་བརྡ་རིག་པ་གཉིས་ཀྱི་ཆ་ནས་དབྱེ་ཞིབ་བྱས་ཆོག་ཅིང་འདིར་བརྗོད་པར་བྱ་བ་ནི་སྐད་བརྡ་རིག་པའི་ཆ་ནས་དབྱེ་ཞིབ་བྱ་རྒྱུ་སྟེ་ས་མིང་ནི་ས་ཆ་མི་འདྲ་བའི་སྐད་བརྡ་མཚོན་པའི་རྟགས་ཤིག་ཡིན་ལ་སྐད་བརྡའི་རྒྱུ་ཆ་མི་འདྲ་བ་ལས་གྲུབ་པ་ཞིག་ཡིན། ས་མིང་གི་གྲུབ་ཚུལ་ཆ་ནས་དབྱེ་ན་སྐད་བརྡའི་རྣམ་པ་དང་ནང་ངོས་ཀྱི་སྒྲིག་གཞི་བཅས་ཕྱོགས་གཉིས་ཏེ། སྐད་བརྡའི་རྣམ་པའི་ཆ་ནས་དབྱེ་ན་ཚེག་ཁྱིམ་རྐྱང་པའི་ས་མིང་དང་ཚེག་ཁྱིམ་འདུས་མའི་ས་མིང་བཅས་གཉིས་སུ་དབྱེ། ནང་ངོས་ཀྱི་སྒྲིག་གཞིའི་ཆ་ནས་རྐྱང་མིང་དང་འདུས་མིང་བཅས་གཉིས་སུ་དབྱེ་བ་ཡིན།
        1.ཚེག་ཁྱིམ་རྐྱང་པའི་ས་མིང་།
        འདམ་གཞུང་ཁོངས་ཀྱི་ས་མིང་ནང་ཚེག་ཁྱིམ་རྐྱང་པའི་ས་མིང་ཉུང་ཤས་ཙམ་ལས་མེད། དཔེར་ན། རིའུ(རི་མིང) རབ(གྲོང་མིང)  དེའུ(རི་མིང)  ཐང(སམིང)  ལྷས(ས་མིང)  ན(ས་མིང)ལྟ་བུའོ།།
        2. ཚེག་ཁྱིམ་འདུས་མའི་ས་མིང་།
        ཚེག་ཁྱིམ་འདུས་མའི་ས་མིང་དེར་ཚེག་ཁྱིམ་གཉིས། གསུམ། བཞི། ལྔ། དྲུག་ཅན་བཅས་ཡོད། ཚེག་ཁྱིམ་གཉིས་ཅན་གྱི་ས་མིང་དེ་རིགས་ནི་འདམ་གཞུང་ཁོངས་ཀྱི་ས་མིང་གི་གྲུབ་ཆ་གཙོ་བོའི་གྲས་ཤིག་ཡིན། འདམ་གཞུང་ཁོངས་ཀྱི་ས་མིང་ནང་ཚེག་ཁྱིམ་གཉིས་ཅན་གྱི་ས་མིང་209ཙམ་ཡོད། དེས་འདམ་གཞུད་ས་མིང་གྱི་བརྒྱ་ཆ་30%ཙམ་ཟིན་ཡོད། དཔེར་ན། འདམ་གཞུང་། ཧོར་རུ། མཛོ་དཀར། ཁྱུང་རི། རྟ་རྫི། གད་དམར། ཤར་རི། ལ་མདོ། རྟ་སྒ་སོགས་ལྟ་བུའོ། ཚེག་ཁྱིམ་གསུམ་ཅན་གྱི་ས་མིང་ནི་འདམ་གཞུང་ཁོངས་ཀྱིས་མིང་ནང་ཁྱབ་ཆེན་པོ་ཡོད། འདམ་གཞུང་ཁོངས་ཀྱིས་མིང་692ཙམ་ཡོད་པའི་ནང་ཚེག་ཁྱིམ་གསུམ་ཅན་གྱི་ས་མིང་352ཡོད། དེས་འདམ་གཞུང་ས་མིང་གྱི་བརྒྱ་ཆ་51%ཙམ་ཟིན་ཡོད། དེ་ནི་འདམ་གཞུང་ས་མིང་ནང་མང་ཤོས་ཤིག་ཡིན། ལྷག་པར་དུ་ཁྱི་ནག་སྐོར་ཞེས་ས་མིང་མཐར་སྐོར་ཡང་ན་སྐོར་པ་ཞེས་ཆེད་སྤྱོད་མིང་སྣོན་པའི་ས་མིང་69ཙམ་ཡོད། སྐོར་ཞེས་པ་ནི་གྲོང་པ་5ནས་7ཙམ་འདུས་སྡོད་ཁུལ་ལ་བརྗོད། འབྲོག་པའི་ས་ཁུལ་དུ་གྲོང་པ་མང་ཚེ་སྒོ་ཕྱུགས་གཉེར་བར་སྟབས་མི་བདེ་བས་ས་མིང་དེ་དག་ལ་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་ནོ། ཚེག་ཁྱིམ་གསུམ་ཅན་གྱི་ས་མིང་དཔེར་ན། སོག་ཕོ་མོ། (རི་མིང་)ཁྱི་ནག་སྐོར། བྱེ་མ་ལྐོག