ན་མ་ཨརྱ་ལོ་ཀེ་ཤྭ་རཱ་ཡ། །རྣམ་འདྲེན་ཀུན་གྱི་སྙིང་རྗེ་ཆེན་པོའི་གཟུགས། །ཕྱག་ན་པད་དཀར་འཆང་བའི་སྒྱུ་འཕྲུལ་གར། །རྒྱ་བལ་མཚམས་གྱི་ཙན་དན་ལྗོན་པ་ལས། །རང་བྱུང་གཟུགས་སྐུར་བསྟན་ལ་གསོལ་བ་འདེབས། །རིས་མེད་འགྲོ་ལ་བརྩེ་བའི་འཛུམ་ཞལ་སྒོ། །ཕན་བདེའི་དགའ་སྟོན་བསུ་བའི་ཆོ་ག་མཁན། །མཐོན་མཐིང་དབུ་སྐྲའི་ཐོར་ཚུགས་གཡོ་བའི་རྒྱན། །རིན་ཆེན་ཅོད་པན་བཅིངས་ལ་གསོལ་བ་འདེབས། །
ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ལས་བབས་པའི། །བདུད་རྩིས་བཀྲེས་སྐོམས་འགྲོ་བའི་དབུགས་དབྱུང་ཞིང་། །གཡོན་པ་སྟ་ཟུར་ལ་བརྟེན་འགྱིང་བག་སྐུའི། །རྣམ་འགྱུར་གསལ་བར་ངོམ་ལ་གསོལ་བ་འདེབས། མཉམ་པར་བཞེངས་པའི་ཞབས་ཀྱི་སེན་མོའ་ིམདངས། །ཐུན་མཚམས་མཛེས་པ་འཛིན་པའི་འོད་ཟེར་གྱིས། །འདབ་སྟོང་བཞད་པའི་ཟེའུ་འབྲུར་བསིལ་ཟེར་ཅན། །ཉ་རྒྱས་སྟེང་ན་བཞུགས་ལ་གསོལ་བ་འདེབས། །འཇའ་ལྟར་བཀྲ་བའི་པཉྩ་ལི་ཀའི་གོས། །རིན་ཆེན་རྒྱན་འཕྲེང་འཁྲོལ་བའི་སྒྲ་སྙན་ཀྱང་། །མཚན་མའི་འཆིང་བ་ལས་གྲོལ་ཐུགས་རྗེ་ཆེ། །ནམ་མཁའ་ལྟ་བུར་ཁྱབ་ལ་གསོལ་བ་འདེབས། །སིང་གྷའི་གླིང་གི་ཙན་དན་སྦྲུལ་སྙིང་དབུས། །རང་བྱོན་ནམ་མཁའ་རྒྱལ་པོའ་ིལུང་བསྟན་ལྟར། །སྤྲུལ་པའི་དགེ་སློང་ཕོ་ཉར་མངགས་པའི་ཚེ། གྲག་སྟོང་སྐྱེ་མེད་མཚོན་པའི་རང་སྒྲ་ལས། །མི་རྗེ་སྲོང་བཙན་སྒམ་པོའ་ིཡི་དམ་དུ། །འབྱོན་པར་ཞལ་གྱིས་འཆེས་པའི་སྙིང་པོའི་དོན། །པུར་རྒྱལ་བོད་འབངས་རྗེས་སུ་འཛིན་ལགས་ན། །ཐུགས་རྗེའི་མཐུ་དཔུང་སྐྱེད་པའི་དུས་ལ་བབ། །གཡུལ་འཁྲུག་འཐབ་རྩོད་སད་སེར་བཙའ་ཐན་དང་། །མུ་གེ་ནད་རིམས་ནག་ཕྱོགས་བདུད་སྡེའི་འཕྲུལ། །དཀར་མིན་ལས་ཀྱི་འབྲས་བུ་མ་ལུས་པ། །བྱིན་རླབས་ནུས་པས་ཞི་བར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་དང་དེ་འཛིན་རྣམ་པར་འཕེལ། །མི་དབང་ཁྲིམས་ཀྱིས་མངའ་འབངས་རྫོགས་ལྡན་བཞིན། །སྟོབས་འབྱོར་མངོན་མཐོ་ངེས་ལེགས་དོན་གཉེར་སོགས། །འདི་ཕྱིའི་མདུན་མ་འགྲུབ་པར་བྱིན་གྱིས་རློབས། །ཚེ་ཡང་རིང་པོར་གནས་ཏེ་དལ་འབྱོར་རྟེན། །དགེ་སྡིག་བླང་དོར་སྤྱད་པས་དོན་ལྡན་ཞིང་། །ཡང་སྲིད་གྲུ་འཛིན་རི་བོའ་ིསྤོར་བཟུང་ནས། །མགོན་ཁྱོད་སྲས་སུ་འགྱུར་བར་བྱིན་གྱིས་རློབས། །བྱམས་བརྩེའི་སྤྱན་ཟུར་རྒྱུད་ལྔའི་འགྲོ་བ་ལ། །ནམ་ཡང་གཟིགས་པ་ལྷོད་པའི་སྐབས་བྲལ་ཡང་། །འདུལ་སྐལ་སྦ་ལ་ལུས་ཅན་བདེ་སྐྱིད་ལ། །སྤྱོད་པའི་དགའ་སྟོན་སྩོལ་བར་བྱིན་གྱིས་རློབས། །ཁྱད་པར་སྙིང་ནས་གསོལ་འདེབས་ལྷུར་ལེན་རྣམས། །ཡིད་སྲུབས་གཡུལ་ལས་རྣམ་པར་རྒྱལ་བའི་རྔ། །བརྡུང་དང་ལྷན་ཅིག་ཆབ་སྲིད་བ་དན་དཀར། སྲིད་རྩེའི་བར་དུ་བསྒྲེང་བར་བྱིན་གྱིས་རློབས། །མགོན་པོ་ཁྱོད་ཀྱིས་རྒྱ་ཆེན་ཐུགས་བསྐྱེད་པར། །འོད་མཚན་སྟོང་དུ་འབར་བའི་རྒྱལ་བ་ཡིས། །ལེགས་བསྔགས་དབུགས་ཕྱུང་མཛད་པའི་བདེན་པའི་མཐུས། །བསམ་དོན་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག །
ཅེས་རང་བྱུང་འཕགས་མཆོག་ལོ་ཀེ་ཤྭ་ར་ལ་བསྟོད་ཅིང་གསོལ་བ་འདེབས་པ་ཕན་བདེའི་དགའ་སྟོན་ཞེས་པ་འདི་ནི་ཀུན་ལྡན་གྱི་ལོ་ཆུ་སྟོད་ཟླ་བར་ཟ་ཧོར་གྱི་བནྡེས་འཕགས་པ་མཆེད་ཀྱི་དྲུང་དུ་སྒོ་གསུམ་མི་འདའ་བའི་བཅད་རྒྱ་ཞིག་བགྱིས་སྐབས་མཆོག་དམན་ཀུན་ལ་ཕན་ཕྱིར་འབོལ་རྩོམ་གོ་བདེ་བར་རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཚེས་བཞིའི་ཐུན་མཚམས་ཀྱི་ངེས་པ་ཞིག་ལ་སུག་བྲིས་སུ་བྱས་པ་སྭ་སྟི་སིདྷཾ། །
ན་མ་ཨརྱ་ཝ་ཏ་ཡ། །མི་ཟད་ནམ་མཁའི་མཐའ་ཡི་ཚད་བཟུང་བར། །ནུས་མིན་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཕྲུལ། །རྣམ་རོལ་ཅིར་ཡང་བརྫུ་བའི་སྒྱུ་མ་མཁན། །འཕགས་མཆོག་ཝ་ཏིར་གྲགས་ལ་གསོལ་བ་འདེབས། །པད་ཟླའི་སྟེང་ན་འགྱིང་ལྡེམ་ཐོར་ཚུགས་གིས། རིན་ཆེན་རྒྱན་དང་དར་གྱི་ན་བཟས་མཛེས། །ཕྱག་གཉིས་མཆོག་སྦྱིན་སྟ་ཟུར་དཀུར་བརྟེན་པའི། །འདྲེན་བྱེད་བདུད་རྩིའི་དཔལ་ལ་གསོལ་བ་འདེབས། །མ་བཅོས་བཞིན་ལག་གཟུགས་སུ་གྲུབ་པའི་སྐུ། །མ་བྲིས་ཡིད་ངོར་འགེགས་མེད་རྣམ་བཀྲ་བ། །མ་འདྲིས་ཀུན་ལ་བརྩེ་ཆེན་ཐུགས་རྗེ་ཅན། །མ་བོས་སྙིང་དབུས་འཇུག་ལ་གསོལ་བ་འདེབས། །རྒྱ་གར་ཕ་རོལ་བལ་པོའ་ིཚུར་རོལ་གྱི། །ནགས་ཀླུང་དབུས་ན་ཧ་རི་ཙན་དན་ཤིང་། །འཕགས་ཆེན་རང་བྱོན་སྤྲུལ་སྐུའི་འབྱུང་གནས་ཆེ། །ལྔ་བརྒྱའི་འགྲོ་བ་འདྲེན་པར་བསྟན་ལས་ཅི། །ལྷ་གཅིག་སྲོང་བཙན་སྨིན་མཚམས་འོད་ཟེར་གྱི། །སྤྲུལ་པའི་དགེ་སློང་རྫུ་འཕྲུལ་བཀོད་པ་ཡིས། །མང་ཡུལ་སྐྱེ་རྒུའི་ཡམས་ནད་མུན་པའི་དཔུང་། །ཐུགས་རྗེའི་ཉི་མའི་འོད་ཀྱིས་བསལ་ཟིན་ནས། །པད་འབྱུང་ཟབ་གཏེར་སྦྲང་རྩིའི་རོས་མྱོས་པའི། །གླིང་པ་གསུམ་གྱི་མཚན་ལྡན་གཏེར་སྟོན་གཅིག །རིན་ཆེན་དཔལ་བཟང་བུང་བའི་ལུང་བསྟན་སྒྲར། །དབུས་འགྱུར་ལྗོངས་འདིར་འབྱོན་པར་བསྒྲགས་མིན་ནམ། །རྒྱལ་དང་དེ་སྲས་དངོས་དང་སྤྲུལ་པ་ཀུན། །གཤེགས་བཞུགས་མཛད་པ་མཐའ་དག་ལུས་ཅན་ལ། །སྨན་འགྱུར་ལས་གཞན་བཏང་སྙོམས་མ་མཆིས་པས། །བདེ་སྐྱིད་དགའ་སྟོན་ཆོ་ག་བསྟར་བར་རིགས། །ཉེ་རིང་མེད་པར་མཐོ་དམའ་ཐམས་ཅད་ལ། །ཁྱབ་པ་ཐུགས་རྗེ་ཆེན་པོའི་རྟ་ལྗང་ཅན། །ཆོས་དབྱིངས་ཟད་མི་ཤེས་པའི་མཁའ་ཀློང་དུ། །འཆར་དང་ནུབ་པ་སྤངས་པའི་དམ་བཅའ་དགོངས། །ཉམ་ཐག་འགྲོ་དྲུག་འདྲེན་ལ་སངས་རྒྱས་ལམ། །སྟོན་པའི་བསྟན་དང་དེ་འཛིན་ཀུན་རྒྱས་ཤིང་། །ཁྲིམས་གཉིས་གསེར་གྱི་གཉའ་ཤིང་འཛིན་རིའི་འཕང་། །མངའ་འབངས་ཕན་བདེར་སྤྱོད་པར་བྱིན་གྱིས་རློབས། །དུས་མིན་འཆི་དང་འཁྲུག་རྩོད་ནད་ཡམས་རིམས། །སད་སེར་བཙའ་ཐན་མུ་གེ་འབྱུང་པོའི་གདོན། །མི་དགེའི་རྣམ་སྨིན་རྒྱུ་མཐུན་བདག་འབྲས་ཀྱི། །རྒུད་པ་མིང་ཙམ་མེད་པར་བྱིན་གྱིས་རློབས། །རིང་པོར་འཚོ་དང་མཐའ་བཞིའི་ལས་སྒོ་འདུ། །སྲིད་ཞིའི་ལེགས་ཚོགས་ཡོན་ཏན་གོང་དུ་འཕེལ། །འདི་དང་གཏན་འདུན་འགྲུབ་པའི་རྫོགས་ལྡན་གྱི། །གངས་ཅན་ལྗོངས་ཀུན་ཁྱབ་པར་བྱིན་གྱིས་རློབས། །འཕགས་མཆོག་ཁྱོད་ཀྱིས་ངན་འགྲོའི་སེམས་ཅན་རྣམས། །དབུགས་དབྱུང་མཐོ་རིས་ལམ་ལ་རབ་བཀོད་དེ། །ལྷ་མིའི་རྟེན་བཟང་རྙེད་ཀུན་ངེས་ལེགས་སུ། །འདྲེན་པའི་དམ་བཅའི་ཁུར་ཆེན་མི་བཏང་གསོལ། །དགེ་བའི་རང་བཞིན་པད་རྩ་ཟླ་འོད་དང་། །གངས་རིའི་མདངས་ལྟར་དཀར་བ་གང་ཐོབ་པ། །ཐུབ་བསྟན་འཕེལ་དང་ཁམས་གསུམ་ལུས་ཅན་རྣམས། །རྟག་ཏུ་བདེ་ཞིང་སྐྱིད་པའི་རྒྱུར་གྱུར་ཅིག །
ཅེས་རང་བྱུང་འཕགས་པ་ཝ་ཏི་ལ་གསོལ་འདེབས་ཐུགས་རྗེ་བསྐུལ་བའི་སྨོན་ལམ་དང་བཅས་པ་རྫོགས་ལྡན་དགའ་སྟོན་ཞེས་པའི་ཚིག་སྦྱོར་གོ་བདེ་བར་བྱས་པ་འདིའང་ཀུན་ལྡན་གྱི་ལོ་ཆུ་སྟོད་ཟླ་བར་ཟ་ཧོར་གྱི་བནྡེས་ཕོ་བྲང་པོ་ཏ་ལའི་མཆོད་ཁང་རྩེར་བཅད་རྒྱ་ཞིག་བགྱིས་པའི་ཚེས་བཞིའི་དུས་ཆེན་གྱི་ཐུན་མཚམས་ལ་སུག་བྲིས་བྱས་པ་ཤྲི་ཡེ་བྷ་ཝནྟུ །
Post Views: 36