༄༅། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་ཐར་མདོར་བསྡུས།

༄༅། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་ཐར་མདོར་བསྡུས།

༄༅། །ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱི་རྣམ་ཐར་མདོར་བསྡུས།

 

༼མཁས་དབང་ནོར་བྲང་ཨོ་རྒྱན་གྱིས་ (1933-) བརྩམས།༽

 

༄༅། །ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ནི། དཔལ་ལྡན་ས་སྐྱའི་བྱ་འདབས་སྲད་ཀྱི་ལུང་ལག་ཞག་དང་། བན་རྙིང་གཉིས་ཀྱི་ས་མཚམས་གུང་རུ་བ་(ཡོངས་གྲགས་ལ་གུར་མ་ཞེས་བྱ་བ་དང་པོ་ཁམས་ཀྱི་ཡུལ་ནས་ཆད་པའི་འབྲོག་པ་ས་སྐྱ་པའི་གུར་མགོན་གྱི་དཀར་མེའི་རུ་བ་ཡིན་པས་དེ་ལྟར་གླེང་ཞེས་སྨྲ་རུང་། རྗེ་དགེ་འདུན་གྲུབ་ཀྱིས་དེ་ནི་གུང་རུ་བ་ཞེས་པའི་བརྡ་འཆུགས་པ་ཡིན་ཞེས་གསུངས།)

ཞེས་པ་དེ་ལ་ངར་པའི་ཚོ་དང་། མི་སྤྲུག་གི་ཚོ། ཚང་སྤྲུག་པའི་ཚོ། བསགས་ཚོ་ཞེས་རིགས་རུས་མི་འདྲ་བ་བཞིའི་ཚོ་པ་ཡོད་པ་ལས་ངར་པའི་ཚོ་པ་སྟེ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དང་སྐུ་རུས་གཅིག་པ་ཡབ་མགོན་པོ་རྡོ་རྗེ་དང་། ཇོ་མོ་ནམ་སྐྱིད་གཉིས་ལ་སྲས་བཞི་དང་། ལྕམ་མོ་གཅིག་བཅས་ཡོད་པའི་གསུམ་པར་རབ་བྱུང་བདུན་པའི་ལྕགས་ལུག་(༡༣༩༡)ལོར་སྐུ་བལྟམས། མཚན་ལ་པདྨ་རྡོ་རྗེ་གསོལ། ཁོང་སྐུ་བལྟམས་པའི་མཚན་མོ་ཁྱིམ་དེར་དགྲ་ཇག་བྱུང་བས་ཡུམ་གྱིས་རྡོ་གསེབ་ཏུ་སྦས་བཞག་པ་སང་ཉིན་ཇི་བྱས་བལྟ་བར་འགྲོ་སྐབས་བྱ་རོག་གཅིག་གིས་སྲུང་བ་དེ་ནི་དཔལ་མགོན་ཞལ་ཡིན་པར་གྲགས།

ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་ཐུགས་དགོངས།

དགུང་ལོ་བདུན་པ་མེ་གླང་( ༡༣༩༧)ལོ་ཡབ་མགོན་པོ་རྡོ་རྗེ་སྐུ་གཤེགས་པ་དང་། ལོ་དེར་ཁོང་སྣར་ཐང་གི་གདན་ས་བཅུ་བཞི་པ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། སྣར་ཐང་པ་རྒྱ་སྟོན་ཙནྡྲ་པ་ལ་བོད་ཡིག་དང་། ལཉ་ཝར། ཧོར་ཡིག་སོགས་གསན་སྦྱོང་མཛད་པས་སློབ་དཔོན་ལས་ཀྱང་མཁས་པའི་ཚད་དུ་སོན་པ་བཅས་སྐུ་གཞོན་ནུའི་སྐབས་ཀྱི་མཛད་པའི་སྡོམ་དུ། ཁོང་གི་དངོས་སློབ་པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པ་རྗེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་ལས།

རིང་ནས་གོམས་པའི་བློ་གྲོས་དཔག་དཀའ་བ། །

དྲན་དང་ཤེས་བཞིན་བག་ཡོད་གྲོགས་རྣམས་ཀྱིས། །

གཞོན་ནུ་ཉིད་ནའང་མཛའ་བ་མ་བཏང་ཞིང་། །

འབད་མེད་ལྷུན་གྱིས་གྲུབ་འདི་ཨེ་མ་མཚར། །

ངུར་སྨྲིག་ཐུན་མཚམས་གོས་ཀྱིས་རབ་འཁྱུད་ཅིང་། །

ཡོན་ཏན་ཆ་ཤས་བང་རིམ་རྫོགས་པ་ཅན། །

མཁས་མང་གསེར་རིའི་དབུས་ན་མངོན་མཐོ་བའི། །

ཁྱོད་སྐུ་ལྷུན་པོ་ལྟར་བརྗིད་ཨེ་མ་མཚར། །

ཞེས་གསུངས་པ་ལྟར་ལགས་སོ། །

དེ་ནས་དགུང་ལོ་བཅོ་ལྔ་པ་ཤིང་མོ་བྱ་(༡༤༠༥)ལོར་སྣར་ཐང་པ་གྲུབ་པ་ཤེས་རབ་པས་མཁན་པོ་དང་། བྱང་པའི་ཆེན་པོ་བློ་ལྡན་པས་སློབ་དཔོན་མཛད་དེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་ནོས་ཏེ་མཚན་ཡང་དགེ་འདུན་གྲུབ་པ་དཔལ་ཞེས་བྱ་བར་གསོལ་ཞིང་། དེའི་མཇུག་ཏུ་བཟང་པོ་ཞེས་པ་རྗེ་ཉིད་ཀྱིས་མཛད་པ་དང་། ཕྱིས་དགུང་ལོ་ཞེ་གཅིག་པ་ལྕགས་ཕག་(༡༤༣༡)ལོར་བོ་དོང་ཕྱོགས་ལས་རྣམ་རྒྱལ་མཇལ་བར་པདྨ་ཆོས་སྡིངས་སུ་ཆེད་ཕེབས། སྒྲོལ་མའི་ཆོས་སྐོར་མང་དུ་ཞུ་བའི་སྐབས་བོ་དོང་པ་ཆེན་པོས་ཆོས་ཀྱི་གནས་ལུགས་མང་པོ་དྲི་བ་མཛད་པར་དེ་དེའི་ལན་ཕུལ་བས་ཐུགས་ཤིན་ཏུ་དགྱེས་ཏེ་ད་ཕྱིན་ཆད་ཁྱེད་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱིས་ཞེས་མཚན་གྱི་གཟེངས་བསྟོད་པ་བཅས་རྗེ་འདི་ཉིད་ཀྱི་མཚན་ཐོགས་སྟངས་ཀྱི་རིམ་པ་ཡང་དེ་ལྟར་ལགས།

དེ་རྗེས་སྣར་ཐང་པ་སངྒྷ་ཤྲཱི་ལ་སྙན་དངགས་མེ་ལོང་དང་། མངོན་བརྗོད་འཆི་མེད་མཛོད། སྒྲ་མཚམས་སྦྱོར་ལྔ་པ་སོགས་དང་། གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་དུ་མ་དང་། ཨ་བྷ་ཡ་ཀིརྟིར་ཚད་མ། སྣར་ཐང་ཉེར་འཛིན་པར་ཀྱཻ་རྡོར་ལྷ་དགུ། གུར་མགོན་སོགས་ཀྱི་རྗེས་གནང་གསན། གཞན་ཡང་བྱང་ཆེན་བསོད་ནམས་བློ་གྲོས་དང་། དབོན་སྟོན་ཐུབ་པ་དཔལ་བཟང་། སྟོན་པ་དགེ་བ་དཔལ་རྣམས་བསྟེན་ཏེ་ཀློག་པ་ཐོས་བསམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད།

དགུང་ལོ་ཉི་ཤུ་པ་ལྕགས་སྟག་(༡༤༡༠)ལོར་ཚིགས་སྔ་མའི་མཁན་པོ་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང་། བྱང་ཆེན་བློ་ལྡན་པས་ལས་སློབ། སྣར་ཐང་གི་གདན་ས་བ་གྲགས་པ་ཤེས་རབ་ཀྱིས་གསང་སྟོན་མཛད་ཐོག་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ཡོངས་སུ་རྫོགས་པ་དགེ་སློང་གི་བསླབ་པ་ཡང་དག་པར་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོས་ཐུགས་རྒྱུད་ཀྱི་བུམ་བཟང་ཉེ་བར་གཏམས་པ་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུར་གྱུར་པ་བཅས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་ལ་སོགས་པའི་མཛད་པ་འགྲོ་བའི་སྨན་ཡོན་ཆེན་པོ་རྣམ་འདྲེན་བཞི་པ་དང་གཉིས་སུ་མ་མཆིས་པ་ལྷུར་བཞེས་པའི་སྡོམ་དུ་ནོར་བུའི་ཕྲེང་བ་ལས།

དབང་པོ་རབ་ཞི་དུལ་བའི་དཔལ་གྱིས་ནི། །

ཚངས་སྤྱོད་ཀྱིས་རྒན་ལྷ་ཡི་དྲང་སྲོང་ཡང་། །

མི་བསྲུན་བྱིས་པ་ལྟར་མཛད་གཞོན་ནུ་དེ། །

འདིར་ནི་གངས་ཅན་ས་ཡི་ཐིག་ལེར་གྱུར། །

མཁན་སློབ་དགེ་འདུན་གྲངས་ཚང་ནམ་མཁའ་ལས། །

ངེས་འབྱུང་གིས་དྲངས་རྣམ་དག་ཆོ་ག་ལ། །

རླུང་གིས་བར་ཆད་སྤྲིན་རུམ་བསལ་བ་ལས། །

བསྙེན་རྫོགས་ཟླ་བ་ཁྱོད་ཐུགས་མཁའ་ལ་ཤར། །

དེ་ལྟའི་བསླབ་གསུམ་ཁྲིམས་ཀྱི་འཛིན་མ་ལ། །

བྱང་ཆུབ་སེམས་མཆོག་སྙིང་རྗེའི་རྩ་བ་ཅན། །

རླབས་ཆེན་སྤྱོད་པའི་ཡལ་འདབ་འབྲས་བུས་བརྗིད། །

བཤེས་གཉེན་དཔག་བསམ་དབང་པོའང་ཁྱོད་ཉིད་ལགས། །

ཞེས་གསུངས་སོ། །

དགུང་ལོ་ཉེར་ལྔ་པ་ཤིང་མོ་ལུག་(༡༤༡༥)ལོར་སློབ་དཔོན་རབ་མཆོག་པ་དང་ལྷན་དུ་དབུས་ཕྱོགས་སུ་བྱོན། ཁྲ་འབྲུག་ཏུ་སེམས་དཔའ་ཆེན་པོ་ཀུན་བཟང་པ་དང་ཐང་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་པའི་ཞབས་ལ་གཏུགས་ནས་ཕར་ཕྱིན་ཞུས། དེ་རྗེས་ཙོང་ཁ་པ་ཆེན་པོ་མི་དབང་གྲགས་པ་རྒྱལ་མཚན་གྱིས་བཀྲ་ཤིས་རྡོ་ཁར་སྤྱན་དྲངས་པའི་དྲུང་དུ་སེམས་དཔའ་ཆེན་པོ་ཀུན་བཟང་པ་དང་སྡེབས་ཏེ་བྱོན་ནས་ཚད་མ་རྣམ་ངེས། དྲང་ངེས་རྣམ་འབྱེད། རྩ་ཤེ །བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་སོགས་ཆོས་མང་དུ་ཞུས། རྗེ་བདག་ཉིད་ཆེན་པོ་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་འདུལ་བའི་བསླབ་ཁྲིམས་ཁྱད་པར་ཅན་སྤེལ་བ་སོགས་བསྟན་པའི་རྟེན་འབྲེལ་འགྲིག་པའི་ཆེད་དུ་རྗེ་བདག་ཉིད་ཆེན་པོའི་མཐང་གོས་བཞེས་འཕྲོ་དགྱེས་བཞིན་དུ་བསྩལ། རྗེའི་བཀའ་ལ་བརྟེན་ནས་ཐང་ཆེན་བླ་བྲང་པ་ཉི་མ་རྒྱལ་མཚན་དང་། གསང་ཕུ་བ་ཤེས་རབ་སེང་གེ་གཉིས་ལ་གསང་འདུས། འཇིགས་བྱེད། གཤེད་དམར་སོགས་སྔགས་དང་ཚད་མས་མཚོན་མང་པོ་གསན།

