༄༅། །༸རྒྱལ་བ་དགེ་འདུན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།
༼མཁས་དབང་ནོར་བྲང་ཨོ་རྒྱན་གྱིས་ (1933-) བརྩམས།༽
༄༅། །༸རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་ཡབ་ཀུན་དགའ་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་དགའ་དཔལ་མོའི་སྲས་སུ་རབ་བྱུང་བརྒྱད་པའི་ཤིང་ལུག་(༡༤༧༥)ལོར་གཙང་རྟ་ནག་ཏུ་སྐུ་བལྟམས། དགུང་ལོ་བཅུ་གཅིག་པ་མེ་རྟ་(༡༤༨༦)ལོར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་དགེ་འདུན་རྒྱ་མཚོའི་དཔལ་དུ་གསོལ། དགུང་ལོ་བཅུ་དགུ་པ་ཤིང་སྟག་ལོར་འབྲས་སྤུངས་སུ་ཕེབས། དགུང་ལོ་ཉི་ཤུ་པ་ཤིང་ཡོས་(༡༤༩༥)ལོར་གནས་རྙིང་ཀུན་དགའ་བདེ་ལེགས་ལས་བསྙེན་པར་རྫོགས།
འཇམ་དབྱངས་དགའ་བའི་བཤེས་གཉེན་དང་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་གདམས་པ་ཡོངས་སུ་གསན་ནས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་བླ་ནས་བླ་མཐོར་འཕེལ།
དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་ས་སྦྲུལ་(༡༥༠༩)ལོར་ཆོས་འཁོར་རྒྱལ་མེ་ཏོག་ཐང་གི་ཆོས་གྲྭ་བཏབ། དགུང་ལོ་ཞེ་གསུམ་པ་ས་སྟག་(༡༥༡༨)ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་མཛད། ལོ་འདི་ནས་སེ་འབྲས་དགེ་གསུམ་སླར་ཡང་སྔར་རྒྱུན་ལྟར་སྨོན་ལམ་ཆེན་མོ་ཚུགས་ཐུབ་པ་བྱུང་། སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་དགེ་འདུན་རྒྱ་མཚོའི་བཞུགས་གནས་སུ་ཕུལ་རྗེས་མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར། སྔ་ཕྱིར་བཀྲས་ལྷུན་དང་། འབྲས་སྤུངས། སེ་ར་བཅས་སོ་སོའི་མཁན་པོ་མཛད་པ་དང་། གསུང་རྩོམ་མཚན་བརྗོད། དྲང་ངེས་རྣམ་འབྱེད། དབུ་མའི་ལྟ་ཁྲིད། བསྟོད་ཚོགས་སོགས་པོད་ཆེན་ལྔ་བཞུགས་ཤིང་། རྒྱ་གར་གྱི་ཆུ་བོ་གང་གཱའི་ཚུན་ཆད་སྙན་ངག་ལ་མཁས་པར་གྲགས་པ་བཅས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་མཐར་དགུང་ལོ་རེ་བརྒྱད་པ་ཆུ་སྟག་(༡༥༤༢)ལོར་ཞི་བར་གཤེགས།
༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྙན་ངག་གསུང་རྩོམ་གྱི་དཔེ་མཚོན་དུ་སྐབས་འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་ཆ་ཚང་དྲངས་པ་འདི་ལྟ་སྟེ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་མདོར་བསྡུས་པར་བསྔགས་པ་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། ན་མོ་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་བླ་མ་དམ་པ་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །
བློ་བཟང་དྲི་མེད་འདྲེན་བྱེད་སྟོང་གིས་རྒྱ་ཆེན་ཤེས་བྱའི་གཟུགས་ཀུན་རྣམ་གསལ་འཆི་མེད་སྒེག་མོའི་མེ་ལོང་བཞིན། །རྣམ་དཀར་གྲགས་པའི་རྔ་དབྱངས་འབུམ་ཕྲག་ཕྱོགས་ཀྱི་བུ་མོའི་མགྲིན་པར་རྣམ་བསྒྲགས་དབྱར་དུས་སྐྱེས་པའི་རྔ་སྒྲ་བཞིན། །གྲོང་འཇོམས་དབང་པོ་མདའ་ལྔ་པ་དང་གཙུག་ན་ཟླ་བ་མགྲིན་སྔོན་ཅན་སོགས་རལ་པའི་ཐོད་ལ་གཙུག་རྒྱན་བཞིན། །ངལ་གསོ་ཉེར་མཛད་ཞབས་སེན་འཆར་ཀའི་འོད་འཕྲེང་དག་གིས་གཙུག་རྒྱན་རབ་མཛེས་བདག་བློ་པདྨོའི་དཔལ་གྱུར་ཅིག །
བློ་ཆེན་ལྡན་གང་བྱེ་བས་བསྐལ་པ་བརྒྱར། །
སྙན་ངག་ཆུ་ཀློང་སྟོང་གིས་དྲངས་གྱུར་ཀྱང་། །
ཟད་མེད་ཡོན་ཏན་ཡིད་བཞིན་མཚོ་ཆེན་པོ། །
བདག་བློའི་སྐྲ་རྩེས་དཔག་པར་ཇི་ལྟར་ནུས། །
དེ་ལྟ་ན་ཡང་དད་པའི་དྲི་བཞོན་གྱིས། །
བདག་བློའི་ལྗོན་ཤིང་རྣམ་པར་བསྐྱོད་པ་ལས། །
ངོ་མཚར་དྲི་བསུང་གཡོ་བའི་མེ་ཏོག་ཕྲེང་། །
མགྲིན་པར་བཟུང་སྟེ་དགའ་བའི་གར་བྱེད་དོ། །
མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཏེར། །
ས་གསུམ་སྐྱེ་རྒུ་ཡོངས་ཀྱི་གཙུག་རྒྱན་དུ། །
གཅིག་ཏུ་བསྡུས་ནས་གཟུགས་ཅན་བཞིན་གྱུར་པ། །
འཇམ་དཔལ་སྙིང་པོས་རྟག་ཏུ་སྐྱོང་གྱུར་ཅིག །
ཆ་ཤས་ཡོངས་རྫོགས་ཁྱེད་སྐུའི་རི་བོང་ཅན། །
ཆོས་དབྱིངས་ཀུན་གསལ་མཛེས་མའི་ལང་ཚོ་ལས། །
གསལ་བར་ཤར་ཚེ་སྐལ་བཟང་ཀུ་མུད་ཚོགས། །
མཛེས་སྡུག་ཟེའུ་འབྲུའི་སོ་ཕྲེང་བཞད་པ་དང་། །
མཉམ་དུ་ཐུབ་བསྟན་ནོར་འཛིན་བུ་མོའི་ལུས། །
སྟོད་གཡོགས་གོས་དཀར་གཡོ་བའི་མཛེས་སྡུག་འཛིན། །
