༄༅། །༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།
༼མཁས་དབང་ནོར་བྲང་ཨོ་རྒྱན་གྱིས་ (1933-2024) བརྩམས།༽
༄༅། །༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི། ཡབ་རྗེ་གུང་བསོད་ནམས་དར་རྒྱས་སམ་དགེ་འདུན་དར་རྒྱས་དང་། ཡུམ་བློ་བཟང་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱི་(༡༧༠༨)ལོར་མདོ་ཁམས་སྨད་ཀྱི་སའི་ཆ་ཆོས་སྡེ་ཆེན་པོ་ལི་ཐང་ཐུབ་ཆེན་བྱམས་པ་གླིང་གི་ཉེ་འདབས་སུ་ སྐུ་བལྟམས། དགུང་ལོ་དགུ་པ་མེ་སྤྲེལ་(༡༧༡༦)ལོར་མདོ་སྨད་ཙོང་ཁ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས། ཆུ་བཟང་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས།
དགུང་ལོ་བཅུ་གསུམ་པ་ལྕགས་བྱི་(༡༧༢༠)ལོར་གོང་མ་ཁང་ཤིའི་ལྷ་སྲས་ཅང་ཇུན་དང་། ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོ། གསེར་ཁོག་ཏཱ་བླ་མ་བཀའ་འགྱུར་བ་བློ་བཟང་འཕྲིན་ལས། སྔོན་གྱི་དཔོན་རིགས་བསྟན་འཛིན་ཆིང་ཝང་། ཨེ་ཏེ་ནི་ཏཱ་ལའི་བོ་ཤོག་ཐུ་སོགས་ཀྱིས་དབུས་སུ་གདན་དྲངས་ཏེ་པོ་ཏ་ལའི་གསེར་ཁྲི་མངོན་པར་མཐོ་བར་ཞབས་ཀྱི་པདྨོ་བཀོད། པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་ཡེ་ཤེས་མཆོག་གིས་དགེ་ཚུལ་གྱི་སྡོམ་པ་ཕུལ། དེ་ནས་ཁྲི་ཆེན་བློ་བཟང་དར་རྒྱས་ལས་ཕར་ཕྱིན། ཞ་ལུ་རིན་པོ་ཆེ་ངག་དབང་ཡོན་ཏན་འབྱུང་གནས་ལས་སྙན་ངག་ལེགས་པར་གསན།
དགུང་ལོ་བཅུ་བདུན་པ་ཤིང་འབྲུག་(༡༧༢༤)ལོར་གོང་མ་གཡུང་ཊིང་ནས་གསེར་སྲང་སུམ་བརྒྱ་ཡོད་པའི་འཇའ་ས་དང་། ཉིས་བརྒྱ་ལྔ་བཅུ་ཡོད་པའི་གསེར་ཐམ་ཕུལ་བའི་ཞལ་རིས་སུ་ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ་ཞེས་འཁོད། ཡོངས་འཛིན་དམ་པ་ཁྲི་རིན་པོ་ཆེ་དཔལ་ལྡན་གྲགས་པ་ཡོངས་འཛིན་དུ་བསྟེན་ཏེ་དབུ་མའི་སྐོར་ལེགས་པར་གསན།
དགུང་ལོ་ཉི་ཤུ་པ་མེ་ལུག་(༡༧༣༧)ལོར་པཎ་ཆེན་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བཞེས། སྐབས་འདིར་ཇུན་གར་བའི་འཁྲུགས་འཇིགས་ལ་དོགས་ནས་མགར་ཐར་དུ་ཕེབས། དགུང་ལོ་ཉེར་བརྒྱད་ཤིང་ཡོས་(༡༧༣༥)ལོར་གོང་མའི་བཀའ་བཞིན་ཕྱིར་བོད་དུ་ཕེབས། དགུང་ལོ་བཞི་བཅུ་ཞེ་བཞི་སྟེ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