སྟོན་ཆོས་ལ་རི་བོ་དགའ་ལྡན་དུ་ཕེབས། རྗེ་རིན་པོ་ཆེ་དང་རྒྱལ་ཚབ་དར་མ་གཉིས་ལ་བྱང་ཆུབ་ལམ་རིམ་ཆེན་མོ། ཚད་མ། ཕར་ཕྱིན། མངོན་པ་ཀུན་བཏུས། དུས་འཁོར། བྱམས་ཆོས་ཀྱིས་གཙོས་ཟབ་ཅིང་རྒྱས་པའི་ཆོས་བཀའ་དཔག་ཏུ་མེད་པ་གསན། འདུལ་འཛིན་གྲགས་པ་རྒྱལ་མཚན་ལ་དྲང་ངེས་རྣམ་འབྱེད། གྲོ་ས་བ་དཔལ་ལྡན་རིན་ཆེན་དང་། རྒྱ་མཚོ་རིན་ཆེན་གཉིས་ལ་འདུལ་བ་ལུང་སྡེ་བཞིའི་ལུང་སོགས་ཆོས་དུ་མ་གསན། གསང་ཕུ་གླིང་སྟོད་མཐོང་སྨོན་གྱི་གདན་ས་ལོ་ཁ་ཡར་མཛད། ཤིང་ལུག་ལོ་ནས་མེ་རྟ་བར་དབུས་སུ་ལོ་བཅུ་གཉིས་རིང་གསན་བསམ་དང་གཞན་ཕན་གྱི་མཛད་པ་རླབས་པོ་ཆེ་མཛད།

དེ་ནས་གཙང་དུ་ཕེབས་ཏེ་སྣར་ཐང་། བྱང་ཆེན། རི་ཁུད་སོགས་སུ་བཞུགས། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་བརྩམས། གནས་སྙིང་དུ་མཁས་གྲུབ་རྗེ་ལ་ཆོས་འབྲེལ་ཙམ་དང་། རྒྱལ་ཚབ་རྗེ་དང་མཇལ་ཏེ་ཆོས་མང་པོ་ཞུས། ལ་སྟོད་ཕྱོགས་སུ་བྱོན་ནས་ཆོས་སྡིངས་གཡུལ་རྒྱལ་བ་ཡོན་འབྱུང་ལ་དབྱངས་འཆར་སྐོར་གསན་ཅིང་ལེགས་པར་སྦྱངས། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པའམ་ཕྱོགས་ལས་རྣམ་རྒྱལ་བ་དང་མཇལ། སྒྲོལ་མ་ཉེར་གཅིག་དང་། བཅུ་བདུན་པ། དཀར་སྔོ། དབྱངས་ཅན་མ་སོགས་ཀྱི་ཆོས་དཔག་མེད་གསན། ཚད་མ་རྣམ་འགྲེལ་གྱི་ཊཱིཀ་བརྩམས། ཤངས་པ་ཀུན་མཁྱེན་དང་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དཔལ་བཟང་ལ་ཆོས་བཀའ་མང་དུ་གསན། ཆུ་གླང་ལོ་རི་ཁུད་ཆོས་སྡེའི་གདན་ས་མཛད་དེ་རྗེ་བཙུན་བྱམས་མགོན་གྱི་སྐུ་བཞེངས་པ་དང་གཙུག་ལག་ཁང་ལ་རྡོ་གཅལ་འདིང་བ་སོགས་ཆོས་སྡེ་ལ་ཕན་པ་རྒྱ་ཆེར་བསྒྲུབས་པ་མ་ཟད་སྨོན་ལམ་ཡང་བཙུགས།

རྟ་ནག་ཆོས་རྗེ་ཨནནྟ་པར་གདོང་བཞི་པའི་བཀའ་ལུང་གསན། སྔར་དཔལ་མགོན་དང་ལས་གཤིན་མི་མཐུན་པར་བྱེད་ཀྱང་ལ་སྟོད་ཀྱི་ལམ་བར་འཕྲོག་བཅོམ་བྱུང་ནུབ་མནལ་ལམ་དུ་དཔལ་མགོན་གྱིས་ངའི་གྲོགས་ལ་ཆོས་རྒྱལ་ཐོང་གསུངས་པ་ནས་མཐུན་པར་གྱུར་ཅེས་གྲགས། རྟ་ནག་ཕུའི་བླ་མ་དོན་ཡོད་པ་ཞེས་མངོན་ཤེས་མངའ་བ་ཞིག་ཡོད་པའི་ལུང་བཞིན་སྒྲོལ་མ་བ་འཇམ་དབྱངས་བསམ་གྲུབ་རྡོ་རྗེར་ལྕགས་རལ་ཅན་གྱི་རྗེས་གནང་དང་ཕུར་པ་གསན། ལྷ་མོ་དམག་ཟོར་མ་སྐྱེ་བ་མང་པོའི་ཆོས་སྐྱོང་ཡིན་པས་བོ་དོང་ཆོས་བཟང་པར་གསན་པའི་སྙན་གསན་མཛད་ནུབ་ཁོང་ལ་སྤྱན་ལྟས་བཟང་བ་བྱུང་ཞིང་། མན་ངག་སྒྲུབ་སྐོར་རྫོགས་པར་གནང་། དབོན་སྟོན་ཐུབ་པ་དཔལ་ལ་མགོན་པོ་བཞི་སྦྲགས་དང་ཕྱག་དྲུག་པའི་སྐོར་གསན།