རང་གཞན་གྲུབ་མཐའི་ས་ཆེན་མ་ལུས་པ། །
བློ་གྲོས་གོམ་པ་གཅིག་གིས་རབ་འགོངས་ཏེ། །
ཀུན་མཁྱེན་ཐུབ་པའི་རྒྱལ་ས་འཛིན་མཁས་པ། །
གང་ཁྱོད་རྒྱལ་བ་ཀུན་གྱི་གདུང་འཚོབ་ལགས། །
མང་ཐོས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཅེས། །
ཆེན་པོར་མངོན་རློམ་བྱེ་བ་ཕྲག་བརྒྱ་ཡི། །
སྤོབས་པའི་མྱོས་བུམ་མ་ལུས་དྲལ་མཛད་པ། །
འཇིགས་མེད་གདོང་ལྔའི་དབང་པོ་ཁྱོད་ཉིད་ལགས། །
བསླབ་གསུམ་ནོར་བུའི་འོད་ཕྲེང་གཡོ་བ་ཅན། །
ངུར་སྨྲིག་འཛིན་པ་ཀུན་གྱི་ཅོད་པན་ལ། །
ཞབས་སེན་གསལ་བར་འགོད་པའི་རོལ་རྩེད་མཁན། །
ཀུན་མཁྱེན་ཐུབ་པ་ཆེན་པོ་ཁྱོད་ཉིད་ལགས། །
དགེ་ལེགས་ཀུ་མུད་ཟུམ་པར་མི་བྱེད་ཅིང་། །
མདོ་སྔགས་གཞུང་ལུགས་པད་ཚལ་སྟོང་འབྱེད་པའི། །
ལུང་རིགས་འོད་ཀྱིས་ས་གསུམ་སྣང་བྱེད་པ། །
ཀུན་མཁྱེན་ཉིན་མོའི་དབང་ཕྱུག་ཁྱོད་ཤར་ཚེ། །
སྨྲ་བའི་ཉི་མ་གཞན་དག་ཁྱོད་དྲུང་ན། །
དམན་པའི་རྒྱུ་སྐར་ཕྲེང་བ་ལྟ་བུར་སྤྱོད། །
སྙན་གྲགས་མ་ལ་ཡ་ཡི་དྲི་བཞོན་གྱིས། །
ཕྱོགས་ཀྱི་བུ་མོའི་དྲི་འཛིན་སིམ་པའི་དཔལ། །
ལེགས་བཤད་ག་པུར་འཐུལ་བའི་དཔག་བསམ་ཁྱོད། །
ཉོན་མོངས་ཚ་བའི་སྲོག་ལེན་གཤིན་རྗེ་ལགས། །
ཐབས་ཤེས་གཤོག་རླབས་གཡོ་བའི་རླུང་ཤུགས་ཀྱིས། །
མཐའ་གཉིས་གཡང་སར་ནམ་ཡང་མི་ལྷུང་ཞིང་། །
བདག་ལྟའི་ཀླུ་དབང་ཚོགས་ཀྱི་སྲོག་འཕྲོག་པ། །
མཁས་མཆོག་གཉིས་སྐྱེས་ཀུན་གྱི་རྒྱལ་པོ་ལགས། །
སྐྱེ་རྒ་ན་འཆིའི་རྦ་རླབས་སྟོང་འཁྲུག་པའི། །
མི་བཟད་འཁོར་བ་ཆུ་སྲིན་འབྱུང་གནས་ལས། །
འགྲོ་ཀུན་ཐབས་མཁས་གྲུ་ཡིས་སྒྲོལ་མཁས་པ། །
མཁས་མཆོག་དེད་དཔོན་ཀུན་གྱི་དམ་པ་ལགས། །
ཁྱེད་ཀྱི་ཐུགས་རྗེའི་ཕོ་ཉ་བྱེ་བ་ཡིས། །
འགྲོ་འདི་ཐར་པའི་གྲོང་དུ་ཁྲིད་གྱུར་ཏེ། །
འཁོར་བའི་གནས་འདི་ངེས་པར་སྟོངས་འགྱུར་ཞེས། །
རབ་དགྱེས་རྒྱལ་རྣམས་ཞི་བའི་དབྱིངས་སུ་བཞུགས། །
རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཆུ་ཀླུང་འབུམ། །
ཉིན་བཞིན་སྡུད་བྱེད་རོལ་མཚོའི་དབང་པོ་སྟེ། །
ལེགས་བཤད་བདུད་རྩིའི་གྲུ་ཆར་སྟོང་འབེབས་པའི། །
སྔོན་མེད་དབྱར་སྐྱེས་ཆུ་འཛིན་དབང་པོ་ལགས། །