གཉེར་རི་ཆེན། ཚྭ་ཆུ་ཐང་། བཀྲ་ཤིས་དེའུ། སྦྲ་ཁ་འདམ། ཀླུའི་དཀྱིལ་འཁོར་སོགས་ཡོད།
        འདམ་གཞུང་ཁོངས་སུ་ཚེག་ཁྱིམ་བཞི་ཅན་གྱིས་མིང་98ཙམ་ཡོད། དེས་འདམ་གཞུང་ས་མིང་གྱི་བརྒྱ་ཆ་14%ཙམ་ཟིན་ཡོད། དཔེར་ན་ཇུན་གར་ལབ་རྩེད། ཉ་རི་སོག་དཀར། རྐྱང་རི་སྔོ་ནག་མཆོད་རྟེན་བརྒྱད་སྒྲིག བྲག་ཁུང་ནང་པ། གཡང་རྭ་འཁོར་ཆེན། མི་རྒན་ཐོད་པ། རི་གཡག་རི་ཆེན། རྩེ་ལྡིང་འབུམ་པ། བཞུགས་ཁྲི་རི་བོ་སོགས་ལྟ་བུའོ།
        འདམ་གཞུང་ཁོངས་སུ་ཚེག་ཁྱིམ་ལྔ་ཅན་གྱི་ས་མིང་18ལས་མེད། དེས་འདམ་གཞུང་ས་མིང་གྱི་བརྒྱ་ཆ་3%ལས་ཟིན་མེད། དཔེར་ན་བསྔགས་ཆེན་སྟོབས་པོ་རི། ཉའི་ཉ་རི་སོག་དཀར། སྙིང་གྲོང་ཆུ་ཚྭན་ཁག གྲོང་ལུང་སྤང་རྒྱལ་གདོང་བཅས་ལྟ་བུའོ། །
        འདམ་གཞུང་ཁོངས་སུ་ཚེག་ཁྱིམ་དྲུག་ཅན་གྱི་ས་མིང་ཤིན་ཏུ་ཉུང་། ང་ཚོས་འཚུལ་བསྡུ་བྱུང་བའི་འདམ་གཞུང་ཁོངས་ཀྱི་ས་མིང་ནང་7ལས་མེད། དཔེར་ན་ནོར་བདག་སྦྲིད་ལྷ་སྤུངས་པ(རི་མིང)དབུ་མ་བཀྲ་ཤིས་དར་ཐང(ས་མིང)ཡོད་རྭའི་ཨ་མྱེས་རྫ་དམར(རི་མིང)ལ་རྒན་མི་དཀར་རྟ་དཀར(རི་མིང)བཅས་པ་ལྟ་བུའོ། ཚེག་ཁྱིམ་དྲུག་ཡན་གྱི་ས་མིང་ཤིན་ཏུ་དཀོན་ནོ། །
        གཉིས། ས་མིང་གི་ཁྱད་ཆོས།
        སྤྱིར་ན་འདམ་ཁོངས་ཀྱི་ས་མིང་གི་ཁྱད་ཆོས་དུ་མ་ལྡན་ཡོད་ཀྱང་གཙོ་ཆེ་བ་ཁག་བཞི་ཙམ་ལ་བསྡུས་པ་གཤམ་གསལ་ལྟར།
        1 ཡུལ་ཁོངས་ཀྱི་རང་བཞིན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ།