མེ་འབྲུག་ལོ་བྱང་ཆེན་དུ་ཆོས་བར་འདྲ་དང་སྐབས་སྐབས་སུ་ཐུགས་དམ་གནང་སའི་ཁང་པ་ཞིག་དགོས་པར་དགོངས་ཏེ་སྦྱིན་བདག་ཤཱཀྱ་དཔལ་བས་མཐུན་རྐྱེན་སྦྱར་ཏེ་བྱང་ཆེན་ཐེག་ཆེན་ཕོ་བྲང་བཏབ། ཚད་མའི་བསྟན་བཅོས་ཆེན་མོ་རིག་པའི་རྒྱན་ཞེས་པ་བརྩམས། ས་ཕོ་རྟ་(༡༤༣༨)ལོར་སླར་ཡང་དབུས་ཕྱོགས་ཕེབས་ཏེ་བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་ལ་དུས་འཁོར་སོགས་ཆོས་ཤིན་ཏུ་མང་བ་གསན།

གཞན་ཡང་ཟུར་ཁང་པ་བསོད་ནམས་ལྷུན་གྲུབ་དང་། སྤྱན་སྔ་རིན་ཆེན་འཕེལ། འཇམ་དབྱངས་རིན་ཆེན་རྒྱལ་མཚན་སོགས་ལ་ཆོས་དུ་མ་ཞུས། ལྕགས་ཕོ་སྤྲེའུ་(༡༤༤༠)ལོར་སླར་གཙང་དུ་ཕྱིར་ཕེབས་ཏེ་སྣར་ཐང་དུ་འདུལ་བའི་གླེང་འབུམ་དང་། སོ་ཐར་གྱི་ཊིཀྐ་བརྩམས། རྗེ་བཙུན་སྒྲོལ་དཀར་གྱི་ཚེ་སྒྲུབ་མཛད་པས་ཞལ་མངོན་སུམ་དུ་གཟིགས་པ་དང་། འཇིགས་བྱེད་དང་། ཕྱག་དྲུག་པ། དཔལ་མགོན་སོགས་ལྷ་སྲུང་མང་པོས་ཞལ་བསྟན་ཅིང་གསུང་གི་གནང་བ་བསྩལ་བར་གྲགས།

ལོ་ཆེན་ཐུགས་རྗེ་དཔལ་ལ་སྒྲ་དང་། གླེགས་བམ་རིན་པོ་ཆེའི་ལུང་། ཀུན་མཁྱེན་ཆོས་རྗེར་གཤིན་རྗེ་གཤེད་སྐོར་གྱིས་མཚོན་ཁ་ཤས། ལྷ་ཟུར་ཁང་པ་བསོད་ནམས་ལྷུན་གྲུབ་ལ་བློ་སྦྱོང་། སྤྱན་སྔ་རིན་ཆེན་འཕེལ་ལ་བཀའ་གདམས་སྐོར། འཇམ་དབྱངས་རིན་ཆེན་རྒྱལ་མཚན་པར་དུས་འཁོར་གྱི་རྒྱུད་དབང་། རྗེས་གནང་། ལེ་ལག་སྐར་རྩིས། ལྷུན་རྩེ་ཀུན་མཁྱེན་པར་གཤིན་རྗེ་གཤེད་ཀྱི་འཕྲུལ་འཁོར་སོགས་མང་པོ་གསན།

དེ་ལྟར་དགུང་ལོ་ཉེར་ལྔ་པ་ཤིང་མོ་ལུག་(༡༤༡༥)ལོར་དབུས་སུ་ཕེབས་པ་ནས་དགུང་ལོ་ང་དྲུག་པ་མེ་ཕོ་སྟག་(༡༤༤༦)བར་ལོ་ངོ་སོ་གཅིག་རིང་དབུས་གཙང་གནས་ངེས་མེད་ལྟ་བུར་མཁས་དང་གྲུབ་པའི་བདག་ཉིད་ཀྱི་བླ་མ་དུ་མའི་ཞབས་ལ་གཏུགས་ནས་ཟབ་པ་དང་། རྒྱ་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་མང་པོའི་བདུད་རྩི་རང་ཐུགས་ཀྱི་བུམ་བཟང་དུ་བསྐྱིལ་བ་སོགས་གཙོ་བོར་འཆད་ཉན་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་གསོས་སུ་སྨིན་པའི་མཛད་བསམ་གྱིས་མི་ཁྱབ་པའི་སྡོམ་དུ་ནོར་བུའི་ཕྲེང་བ་ལས།