མཛེས་སྡུག་འོད་འབར་རབ་ཏུ་བརྗིད་པ་ཡི། །
ཁྱོད་ཀྱི་མཛེས་སྐུ་འཆི་མེད་རི་བོ་འདྲ། །
མཚན་དཔེའི་རྒྱན་ཕྲེང་གཡོ་བའི་མཛེས་སྡུག་ལ། །
རི་དབང་མཆོག་གིས་འགྲན་པར་ནུས་ལགས་སམ། །
སྙན་ཅིང་ཡིད་འབབ་ཆོས་ཀུན་སྒྲོག་པའི་གསུང་། །
ཡན་ལག་དྲུག་ཅུའི་དྲིལ་ཆེན་འཁྲོལ་བ་ན། །
མེས་པོའི་དབྱངས་ཀྱིས་འགྲན་པར་མ་བཟོད་ནས། །
སྨྲ་བཅད་བསམ་གཏན་ངང་དུ་ཞུགས་ལགས་སྙམ། །
རབ་ཡངས་ཁྱོད་ཀྱི་མཁྱེན་པའི་ཕ་མཐའ་ལ། །
འགྲན་འདོད་ནམ་མཁའ་འདི་ཡིས་འོངས་ལགས་སམ། །
འོན་ཏེ་ལྷ་ཡི་ལམ་ཡངས་སྐྱེལ་སླད་དུ། །
ཁྱོད་ཀྱི་མཁྱེན་པ་བསམ་བཞིན་བཀོད་དམ་ཅི། །
ཁྱོད་ཀྱི་མཁྱེན་པ་རབ་ཡངས་ཆུ་གཏེར་བཞིན། །
ཀླུང་བརྒྱས་དྲངས་ཀྱང་ཅུང་ཟད་བྲི་བ་མེད། །
འགྲོ་ལ་འདོད་རྒུ་སྦྱིན་པའི་དཔག་བསམ་སྟེ།
སྒྲིབ་མུན་ཀུན་སེལ་སྔོན་མེད་སྣང་བྱེད་ལགས། །
གདུལ་བྱའི་གླིང་ཀུན་འོས་པར་འབབ་པ་ཡི། །
ཁྱོད་ཀྱི་འཕྲིན་ལས་ཉི་མའི་འོད་དང་འདྲ། །
འཆར་ནུབ་བྲལ་ཞིང་སྤྲིན་གྱིས་མི་སྒྲིབ་པས། །
ཉི་ཟླའང་དེ་ཡི་དཔེ་རུ་འོས་མ་ལགས། །
གཞན་གྱི་བློ་ཡི་ཡུལ་དུའང་ཤོང་མིན་པའི། །
ཡོན་ཏན་ཕུང་པོའི་ཁུར་ཆེན་མཐའ་ཡས་པ། །
འདེགས་བྱེད་ནོར་འཛིན་བུ་མོ་མཛེས་སྡུག་མ། །
ད་དུང་ངལ་བ་མེད་པ་ཨེ་མ་མཚར། །
ཕྱོགས་བཅུའི་ཕུན་ཚོགས་མ་ལུས་གྲོས་བྱས་ནས། །
རྒྱལ་བའི་དབང་པོ་ཁྱོད་ལ་འདུས་པ་ན། །
མི་བཟད་སྐྱོན་ཀུན་འཁོར་བ་འདིར་ལུས་པས། །
འགྲོ་འདི་རྟག་ཏུ་སྡུག་བསྔལ་གྱུར་མིན་ནམ། །
ཁྱོད་ཀྱི་ཡོན་ཏན་ཡིད་བཞིན་མཚོ་ཆེན་པོར། །
རིང་ནས་ཞུགས་པའི་དད་པའི་གཉིས་འཐུང་འདི། །
མཁས་གྲུབ་གཞན་གྱི་ཡོན་ཏན་རྫིང་བུ་ལ། །
དགའ་བར་འཛིན་པའི་བློ་དེ་དོར་བར་གྱུར། །
མིང་ཙམ་ལྷག་མར་གྱུར་པའི་བསྟན་པ་འདི། །
རྫོགས་ལྡན་བཞིན་དུ་ཉིད་ཀྱིས་མཛད་པ་ན། །
ཨེ་མ་སྙིགས་དུས་རྒྱལ་བ་གཉིས་པ་ཞེས། །
ཕྱོགས་ཀྱི་བུ་མོས་སྲིད་རྩེའི་བར་དུ་བསྒྲགས། །
ཕྱོགས་ཀྱི་བདག་པོ་ཀུན་གྱི་རལ་པ་ལ། །
ཞབས་རྡུལ་ནོར་བུས་མཛེས་པའི་དཔལ་སྟེར་བ། །
སྔོན་མེད་རྒྱལ་བའི་ཉི་མ་གཅིག་གིས་ཀྱང་། །
རྒྱལ་བའི་ཉི་མ་མ་ལུས་ཟིལ་གྱིས་གནོན། །