་(༡༧༥༡)ལོར་རྗེ་ཉིད་ནས་སྲིད་དབང་བཞེས། གོང་མས་འཇའ་ས་དང་གསེར་ཐམ་གནང་། བཀའ་བློན་བཞི་བསྐོས་ནས་བཀའ་ཤག་ཐོག་མར་བཙུགས་པ་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་པ་དང་། གསུང་ལས་སྐྱེས་པའི་སློབ་མ་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ། དེ་མོ་སྤྲུལ་སྐུ་བདེ་ལེགས་རྒྱ་མཚོ་སོགས་མཁས་དང་གྲུབ་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་བྱུང་། བཀའ་རྩོམ་ལ་ཡང་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་དོན་དེ་ཉིད་ཡང་གསལ་སྣང་བ་རྡོ་རྗེ་སེམས་དཔའི་ཞལ་ལུང་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ལེགས་བཤད་པོད་བདུན་བཀའ་རྩོམ་མཛད་པ་བཅས་དེ་ལྟ་བུའི་མཛད་པ་རླབས་པོ་ཆེ་བསྐྱངས་མཐར་དགུང་ལོ་ལྔ་བཅུ་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་(༡༧༥༧)ལོར་ཕོ་བྲང་ཆེན་པོ་པོ་ཏ་ལར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
སྐབས་འདིར་རྗེ་ཉིད་ཀྱི་གསུང་རྩོམ་གྱི་ནང་ནས་སྙན་ངག་གསུང་རྩོམ་གྱི་དཔེ་མཚོན་དུ་རང་གཞན་དམ་པའི་ཆོས་ལ་རྒྱུད་བསྐུལ་བའི་ཕྱིར་མི་རྟག་པའི་སྣང་ཚུལ་མགུར་དབྱངས་སུ་མཛད་པ་ཆ་ཚང་དྲངས་པ་འདི་ལྟ་སྟེ།
ནེའུ་གསིང་སྤང་ལ་སྐྱེས་པའི། །སྤང་རྒྱན་མེ་ཏོག་བཀྲ་ཡང་། །
དགུན་གྱི་ཁ་རླུང་འཚུབ་དུས། །རྡུལ་ཕྲན་ཙམ་དུ་འཐོར་བས། །
ད་ལྟ་མདངས་བཀྲག་མཚར་དུས། །དཀོན་མཆོག་དྲུང་དུ་ཕུལ་དང་། །
སྔོན་བསགས་སྦྱིན་པའི་འབྲས་བུ། །འདོད་དགུའི་ལོངས་སྤྱོད་འབྱོར་ཡང་། །
ནམ་ཞིག་གང་ཟག་གཞན་གྱི། །བདག་བཟུང་རྫས་སུ་འགྱུར་བས། །
ད་ལྟ་རང་དབང་ཡོད་དུས། །སྦྱིན་པའི་ཞིང་ལ་ཕུལ་ཅིག།།
རྩལ་གསུམ་དར་ལ་རྫོགས་པའི། །གཡུ་འབྲུག་སྐད་གསེང་མཐོ་ཡང་། །
དབྱར་གསུམ་ནམ་ཟླའི་ཐ་མར། །སྒྲ་སྐད་ཉམས་པར་འགྱུར་བས། །
ད་ལྟ་མཁའ་ལ་འཕྱོ་དུས། །དབྱར་རྔ་དལ་བུར་སྒྲོགས་དང་། །
མཐུན་འཇུག་འཇིག་རྟེན་ལས་ལ། །གསུང་སྙན་འགྱུར་ཁུག་འཁྲོལ་ཡང་། །
ནམ་ཞིག་མགྲིན་པའི་ལམ་ལ། །དབུགས་ཀྱང་ཆད་པར་འགྱུར་བས། །
ད་ལྟ་སྨྲ་ལྕེ་བདེ་དུས། །གྲགས་སྟོང་ཟློ་བར་འབུངས་ཤིག།།
མཁའ་ལ་རྒྱན་དུ་ཆགས་པའི། །སྤྲིན་དཀར་ལང་ཚོ་གསར་ཡང་། །