རབ་ཡངས་ཤེས་བྱའི་མཁའ་ལ་རབ་འཕགས་ཤིང་། །

ཡོན་ཏན་འོད་དཀར་བྱེ་བས་མཛེས་པ་ཅན། །

བསྟན་པའི་པད་ཚལ་རབ་ཏུ་རྒྱས་པའི་སླད། །

བཤེས་གཉེན་ཁྱོད་ནི་ཉིན་བྱེད་དབང་པོ་ལགས། །

མཁྱེན་རབ་དཀྱིལ་འཁོར་ཡོངས་སུ་རྫོགས་གྱུར་ཅིང་། །

ཉོན་མོངས་ཚ་གདུང་སྐྱོབ་པའི་བསིལ་ཟེར་ཅན། །

མ་རིག་པད་འདབ་ཟུམ་པར་བྱེད་པའི་ཕྱིར། །

བཤེས་གཉེན་ཁྱོད་ནི་རྒྱུ་སྐར་བདག་པོ་བཞིན། །

མཁའ་ལ་ལུས་མེད་ཅི་ཞེས་དྲིས་པས་ཁྱོད་ཀྱི་ཡོན་ཏན་ཕུང་པོ་རྣམས། །

མི་ཤོང་སྙམ་དུ་དོགས་པར་གྱུར་ནས་ཁོ་བོས་ལུས་ནི་མ་བཟུང་ལ། །

ཉི་ཟླ་འཁོར་བ་ཅི་ཞེས་དྲིས་པས་ཁྱོད་ཀྱི་བསོད་ནམས་གཟི་བརྗིད་ནི། །

མ་བཟོད་པ་ལ་འདུག་པ་འཕགས་ཏེ་མཁའ་ལ་འཁོར་བ་ཡིན་ཞེས་གྲགས། །

ཞེས་གསུངས་སོ། །

དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་མོ་ཡོས་(༡༤༤༧)ལོར་རྗེ་འདི་ཉིད་ལ་བཀའ་དྲིན་ཆེ་བའི་བླ་མ་སྣར་ཐང་པ་རྗེ་བཙུན་ཤེས་རབ་སེང་གེ་སྔོན་དུ་སྐུ་གཤེགས་པའི་དགོངས་རྫོགས་དང་། སྐུ་དྲིན་གསོབ་པའི་ཆེད་ཆོས་ཕྱོགས་ནས་བཤད་ཉན་གྱི་འཕྲིན་ལས་ཆུ་བོའི་རྒྱུན་བཞིན་སྐྱོང་བ་དང་། འཇིག་རྟེན་ཟང་ཟིང་གི་ལོངས་སྤྱོད་ཕྱོགས་ནས་ནང་རྟེན་སྐུ་བཞེངས་མཛད་རྒྱུ་ཐུགས་ལ་བརྣག་སྟེ་རྟེན་དེའི་བཞུགས་ཡུལ་སྣར་ཐང་དང་། དཔལ་སྡིངས་སམ་གངས་ཅན་སོགས་སུ་རྐྱེན་སྣ་ཚོགས་ཀྱིས་སྟབས་མ་འགྲིག་པའི་ཁར་རྗེ་ཤེས་རབ་སེང་གེ་འཚོ་བཞུགས་སྐབས་བསམ་གྲུབ་རྩེ་(གཞིས་ཆེན་བསམ་གྲུབ་རྩེ་སྟེ་གཞིས་ཀ་རྩེ།)ནས་སྣར་ཐང་ལ་བྱོན་རིམ་བཞིན་བཀྲ་ཤིས་ལྷུན་པོའི་གནས་ཡུལ་དེའི་ཕྱོགས་ལ་ཕྱག་མཛུབ་གཏད་དེ་ས་ཕྱོགས་འདི་ན་དགེ་འདུན་གྲུབ་མགོ་བོ་སྐྱ་ཡེར་ཡེར་ཆོས་འཆད་ཀྱིན་འདུག་པ་ཞིག་སེམས་ལ་དུས་རྒྱུན་སྣང་ཞེས་ཡང་ཡང་གསུངས་ཀྱི་ཡོད་པ་དང་། དེ་བཞིན་སྔར་རི་བོ་དགེ་འཕེལ་དུ་སྐུ་མཚམས་ལ་བཞུགས་པའི་ནུབ་གཅིག་མནལ་ལམ་ལ་ད་ལྟ་བཀྲ་ཤིས་ལྷུན་པོ་གནས་པའི་རྒྱབ་རིའི་རྣམ་པ་ཅན་གྱི་རི་དེའི་རྩེར་རྗེ་ཙོང་ཁ་པ་དང་། སྐེད་པ་ན་འདུལ་འཛིན། དེའི་སྨད་ཙམ་ན་རང་ཉིད་བཞུགས་པ་དང་། ས་ཕྱོགས་དེར་ཚད་མ་རྣམ་འགྲེལ་གྱི་བསྟན་པ་དར་བའི་ལུང་བསྟན། བོ་དོང་དུ་བཞུགས་སྐབས་ལྷ་མོས་དགོན་པའི་གནས་དང་། མིང་བསྟན་ས་དེ་ཡང་འདི་ག་ཡིན་སྲིད་པ་བཅས་ཚང་མ་རྟེན་བཞུགས་ཡུལ་དགོན་པའི་མ་འོངས་ལུང་བསྟན་དུ་དགོངས་ནས་བསམ་གྲུབ་རྩེའི་མི་དྲག་རྣམས་ལ་དགེ་སྐུལ་མཛད་པར་ཕྱུག་གཞུང་དར་རྒྱས་པས་གཙོས་རྡོ་རིང་པ་དང་། བྲང་ཚལ་པ་སོགས་ཀྱིས་གསེར་གྱི་གའུས་སྣེ་དྲངས་གསེར་དང་། ཟངས་ཀྱི་འབུལ་བ་གཏོས་ཆེ་བ་དང་། ནས་ཁལ་སྟོང་ར་ཅན་བྱུང་བ་རྣམས་མཐུན་རྐྱེན་དུ་མཛད་དེ་མེ་ཡོས་ཧོར་ཟླ་གཉིས་པའི་ནང་གཞིས་ཀ་བསམ་གྲུབ་རྩེའི་བྲག་དམར་བླ་བྲང་དུ་བཟོ་བོ་མཁས་པ་སྣར་ཐང་པ་ཆོས་སྐྱོང་དར་གྱིས་ནང་རྟེན་ཐུབ་པ་བདུད་འདུལ་བའི་སྐུ་བརྙན་ལུགས་ཐོག་མར་བཏང་བ་མ་འཐེབས་པར་རྗེ་ཉིད་ཀྱིས་ཐུབ་པའི་བསྟོད་པ་བདུད་དཔུང་ཕྱེ་འཐག་མ་གསུང་རྩོམ་དང་། དེའི་གེགས་སེལ་དུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཞིག་ལུགས་ཕུད་དུ་བཞེངས་ཏེ་སླར་ལུགས་བཏང་བས་སྟོན་པའི་སྐུ་བརྙན་རྒྱབ་མཐོ་ཉེར་ལྔ་པ་བྱིན་རླབས་ཀྱི་མཚན་ཁ་འབར་བ་ཞིག་བྱོན་པའི་གཟུངས་གཞུགས་སུ་རྗེ་ཤེས་རབ་སེང་གེའི་དབུ་ཐོད་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བ་དང་། རྒྱལ་བ་ཙོང་ཁ་ཆེན་པོས་ཐོག་དྲངས་རྩ་རྒྱུད་བླ་མ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་མང་པོས་གཏམས་པའི་དངུལ་གྱི་རྒྱལ་བ་འོད་དཔག་མེད་ཀྱི་སྐུ་དང་འདུལ་བའི་གསུང་རབ་ཀྱི་གླེགས་བམ་དུ་མ། རྗེ་ཙོང་ཁ་པ་ཆེན་པོས་རྗེ་ཉིད་ལ་སྩལ་བའི་མཐང་གོས་སོགས་བཞུགས་སུ་གསོལ་བ་བཅས་འབྲུག་ལོ་ཟླ་བ་གསུམ་པ་ཡན་ལ་ལེགས་པར་གྲུབ།