དེ་ཕྱིར་ལྷ་དང་བཅས་པའི་འཇིག་རྟེན་འདི། །
མགོན་ཁྱོད་ལྷག་པར་བསྔགས་པའི་བཟླས་བརྗོད་ལ། །
ངལ་བ་མེད་པའི་དཀའ་ཐུབ་ལྷུར་བླངས་པས། །
བྱ་བ་གཞན་ལ་འཇུག་པའི་གོ་སྐབས་ཕྲོགས། །
སྐལ་བཟང་ཀུན་དའི་གཉེན་གཅིག་རི་བོང་ཅན། །
ཐུབ་བསྟན་པད་ཚལ་རྒྱས་མཛད་ཉིན་མོའི་མགོན། །
འདོད་རྒུའི་དངོས་གྲུབ་སྦྱིན་མཛད་དཔག་བསམ་ཤིང་། །
བསམ་འཕེལ་དབང་གི་རྒྱལ་པོ་ཁྱོད་ལ་འདུད། །
ལེགས་བཤད་བྱེ་བས་ཁེངས་ཀྱང་ཁེངས་དང་བྲལ། །
གཞན་དོན་ཁུར་གྱིས་ངལ་ཀྱང་ངལ་བ་མེད། །
རིང་ནས་འཁོར་བ་སྤངས་ཀྱང་འཁོར་བར་སྤྱོད། །
ངོ་མཚར་ཀུན་གྱི་གཏེར་ཆེན་ཨེ་མ་མཚར། །
པད་ཚལ་དབུས་ན་པདྨ་དཀར་པོ་དང་། །
རྒྱུ་སྐར་དབུས་ན་རྒྱུ་སྐར་བདག་པོ་བཞིན། །
རྒྱལ་སྲས་དབུས་ན་རྒྱལ་བའི་དབང་པོ་ཁྱོད། །
འཇིགས་བྲལ་འཇིགས་མེད་ཆོས་འཁོར་བསྐོར་ལ་འདུད། །
ལེགས་བཤད་ནོར་འཛིན་སྒེག་མོའི་ཁྱོན་ཀུན་ལ། །
ལུང་རིགས་དཔུང་གིས་འདོད་དགུར་དབང་སྒྱུར་ཞིང་། །
ལུས་མེད་བདག་པོའི་གཡུལ་ངོ་ཕམ་མཛད་པ། །
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཁྱོད་ལ་འདུད། །
ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་ཡབ། །
དག་དང་མ་དག་འགྲོ་བ་ཀུན་གྱི་སྐྱབས། །
སྐུ་གསུམ་ལྷུན་གྲུབ་རྒྱལ་བ་ཀུན་གྱི་གཙོ། །
ཁྱབ་བདག་རྡོ་རྗེ་འཆང་དབང་ཁྱོད་ལ་འདུད། །
སྙིང་གི་མེ་ལོང་དབུས་སུ་ཁྱོད་ཀྱི་སྐུ། །
བྱེད་པོའི་པིར་གྱིས་གསལ་བར་བྲིས་པ་བཞིན། །
བཀོད་ནས་རྟག་ཏུ་གུས་པས་མཆོད་པའི་མཐུས། །
འབྲལ་མེད་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །
དེ་ཡི་མཐུ་ལས་རྒྱལ་བའི་དམ་ཆོས་ཀུན། །
ཁྱོད་ཞལ་པདྨོའི་སྒོ་ལས་ལེགས་འོངས་པ། །
སྙིང་གི་བུམ་པར་རྩེ་གཅིག་བསྟེན་པ་ལས། །
ཉོན་མོངས་ནད་ཀུན་འཇོམས་པར་བྱིན་གྱིས་རློབས། །
དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །
རང་ཉིད་གཅེས་པར་འཛིན་པའི་བློ་སྤངས་ནས། །
བསྟན་དང་འགྲོ་བའི་དོན་ཀུན་སྒྲུབ་པ་ལ། །
རྒྱལ་བ་ཁྱོད་དང་མཚུངས་པར་བྱིན་གྱིས་རློབས། །
སེམས་ཀྱི་གཉིས་འཐུང་དད་པའི་ལྕགས་ཀྱུ་ཡི། །