དྲག་པོའི་རླུང་དང་ཕྲད་ནས། །ཕྱོགས་བཅུར་འཐོར་བར་ངེས་སོ། །
ད་ལྟ་ལང་ལོང་འཁྲིགས་དུས། །སྦྲང་ཆར་བཅུད་དུ་ཕོབས་དང་། །
ཁུ་ཁྲག་གཞན་གྱི་རྫས་ལ། །བདག་བཟུང་ལུས་འདི་མཆོར་ཡང་། །
ནམ་ཞིག་མི་གཙང་རྫས་བཞིན། །འབྲེལ་མེད་འདོར་བར་འགྱུར་བས། །
ད་ལྟ་རྩལ་སྟོབས་ལྡན་དུས། །དགེ་བའི་བྲན་དུ་ཁོལ་ཅིག།།
དྭངས་བསིལ་ཡིད་ལ་འཐད་པའི། །ཉལ་འགྲོ་ལྷུང་ལྷུང་འབབ་ཀྱང་། །
མི་རིང་ཐིགས་པ་ཙམ་ཡང་། །ལུས་མེད་སྐེམ་པར་འགྱུར་གྱི། །
ད་ལྟ་རྒྱུན་བཟང་འབབ་དུས། །རྩི་ཐོག་གསོས་སུ་དྲོངས་དང་། །
རང་བདེ་གཞན་ལ་གནོད་པའི། །ཐབས་ཚུལ་སྣ་དགུ་འགྱུར་ཡང་། །
ནམ་ཞིག་མིང་དོན་ཙམ་ཡང་། །འཆར་མེད་རྨོངས་པར་འགྱུར་གྱི། །
ད་ལྟ་བློ་རིག་གསལ་དུས། །ཟབ་རྒྱས་གདམས་ངག་སྒོམས་ཤིག།།
ཚོང་འདུས་ས་ཡི་ལྟེ་བར། །ལྷོ་བྱང་ཚོང་ཕྲུག་འཛོམ་ཡང་། །
ཞག་གསུམ་ནངས་པར་དུས་སུ། །སོ་སོར་འགྱེས་པར་འགྱུར་བས། །
ད་ལྟ་ཡུད་ཙམ་ཚོགས་དུས། །འཁོན་དང་མཐུན་འགྲོགས་སྤོངས་དང་། །
ཚེ་སྔོན་ལས་ཀྱིས་བཀུག་པའི། །དགྲ་གཉེན་བྱམས་སྡང་ཆེ་ཡང་། །
མི་རིང་རིགས་དྲུག་གནས་སུ། །སོ་སོར་འགྲོ་བར་འགྱུར་བས། །
ད་ལྟ་རིས་སུ་བཅད་ནས། །དགོས་མེད་ཆགས་སྡང་སྤོངས་ཤིག།།
སྟོན་དུས་མཁའ་ལ་ཤར་བའི། །ཉ་རྒྱས་ནམ་འཕང་མཐོ་ཡང་། །
འཛམ་གླིང་ས་འདིར་གནས་པའི། །སྐྱེ་བོ་ཚ་གདུང་ཅན་ལ། །
ལུས་སེམས་དགའ་བདེ་སྐྱེད་པའི། །ཤུགས་འབྱུང་འོད་དཀར་འགྱེད་དོ། །
གཞན་ལ་ཕན་བདེ་འདོད་པ། །རང་སེམས་ཁོ་ན་གནས་ཀྱང་། །
ཕྱོགས་དུས་སྐྱེ་བོ་ཀུན་གྱི། །དོན་གཉིས་དཔལ་དུ་འགྱུར་བས། །
ལུས་ངག་ཚུལ་འཆོས་སྤངས་ཏེ། །ལྷག་བསམ་བཟང་པོ་སྐྱེད་ཅིག།།
ཀླུ་དབང་གཙུག་གི་ནོར་བུ། །ཕྱོགས་ལྷུང་རྟོག་པ་མེད་ཀྱང་། །
མཆོད་དང་བཀུར་སྟི་ཆེན་པོས། །རྩེ་གཅིག་གསོལ་བ་བཏབ་ལ། །
གང་བསམ་རེ་བའི་འབྲས་བུ། །ལག་རྩེར་སྩོལ་བར་ངེས་སོ། །
བླ་མ་སྐུ་གསུམ་དབང་ཕྱུག །འགྲོ་ལ་ཉེ་རིང་སྤངས་ཀྱང་། །
མོས་གུས་ལྟེམ་རྐྱང་མེད་པས། །རྩེ་གཅིག་དྲན་པ་དེ་ལས། །
འདི་དང་ཕྱི་མ་ཀུན་གྱི། །ལེགས་ཚོགས་འགྲུབ་པར་ངེས་སོ། །
དབང་པོ་བསླད་པའི་མཐུ་ཡིས། །མཁའ་ལ་སྣང་བཀྲག་མཚར་ཡང་། །
གསོ་དཔྱད་མིག་སྨན་རྣོན་པོས། །སྦྱངས་པའི་དེ་མ་ཐག་ཏུ། །
རབ་རིབ་སྣང་བ་ལོག་པའི། །སྟོང་གསལ་རྗེན་པར་འཆར་རོ། །