རྟེན་དེ་གང་དུ་བཞུགས་པའི་གནས་ཀྱི་སྐོར་སྦྱིན་བདག་ཕྱུག་གཞུང་དར་རྒྱས་པ་དཔོན་བསོད་ནམས་དཔལ་བཟང་ལ་བཀའ་གྲོས་མཛད་པར། ཁྱེད་ཀྱིས་དཀོན་ཅོག་ལ་གསོལ་བ་བཏབ་ནས་བསྟན་པ་དང་། སེམས་ཅན་ལ་གང་དུ་བཞུགས་ན་ཕན་པ་ཆེ་བར་ལུང་བསྟན་པ་དེ་བཞིན་དུ་གནང་འཚལ། གལ་སྲིད་ཡས་མས་གང་དུ་བཞུགས་པར་ཁྱད་པར་མེད་ན་འདི་ཕྱོགས་ལ་བཞུགས་པ་ཞིག་ཡོང་བ་དང་། བཞུགས་ཡུལ་གཙུག་ལག་ཁང་གི་ཞབས་ཏོག་བདག་གིས་བགྱི་བ་ལགས་ཞུས་པ་ལྟར་མེ་ཡོས་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བཟང་པོར་རྗེ་ཉིད་ཀྱིས་གཙུག་ལག་ཁང་བསྐྲུན་ཡུལ་དུ་ཞབས་ཀྱིས་བཅག་སྟེ་ས་བརྟག་པ་དང་། ས་ཆོག་རྒྱས་པར་མཛད་ནས་གླེགས་བམ་རིན་པོ་ཆེར།

ཆོས་དགེ་བ་བཅུ་ཡི་ཁྱད་འཕགས་པ། །

གླིང་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་། །

སྒོས་ཉང་ཤབ་ས་ཡི་ལྟེ་བ་ཡིན། །

ས་དེ་ཡི་ནང་ན་ཁྱད་འཕགས་པ། །

མཐོ་བཀྲ་ཤིས་བརྟན་པ་ལྷུན་པོའི་འདབས། །

ནོར་པདྨ་རཱ་ག་ལྟ་བུར་འདུན། །

ཞེས་དགེ་འདུན་གྱི་མཚན་སྒྲ་དང་། བཀྲ་ཤིས་ལྷུན་པོ་ཞེས་གནས་དང་གང་ཟག་ཅིག་ཅར་དུ་ལུང་བསྟན་པ་མཁས་མང་བྱེ་བའི་བསྟི་གནས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་ཡངས་པའི་ཁྱོན་དུ་གྲགས་པའི་བ་དན་ལྷབ་ལྷུབ་ཏུ་གཡོ་བ་གདན་ས་ཆེན་པོ་ཆུ་གཏེར་གྲངས་ལྡན་གྱི་ཡ་གྱལ་གཙང་ལྗོངས་ནོར་འཛིན་སྒེག་མོའི་མིག་རྒྱན། མཁས་ཤིང་གྲུབ་པ་ཐོབ་པའི་སྐྱེས་ཆེན་དམ་པ་དུ་མ་དང་། ལྷག་པར་སྣང་མཐའི་མགོན་པོ་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ནས་བཟུང་སྐུ་ཕྲེང་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་རིམ་པར་བྱོན་པ་རྣམས་ཀྱི་གསང་གསུམ་འཕྲིན་ལས་ཀྱི་འཇུག་པ་སྐྱོང་བའི་གདན་ས་དེ་ཉིད་ཕྱག་བཏབ། མི་ཕམ་མགོན་པོའི་སྣང་བརྙན་ལུགས་མ་སྐུ་ཚད་ཤིན་ཏུ་ཆེ་བས་མཚོན་གསེར་དངུལ་དང་། འཇིམ་པ་བཅས་ལས་གྲུབ་པའི་སྐུ་བརྙན། གོས་སྐུ། གསུང་རྟེན་བཀའ་འགྱུར་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཆོད་རྫས་དང་བཅས་པ་དངོས་གཙང་ཞིང་། རྣམ་གྲངས་མང་བ་ལེགས་པར་བསྐྲུན་ཐོག་དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་རྒྱས་པར་མཛད་པ་བཅས་དེ་ལྟར་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པས་མཚོན་རྗེ་འདི་ཉིད་ཀྱིས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ལས་བརྩམས་པའི་མཛད་པའི་སྡོམ་དུ་ནོར་བུའི་ཕྲེང་བ་ལས།

