རྗེས་དྲན་དང་མྱ་ངན་གྱི་དྲན་ཚོར།

རྗེས་དྲན་དང་མྱ་ངན་གྱི་དྲན་ཚོར།
རྗེས་དྲན་དང་མྱ་ངན་གྱི་དྲན་ཚོར། 
 ཨ་མའི་བུ་བསྟན་ཚེ་རིང་། (ཧྥ་རན་སི།)
གཞིས་རྩེ་གདོང་དཀར་ཞེས་པའི་གྲོང་སྡེ་རུ། །
རིག་པའི་དཔའ་རྒོད་མི་འདུག་མ་གསུང་ཨང་། །
ཉམས་ཞིབ་མཁས་པའི་ནོར་བྲང་ཨོ་རྒྱན་མཆོག །
ས་གཞི་འདི་ནས་འཁྲུངས་ནས་བོད་ལ་སྨན། །
གཞོན་པའི་དུས་སུ་རིག་པའི་གནས་ལ་བརྩོན། །
དར་ལ་འབབ་སྐབས་ལེཌ་སྐྱེས་རྣམ་དག་བསྒྲུབས། །
རྒན་པའི་རྗེས་སུ་བོད་འབངས་ཀུནད་ཀྱིས་བཀུར། །
དྲིན་ཆེན་ཁྱེད་ཉིད་འདས་པར་ཕངས་སེམས་ཆེ། །
མཁས་པའི་དབང་ཕྱུག་སྐུ་ཉིད་གཤེགས་པ་འདིས། །
མཇལ་བའི་གོ་སྐལ་བསམ་བའི་རེ་བ་སྟོངས། །
བསྟེན་རྒྱུ་བྱུང་ན་དྲན་པའི་འཆར་གཞི་བརླགས། །
མི་རིགས་འདི་ལ་གྱོང་གུན་ཚབས་ཆེན་ཕོག །
ཁ་བ་ལྷབ་ལྷབ་འབབ་པས་ཕ་ཡུལ་དྲན། །
ལྷགས་རླུང་འུར་འུར་ལྡང་པས་ཡིད་རེ་སྐྱོ། །
མཁས་དབང་ནོར་བྲང་ཨོ་རྒྱན་འདས་པར་ཐོས། །
སྐྱོ་གདུང་མཆི་མས་ཨོ་ལོའི་འཁུར་རུས་འཚོས། །
ཨིན་དྲ་ནཱི་ལའི་རྒྱུ་ལས་ལྷག་པའི་མྱི། །
མྱི་ལུས་ཐོབ་པའི་དོན་གོ་ཆོད་པ་བྱུང་། །
ཇི་ལྟར་ལམ་རྒྱགས་བཏེགས་ཏེ་ཕྱིན་ན་ཡང་། །
ལུས་རྟེན་བཟང་པོ་ལེན་པར་གདོན་མི་ཟ། །
གངས་རིའི་ཁྱིམ་གཞིའི་སླད་དུ་མཛད་རྗེས་ཕྱུག །
བུ་རབས་ཚ་རྒྱུད་དོན་དུ་མཛའ་གཅུགས་ཟབ། །
སྐད་དང་ཡི་གེའི་ཐོག་ཏུ་བརྩམས་ཆོས་མང་། །
ནོར་བྲང་ཨོ་རྒྱན་གྲོངས་པས་སེམས་པ་འཁྱགས། །
བཅུ་ཕྲག་རིག་པའི་གནས་ལ་རབ་ཏུ་མཁས། །
འཆད་རྩོད་རྩོམ་པའི་དཔལ་ལ་སྣང་དག་མེད། །
འཕྲལ་ཕུགས་གཉིས་ལ་ཕན་པའི་སྐར་ཆེན་ཁྱེད། །
དེ་ལྟར་སྐུ་ཚེ་རྫོགས་པར་སེམས་རེ་སྐྱོ། །
མི་རིགས་བདེན་དོན་ཆེད་དུ་འཐབ་རྩོད་གནང་། །
རང་སྲོག་འབེན་ལ་བཙུགས་ཏེ་ལོ་རྒྱུས་འཆད། །
རང་ལུས་བཙོན་དུ་བརྫངས་ནས་གདུག་སྤྱོད་མྱངས། །
ནོར་བྲང་ཨོ་རྒྱན་བཞུད་པར་བསྔོ་སྨོན་ཞུ། །
བོད་པའི་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་དང་། །
དཀའ་གནད་དོགས་སེལ་སྨག་རུམ་དྭངས་པའི་འོད། །
གཙང་དུ་བལྟམས་པའི་ནོར་བྲང་ཨོ་རྒྱན་མཆོག །
སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་ཞུ། །
མི་ཡུལ་འདི་རུ་མགྲོན་པོར་འཚོ་བའི་སྐབས། །
གནས་ཚང་བོད་ལ་ཕན་པའི་ཞབས་འདེགས་ཞུས། །
སྐུ་ཚེ་ཧྲིལ་པོར་རིག་གནས་རྒྱུན་སྲིང་མཛད། །
སྔ་བཞིན་བོད་མིར་མྱུར་དུ་འཁྲུངས་པར་སྨོན། །
༢༠༢༤/༡༡/༢༤ ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས། དོ་ནུབ་སྡུག་གི་སྨྲེ་ངག་དང་སྐྱོ་བའི་མིག་ཆུས་བྲིས་པའི་རྩོམ་ཡིག་འདིས། དམ་པ་ཁོང་རྗེས་དྲན་དང་མྱ་ངན་ཞུ་བཞིན་པ་མ་ཟད། ཁོང་གི་ཁྱིམ་ཚང་དང་ནང་མི་སྤུན་གཉེན་གཙོས། ལྷག་པར་དུ་ཧྥ་རན་སི་རུ་བཞུགས་པའི་ཁོང་གི་བུ་ཚ་ཨ་ཅོ་བཀྲ་ཤིས་ལགས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཤར་མར་བྲིས།། །།

བརྒྱུད་སྐུལ།

མཆན་སྤེལ།