        འདམ་ཁུལ་གྱི་ས་མིང་ཕུན་སུམ་ཚོགས་པ་ཞིག་ཡོད། དེའི་ནང་བོད་སྐད་ནི་གྲུབ་ཆ་གཙོ་བོ་ཡིན་ཞིང་། སྐད་རིགས་གཞན་གྱི་ས་མིང་སྤྱིར་ན་ཉུང་ཉུང་ཡིན་ལ་དེའང་སོག་པོའི་ས་མིང་ལས་སྐད་རིགས་གཞན་གྱི་ས་མིང་སྤྱིར་ན་མེད་དོ། འདམ་ཁུལ་ས་མིང་མང་དག་ཅིག་མིང་བཏགས་སྟངས་དང་ཁྱད་ཆོས་ངོས་ནས་ས་ཁུལ་དེ་གའི་འབུར་དུ་ཐོན་པའི་རང་བྱུང་ཁྱད་ཆོས་དང་འབྲོག་སའི་རིག་གནས་ཀྱི་ཁྱད་ཆོས་མངོན་ཐུབ། ས་མིང་ནང་ཡུལ་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ས་མིང་ཤིན་ཏུ་མང་། དཔེར་ན། ན་ཁྱ། ན་ལུང་། རྫབ་ལུང་། དྲོ་ལྷས། ལྷས་གོང་མ། ན་འཐེར་ལྷས། སྤེན་ཐང་། སྤ་ལུང་། སྐྱེར་ལུང་། དྲེད་ལུང་། རྐྱང་མདོ། རྟ་ཅོག་སོགས་ས་ཁུལ་གཞན་གྱི་ས་མིང་དང་སྡུར་ན་སྤྱིར་ན་འབྲོག་སྡེ་དང་རྩྭ་ཐང་བཅས་དང་འབྲེལ་བའི་ས་མིང་ཤ་སྟག་ཡིན།
        ས་མིང་ནི་ལོ་རྒྱུས་ཀྱི་དུས་རིམ་ངེས་ཅན་ནང་ཐོན་པ་ཞིག་ཡིན་པས་དེ་ནི་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་རེད། ས་མིང་གྲུབ་པ་ནས་དེ་ལ་གཏན་འཇགས་ཀྱི་རང་བཞིན་དང་རྒྱུན་འཛིན་གྱི་རང་བཞིན་ལྡན་ཡོད། དཔེར་ན། ཧང་གོ། ཧ་དམར། འུན་པོ།  དི་ཧྲུག འོར་ཀོ་ར་ཀ། ཨུ་ཏ། ཧར་མ། སོ་ཙི་སོགས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་ས་མིང་ཁག་ཅིག་དང་། རྐྱང་རག་དགོན་པ་ཞེས་པའི་ས་མིང་ནི་པན་ཆེན་སྐུ་ཕྲེང་དྲུག་པའི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་ས་མིང་ཞིག་ཡིན། ད་དུང་ཁང་དམར་དགོན་དང་ཡངས་ཅན་དགོན་སོགས་ནི་པན་ཆེན་སྐུ་ཕྲེང་དྲུག་པའི་རྗེས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་འབྲེལ་བའི་ས་མིང་ཤ་སྟག་ཡིན། དེར་བརྟེན་ལོ་རྒྱུས་ཀྱི་རང་བཞིན་ཤུགས་ཆེ་བ་ནི་བོད་ཀྱི་ས་མིང་གི་ཁྱད་ཆོས་གཙོ་བོ་ཞིག་ཡིན། ས་མིང་དེ་དག་གནའ་བོའི་ལོ་རྒྱུས་དང་། རིག་གནས། སྐད་བརྡ་མ་ཟད། ད་དུང་རང་བྱུང་ཁམས་བཅས་ལ་འགྱུར་ལྡོག་སོང་བའི་དཔང་རྟགས་ཁུངས་བཙན་ཞིག་ཡིན་པས་ལོ་རྒྱུས་ཞིབ་འཇུག་བྱེད་པར་གལ་ཆེའི་དཔྱད་གཞི་ཞིག་ཡིན།
        2 གཞན་སྤོང་གི་རང་བཞིན་དང་བསྐྱར་ཟློས་ཀྱི་རང་བཞིན་ལྡན་པ།