དངོས་འཛིན་གདོན་གྱིས་དཀྲུགས་པས། །ཀུན་རྫོབ་ཅི་ཡང་འཆར་མོད། །
འཁྲུལ་པའི་རང་མཚང་གཅོད་པའི། །རིག་ཤེས་ལྟ་བའི་ངོ་ན། །
བློ་བྲིད་སྣང་བ་ལོག་པའི། །གནས་ལུགས་ལྟད་མོ་ལྟོས་ཤིག།།
སྟོང་གསལ་མཁའ་ཡི་ངོས་ན། །ཚུགས་ཐུབ་བདེན་པར་མེད་ཀྱང་། །
རྒྱུ་རྐྱེན་རྟེན་འབྲེལ་མང་པོ། །ཚོགས་པའི་འཇའ་ཚོན་རི་མོ། །
གཏད་མེད་ཅི་ཡང་འཆར་བའི། །ངོ་མཚར་འདི་ལ་ལྟོས་དང་། །
དཔྱད་ན་འདི་ཞེས་བྱ་བའི། །ངོས་བཟུང་ཅི་ཡང་མེད་ཀྱང་། །
རྒྱུ་རྐྱེན་ཆ་ཤས་མང་པོར། །གདགས་ཡོད་མིང་ཙམ་འདི་ལ། །
བྱ་བྱེད་ཐམས་ཅད་འཐད་པའི། །སྒྱུ་མ་འདི་ལ་གཟིགས་དང་། །
བདེན་དངོས་བསླུ་བ་མེད་པའི། །དམིགས་གཏད་གང་ཡང་མེད་ཀྱང་། །
ཁོག་ཡངས་བྲག་གི་ཕུག་པར། །སྒྲ་བརྙན་བྲག་ཅའི་དབྱངས་ཀྱིས། །
རང་འཛིན་ཤེས་པ་བསྐྱེད་པའི། །ནུས་པ་ཐོགས་མེད་བཞིན་དུ། །
བསླུ་མེད་དོན་ལ་གྲུབ་པའི། །སྙིང་པོ་ཆ་ཙམ་མེད་ཀྱང་། །
དོན་ལྡན་ཚིག་གི་ཕྲེང་བ། །འདི་ལྟར་སྤེལ་བའི་གཏམ་གྱིས། །
ཀུན་རྫོབ་འགྲོ་བ་མང་པོར། །ཕན་པ་རྒྱ་ཆེན་གྱུར་ཅིག།།
ཅེས་གསུངས་པ་ནི་བརྗོད་དོན་ཟབ་ལ་རྗོད་བྱེད་ཚིག་གི་སྦྱོར་བ་ཡང་འགལ་རྒྱན་གྱི་ནང་གསེས་གཞི་གཅིག་གི་ཡོན་ཏན་འགལ་བའམ། ཡང་ན་བསྡུས་བརྗོད་དང་རང་བཞིན་བརྗོད་པའི་རྒྱན་ཤས་ཆེ་བའི་སྒོ་ནས་བསྟན་པའི་མཚོན་བྱེད་ཀྱི་དཔེ་རྣམས་ཀྱང་ནམ་ཟླའི་འགྱུར་ལྡོག་ལྟ་བུ་སྤྱི་ཚོགས་ཀྱི་འཚོ་བའི་ནང་འཕྲད་པའི་དཔེ་ཤ་སྟག་སྤྱོད་གནང་མཛད་པས་མཚོན་བྱའི་ནང་དོན་མི་སེམས་ལ་ཤིན་ཏུ་ཟུག་པ་དཔེར་ན་གསུང་མགུར་ནང་མི་རྟག་པའི་སྣང་ཚུལ་དང་། དགེ་སྡིག་གི་བླང་དོར་ཇི་སྐད་གསུངས་པ་དེ་དེ་བཞིན་ནོ་སྙམ་པ་ཀློག་པ་པོའི་སེམས་ནང་འཆར་བ་འདི་ལྟ་བུ་ནི་བོད་སྔ་རབས་ཀྱི་སྙན་ངག་གི་རྩོམ་གཤིས་དང་ཐག་ཉེ་བ་གོ་བདེ་བ་གསོན་ཉམས་ལྡན་པ་བོད་ཀྱི་ཐུན་མོང་མིན་པའི་སྙན་ངག་གི་ཉམས་འགྱུར་ཕུན་སུམ་ཚོགས་པ་འདི་འདྲ་བའི་སྒོ་ནས་འཚོ་བ་དངོས་ཀྱི་གནས་ཚུལ་དང་སྦྱར་ཏེ་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་པ་བྱུང་ན་བརྩམས་ཆོས་དེའི་རིན་ཐང་དང་། ཕན་ནུས་ཆེན་པོ་ཡོང་རྒྱུ་གདོན་མི་ཟའོ་སྙམ་ལགས།།[1] །།
འབྱུང་ཁུངས། [1] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༧༣༦ ནས་ ༧༤༡ བར་བཞུགས་པ་ལས་བཏུས་པའོ།།