དཔལ་ལྡན་མཁས་པ་ཀུན་གྱི་གཙུག་གི་རྒྱན། །

རྨད་བྱུང་མཛད་པ་ཕྱོགས་ཀྱི་མཐར་ཁྱབ་པ། །

ཡོངས་རྫོགས་བསྟན་པའི་མངའ་བདག་དགེ་འདུན་གྲུབ། །

ཁྱོད་ནི་བདག་སོགས་མགོན་མེད་རྣམས་ཀྱི་མགོན། །

རྒྱུན་ཆད་མེད་པའི་བཤད་ཉན་གསེར་གྱི་གཞིར།

ཚད་མེད་འགྲོ་ལ་ཐུགས་རྗེའི་རྒྱ་མཚོ་ལས། །

སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་ནོར་བུའི་ཕྲེང་། །

སྐལ་བཟང་འབྱོར་ལྡན་སྐྱེ་བོའི་རྒྱན་དུ་མཛད། །

ཅེས་གསུངས་སོ། །

གདན་ས་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་དང་དུས་མཚུངས་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སར་གླང་ལོ་ཟླ་བ་དང་པོ་ལ་བཙུགས་པའི་སྨོན་ལམ་ཆེན་མོ་དང་མཚུངས་པར་ཤིང་རྟ་ལོ་གནས་རྙིང་རིན་པོ་ཆེས་ཐོག་དྲངས་ཕྱོགས་ཀྱི་བུ་སློབ་བསྟན་འཛིན་ཆེན་པོ་རྣམས་ཀྱང་སྤྱན་དྲངས་ཚོགས་པ་ཆིག་སྟོང་དྲུག་བརྒྱ་ཙམ་འདུས་པའི་སྨོན་ལམ་ཆེན་མོ་འཛུགས་གནང་མཛད་པ། གོས་སྐུ་གསར་བཞེངས་ཀྱི་རྒྱུ་ཆ་ལྷག་མ་དང་། ཕྱག་ཏུ་གང་འབྱོར་གྱི་གོས་དར་རྣམས་གདན་སའི་གཙུག་ལག་ཁང་རྣམས་དང་། ལྷ་སར་ཇོ་ཤཱཀྱ་རྣམ་གཉིས། དགའ་ལྡན། སྣར་ཐང་སོགས་ཀྱི་རྟེན་གསུམ་ལ་འཕན་གདུགས་རྒྱལ་མཚན་བླ་བྲེ་སོགས་གསར་བཞེངས་ལ་རྗེ་ཉིད་ཀྱིས་མཛད་བྱང་མཛད་དེ་ཕུལ་བ། སྤྱིར་མཆོད་པའི་ཡུལ་དཀོན་མཚོག་གསུམ་དང་། ཁྱད་པར་དགེ་འདུན་ཡིན་པར་དགོངས་ནས་དགེ་འདུན་གྱི་ཐུག་ཚུལ་སྔ་མོ་ནས་འཛུགས་གནང་ཁར། ཆུ་སྦྲུལ་ལོའི་དགུན་ཆོས་གཉིས་ལ་དགེ་འདུན་ཆིག་སྟོང་དྲུག་བརྒྱ་ཙམ་ལ་གསོལ་ཕོགས་བཟང་པོ་དང་། གསོལ་ཐུག་སོགས་ཀྱི་ཞབས་ཏོག་བསྒྲུབས་ཏེ་ཆོས་འཁོར་རྒྱ་ཆེན་པོ་བསྐོར། དེ་ཕན་ཆད་དགེ་འདུན་གྱི་ཞབས་ཏོག་ལ་དམིགས་ཏེ་ཐ་ན་རྗེ་ཉིད་ལ་གཞན་གྱིས་གསོལ་བར་ཞུས་པའི་འཐུད་འཐེབ་ཙམ་ནས་བསགས་ཏེ་དགེ་འདུན་གྱི་བཞེས་རྡོར་རྒྱུན་མ་ཆད་པ་མཛད།

རྗེ་འདི་ཉིད་ཀྱིས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་བསྟེན་པ་རྣམས་ཀྱི་ནང་ནས་སྐུ་ཚེ་འདིར་བཀའ་དྲིན་ཆེ་བ་མཁན་ཆེན་གྲུབ་པ་ཤེས་རབ་དང་། རྗེ་བཙུན་ཤེས་རབ་སེང་གེ་གཉིས། ཚེ་རབས་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཡིན་ཞེས་གསུངས་པ་དང་། ཁོང་གིས་སེམས་དཔའ་ཆེན་པོ་བློ་གྲོས་སྦས་པ་དང་། དཔལ་ལྡན་བཟང་པོ། ནོར་བཟང་རྒྱ་མཚོ། རང་གི་རྒྱལ་ཚབ་བཞི་པར་དབང་བསྐུར་བ་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་མཁས་གྲུབ་ཀྱི་སློབ་མའི་ཚོགས་ཀྱང་བསམ་གྱིས་མི་ཁྱབ་པ་བསྐྱངས།

རྗེ་འདི་ཉིད་ཀྱིས་གསུང་རབ་རྩོམ་པའི་མཛད་པ་ཇི་ལྟ་བུ་ཡིན་ཞེ་ན། འདུལ་བའི་གླེང་འབུམ་ཆེ་མོ། མདོ་རྩའི་ཊཱིཀྐ། སོ་ཐར་གྱི་ཊཱིཀྐ། རྣམ་འགྲེལ་གྱི་ཊཱིཀྐ། སྤྱི་དོན་རིགས་པའི་རྒྱན། རྩ་འཇུག་གཉིས་ཀྱི་ཊཱིཀྐ་ལུང་ཀུན་ལས་བཏུས་པ། ཐུབ་པའི་བསྟོད་པ་བདུད་དཔུང་ཕྱེ་འཐག་མ་སོགས་བསྟོད་ཚོགས་ཇི་སྙེད་པ། རྗེ་བཙུན་མ་དཀར་མོའི་སྒྲུབ་ཐབས་དང་། མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་སོགས་སྒྲུབ་ཐབས་སྣ་ཚོགས། འདུས་པ་ལ་བརྟེན་པའི་རབ་གནས་ཀྱི་ཆོ་ག་སྣ་ཚོགས། ཤར་གངས་རི་མ་སོགས་ཉམས་མགུར་སྣ་ཚོགས། དཀོན་བརྩེགས་ནས་འབྱུང་བའི་སྨོན་ལམ་སོགས་ཚད་མ་དང་། འདུལ་བ། དབུ་མ་གཙོ་བོར་གྱུར་པའི་གསུང་འབུམ་པོད་ལྔ་བཞུགས་པའི་ནང་དོན་ཟབ་ཅིང་རྒྱ་ཆེ་བ་ནི་སྨོས་ཅི་དགོས། རྗོད་བྱེད་ཚིག་གི་སྦྱོར་བར་མཚོན་ནའང་གཞན་ལས་ཁྱད་དུ་འཕགས་པའི་སྙན་འཇེབས་ལྡན་ཞིང་། བསྟན་བྱ་གང་ཡིན་པ་གཟུགས་འཛིན་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་འཆར་རྒྱུ་ཡོད་པའི་ཉམས་འགྱུར་གྱི་རྩལ་ཡོངས་སུ་རྫོགས་པ་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་དགེ་བའི་དབང་པོ་ངུར་སྨྲིག་གར་གྱིས་རོལ་པ་ལྟ་བུ་ཡིན།