        ས་མིང་གི་རྩ་བའི་ཁྱད་ཆོས་ནི་གཞན་སྤོང་གི་རང་བཞིན་ཡིན་ཞིང་། ས་མིང་གང་འདྲ་ཞིག་ཡིན་རུང་ཚང་མར་གཞན་སྤོང་གི་རང་བཞིན་ལྡན་ཡོད། དེ་ནི་ས་མིང་གི་ནང་ངོས་ཀྱི་རེ་བ་དང་ཆོས་ཉིད་འབུར་དུ་ཐོན་པའི་མཚོན་རྟགས་ཤིག་རེད། སྤྱིར་ན་འདམ་ཁོངས་ཀྱི་ས་མིང་མང་པོར་གཞན་སྤོང་གི་རང་བཞིན་ལྡན་ཡོད་ལ་བསྐྱར་ཟློས་ཀྱི་རང་བཞིན་ལྡན་ཡོད། འདམ་ཁོངས་ཀྱི་ས་མིང་ནང་དུ་མིང་གཅིག་ཡུལ་དུ་མར་སྤྱོད་པའི་སྣང་ཚུལ་དེ་བོད་ལྗོངས་ཡོངས་ཀྱི་ས་མིང་དང་བསྡུར་ན་ཤིན་ཏུ་ཉུང་། བསྐྱར་ཟློས་མང་ཤོས་ཀྱི་ས་མིང་ནི་འདམ་ཆུ་ཁ(༤) དྲེད་ལུང(༢) ཀོ་ཁྱིམ་(༢) ཉི་སྦུག(༢)བཅས་སོ། ས་མིང་གཅིག་ཡུལ་དུ་མར་སྤྱོད་པའི་སྣང་ཚུལ་དེས་ས་མིང་དོ་དམ་གྱི་ལས་ཀར་སྟབས་མི་བདེ་བ་མང་པོ་ཡོང་གིན་ཡོད།
        3 མཛེས་དཔྱོད་ཀྱི་རང་བཞིན་དང་སྨད་པའི་རང་བཞིན་ལྡན་པ།
        འདམ་གཞུང་གི་རང་བྱུང་ཁམས་ནི་ཤིན་ཏུ་མཛེས་པ་ཞིག་ཡོད་པས། མཛེས་ཆ་དེ་དག་ས་མིང་གི་ཐོག་ནས་ཡང་མངོན་ཐུབ། འདམ་གཞུང་ཁུལ་གྱི་ས་མིང་ནང་དུ་ཚིག་རྒྱན་སྦྱོར་ཐབས་སྤྱད་དེ་རང་བྱུང་ཁམས་དག་གསོན་ཉམས་དོད་ལ་གཟུགས་བརྙན་རང་བཞིན་གྱི་སྒྱུ་རྩལ་མངོན་ཐུབ་པས་སྒྱུ་རྩལ་གྱི་མཛེས་དཔྱོད་རང་བཞིན་ལྡན་པ་དཔེར་ན་བཀྲ་ཤིས་དེའུ་དང་། ན་ཁྲ(གྲོང་མིང) ཉི་ན་ཁྲ(གྲོང་མིང) མཛོ་དཀར(གྲོང་མིང)ཡངས་པ་ཅན(གྲོང་མིང) ཁྲ་འབུར་གཞུང་(གྲོང་མིང) ནམ་མཁའ་ཡར་རྒྱས(གྲོང་མིང) བཟང་བཟང་རི་བོ། ཇ་དཀར་ཐང་ཁྲ(འབྲོག་སའི་མིང) གདུགས་རི། ལྷ་ཆུ། ལྷ་ལུང་། ནོར་གཡང་། སྐྱིད་གཞུང(འབྲོག་སའི་མིང) མེ་ཏོག་(འབྲོག་སའི་མིང) བསམ་གཏན་གངས་བཟང་། ཀོང་གཡག་ཁམ་པ་བཅས་ལྟ་བུའོ། །
        འདམ་ཁུལ་ས་མིང་ནང་ཁོར་ཡུག་ཆ་རྐྱེན་སོགས་ཞན་པའི་ཆ་ནས་ཐོགས་པའི་ས་མིང་ཁ་ཤས་ལ་སྨད་པའི་རང་བཞིན་ལྡན་ཡོད། འོན་ཀྱང་ས་མིང་དེ་རིགས་ཉུང་ཤས་ལས་མེད། དཔེར་ན། ནག་ལུང། ནག་ཧྲོག་ནང་། མཚོ་ནག ཁྱི་ནག་སྐོར། ཐལ་ལུང་སྡིང་། འདུ་ནག་སྒང་། ངན་ཆུ་སོགས་ལྟ་བུའོ། །

 

 

པད་མ་ཆོས་སྒྲོན། གུ་གེ་འཆི་མེད་རྡོ་རྗེ།  ཡོང་ཁུངས། བོད་ལྗོངས་སློབ་གསོ།

བརྒྱུད་སྐུལ།

མཆན་སྤེལ།