དབང་དུ་གྱུར་ནས་ཁྱོད་ཞབས་རྟག་མཆོད་ཅིང་། །
མྱུར་དུ་རྡོ་རྗེ་འཆང་དབང་ཐོབ་གྱུར་ནས། །
འགྲོ་ཀུན་ཐར་པར་འཁྲིད་པར་བྱིན་གྱིས་རློབས། །
དེ་ལྟར་བསྟོད་པའི་དགེ་བ་དཔག་མེད་དང་། །
གཞན་ཡང་དུས་གསུམ་བསགས་པའི་དགེ་བ་རྣམས། །
མགོན་པོ་ཁྱོད་ཀྱིས་རྗེས་སུ་འཛིན་པ་དང་། །
ཁྱོད་ཀྱི་ལུགས་བཟང་རྒྱས་པའི་རྒྱུར་གྱུར་ཅིག །
ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཚན་བརྗོད་པར་དཀའ་བའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བློ་བཟང་གྲགས་པའི་དཔལ་ལ། གཞན་ལས་ཁྱད་པར་དུ་འཕགས་པར་བསྔགས་པ། ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི་རྗེ་ཉིད་ལ་སྐྱེས་ཙམ་ཉིད་ནས་དད་པ་མཆོག་ཏུ་ཐོབ་པའི་ཁ་བ་རི་པའི་སྙན་ངག་མཁན། རྣམ་དཔྱོད་ཀྱི་མགྲིན་པ་ཅུང་ཟད་མཐོ་བའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ལོ་བཅུ་བདུན་ལོན་པའི་ཚེ་གཙང་རྟ་ནག་གིས་ས་ཆ་གྲུབ་པའི་དབང་ཕྱུག་ཨ་མོ་གྷ་དྷཱ་ཚ་ལ་སོགས་པ་དམ་པ་མང་པོས་བྱིན་གྱིས་བརླབས་པའི་དབེན་གནས་རྡོ་རྗེ་གདན་ཞེས་བྱ་བར་སྦྱར་བའོ། །
ཞེས་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་ངོ་མཚར་རྨད་དུ་བྱུང་བ་ཕུལ་བྱུང་དང་། རབ་རྟག་ལ་སོགས་པའི་རྒྱན་གསོན་ཉམས་ལྡན་པའི་སྒོ་ནས་ལེགས་པར་མཚོན་པར་མཛད་པའི་གསུང་རྩོམ་འདིས་མཚོན་ཁོང་གི་སྙན་ངག་གི་གསུང་རྩོམ་མཐའ་དག་ལ་གཞན་ལས་ཁྱད་པར་འཕགས་པའི་ཉམས་འགྱུར་ལྡན་པ་སྐྱེ་བོ་ཀུན་གྱིས་༸རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་ཆུ་བོ་གངྒཱ་ཚུན་གྱི་སྙན་ངག་སྨྲ་བའི་ཁྱུ་མཆོག་ཏུ་བསྔགས་པ་དོན་ལ་གནས་པས་ང་ཚོས་ཁོང་གི་གསུང་རྩོམ་ཁག་ལ་ལེགས་པར་སློབ་སྦྱོང་གིས་རང་རང་སྐབས་སུ་བབས་པའི་བརྩམ་བྱ་གང་ཞིག་མིང་དོན་མཚུངས་པའི་སྙན་ངག་མཁན་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་པ་ཅི་ནས་གལ་ཆེའོ།།[1] །།
འབྱུང་ཁུངས། [1] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༧༢༧ ནས་ ༧༣༦ བར་བཞུགས་པ་ལས་བཏུས་པའོ།།