སྤྱིར་དགེ་འདུན་གྲུབ་འཚོ་གཞེས་ཀྱི་དུས་དེའི་ཚེ་བོད་དུ་རྗེ་ཙོང་ཁ་པ་ཡབ་སྲས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ། འགོས་ལོ་གཞོན་ནུ་དཔལ། ལོ་ཆེན་ཆོས་སྐྱོང་བཟང་པོ། སྣར་ཐང་པ་སངྒྷ་ཤྲཱི། གཙང་སྨྱོན་ཧེ་རུ་ཀ་སོགས་ཆོས་ལུགས་གྲུབ་མཐའ་སོ་སོའི་ནང་ཐུན་མོང་དང་། ཐུན་མོང་མིན་པའི་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་པ། རིག་པའི་དཔའ་བོ་ཇི་སྙེད་ཅིག་བྱོན་པ་རྣམས་ཀྱི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་དུས་དེ་ལྟ་བུར་ཡང་རྗེ་དགེ་འདུན་གྲུབ་པའི་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་ཀྱི་བུ་མོའི་བླ་མཐོར་ལྷབ་ལྷུབ་ཏུ་གཡོ་བ་བཅས་གཙོ་བོར་དཀོན་མཆོག་གསུམ་གྱི་མཆོད་པ་ལས་བརྩམས་པའི་མཛད་པའི་སྡོམ་དུ་ནོར་བུའི་ཕྲེང་བ་ལས།

བྱང་ཆུབ་སྒྲུབ་པའི་ཚེ་རབས་ཀུན་ཏུ་ཡང་། །

དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །

རླབས་ཆེན་སྤྱོད་པ་ཇི་སྙེད་མཆིས་པ་ཀུན། །

གཅིག་ཏུ་བསྡུས་ནས་ཚུལ་བཞིན་འདོམས་པར་ཤོག །

ཅེས་གསུངས་དོན་དང་ལྡན་པའི་བླ་མ་ནི། །

དམ་ཆོས་འཛིན་པའི་སྨོན་ལམ་བསྒྲུབས་པ་ཡིས། །

རླབས་ཆེན་སྤྱོད་པས་རྒྱལ་བའི་བསྟན་པ་དང་།

མ་ལུས་འགྲོ་བའི་དོན་ལ་བརྩོན་པར་མཛད། །

མཁས་མང་བསྟན་འཛིན་དགེ༵་འདུན༵་ཀུན་གྱི་གཙོ། །

གྲུབ༵་པ༵་མཆོག་བརྙེས་སྦས་པའི་བརྟུལ་ཞུགས་མཛད། །

དཔལ་ལྡན་འཕྲིན་ལས་བཟང་པོ་གདུལ་བྱའི་དཔལ། །

བཀའ་དྲིན་ཟླ་མེད་བདག་གི་བླ་མའོ། །

ཞེས་གསུངས་སོ། །

སྔར་ལྕགས་ཕོ་རྟ་(༡༤༥༠)ལོའི་དགུན་ཁ་ཞིག་རི་བོ་དགེ་ལྡན་གྱི་མཁན་པོ་ལ་གདན་འདྲེན་པར་བླ་མ་དཀའ་བཅུ་པ་སྦྱིན་པ་དཔལ་བ་དང་། དགེ་བསྐོས་དཔལ་ལྡན་རིན་ཆེན་པ་གཉིས་ཀྱིས་ཐོག་དྲངས་དཔོན་སློབ་ཐོགས་གཅིག་སྐུ་མདུན་དུ་བཅར་ཏེ་ཞུ་བ་ཕུལ་བར་རྗེ་འདི་ཉིད་ཀྱིས་བདག་དེར་མི་འགྲོ། དེའི་རྒྱུ་མཚན་ཡང་དགོན་པ་འདི་བཏབ་མ་ཐག་ཏུ་སོང་བས་རྒྱུན་བརྟན་པ་ཞིག་མ་བྱུང་དོགས་ཀྱིས་ཡིན། ཁྱད་པར་སྔར་བྱས་པ་ཐམས་ཅད་ཀྱང་བསྟན་པ་སྤྱི་སྒོས་འབའ་ཞིག་ལ་བསམས་ཏེ་འདི་གར་བསྡད་པ་ཡིན། ཞེས་མི་འབྱོན་པར་ཐག་བཅད་པའི་གཡར་དམ་ཇི་ལྟ་བ་བཞིན་གདན་ས་སྐྱོང་བའི་འཕྲིན་ལས་མི་གཡེལ་བ་ལྷུར་བཞེས་པ་སོགས་འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་གང་ལ་གང་འདུལ་གྱི་མཛད་པ་ལས་རེ་ཞིག་སྐུ་འདིའི་མཛད་པ་རྣམས་ཡོངས་སུ་རྫོགས་པའི་ཚུལ་བསྟན་ཏེ་དགུང་ལོ་གྱ་བཞི་པ་ཤིང་ཕོ་རྟ་(༡༤༧༤)ལོའི་རྒྱལ་ཟླའི་ཚེས་བརྒྱད་ཀྱི་ཐོ་རེངས་ངོ་མཚར་བའི་ལྟས་དང་བཅས་བཀྲ་ཤིས་ལྷུན་པོའི་བླ་བྲང་རྒྱལ་མཚན་མཐོན་པོར་གཟིམས་མལ་མཐའ་ཅན་གྱི་ཚུལ་བསྟན་ཏོ།།[1] །།

 

འབྱུང་ཁུངས། [1] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༥༢༡ ནས་ ༥༣༥ བར་བཞུགས་པ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།