༄༅། །ཇོ་བོ་རྗེའི་བསྟོད་པ་བརྒྱད་ཅུ་པ་བཞུགས་སོ།།[1]
༼ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད།༽
ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང༌། །དཔལ་གྱི་སྙིང་པོ་ཞེས་བྱ་འོ། །རྒྱལ་བུ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །
ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱ་ཙནྡྲ་ཡིན། །དེ་ལྟ་བུ་ཡི་བྷཾ་ག་ལའི། །རྒྱལ་སྲིད་སྤངས་ནས་ཐར་པར་གཤེགས། །ཁྱོད་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་ཏེ། །ཡོན་ཏན་རྒྱ་མཚོ་ལྟར་ཟབ་ཐུགས་རྗེ་ཅན། །མཁས་པ་ཆེན་པོ་ཁྱོད་ཀྱི་ཡོན་ཏན་ལས། །དོན་དང་ལྡན་པར་བདག་གིས་བསྟོད་པར་བགྱི། །རིག་པའི་གནས་ལྔ་དག་གི་མཁྱེན་པ་རྒྱས། །བདག་དང་གཞན་དག་མཉམ་པ་ཉིད་དུ་མཛད། །ཡང་ན་བདག་གཞན་བརྗེ་བར་མཛད་པ་ཡི། །དཔལ་ལྡན་མར་མེད་མཛད་ལ་ཕྱག་འཚལ་ལོ། །རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ཡིན། །དངོས་སམ་བརྒྱུད་པས་གཞན་དོན་རྟག་ཏུ་མཛད། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་མཛད་ཅིང་། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་པ་ཡི། །བྱང་ཆུབ་སེམས་ཀྱིས་འགྲོ་རྣམས་མི་གཏོང་བའི། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷུ་ཏི་པ། །སྦས་པའི་བརྟུལ་ཞུགས་འཛིན་ལ་ཕྱག་འཚལ་ལོ། །རིགས་ཀྱི་ནང་ནས་མཆོག་གྱུར་པ། །ཁྱོད་ནི་རྒྱལ་པོའི་རིགས་སུ་འཁྲུངས། །དྲེགས་པས་མྱོས་པ་ཐམས་ཅད་ཀྱང་། །ཞབས་ཀྱི་པདྨོར་སྤྱི་བོས་གཏུགས། །འཁོར་བའི་སྐྱོན་དང་མཚང་གཟིགས་པས། །བྷཾ་ག་ལ་ཡི་རྒྱལ་སྲིད་དེ། །མཆིལ་མའི་ཐལ་བ་བཞིན་བོར་ནས། །སངས་རྒྱས་བསྟན་པ་རྒྱས་པར་མཛད། །ཨོ་ཏནྟ་ཡི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀཱ་མ་ནི་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་གྲགས་ཁྱོད་མི་མཛད། །མ་ག་དྷཱ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཁྱོད་ཀྱིས་འཇིག་རྟེན་ཆོས་བརྒྱད་པོ། །ཐམས་ཅད་ཁྱད་དུ་བསད་ནས་ནི། །གཞན་དག་ཇི་ལྟར་མོས་པ་ཡི། །སེམས་དང་བསྟུན་པའི་སྤྱོད་ལམ་མཛད། །གཞན་དག་དད་པར་མི་འགྱུར་ཞིང་། །མི་རྣམས་སེམས་དང་འགལ་འགྱུར་པ། །གཤེ་ཞིང་སྐུར་བ་འདེབས་ལ་སོགས། །གཞན་གྱི་སྡིག་རྐྱེན་ཁྱོད་མི་མཛད། །ནམ་ཡང་གཞན་དག་མི་དད་པ། །དུག་དང་འདྲ་བར་སྤོང་བར་མཛད། །སློབ་མ་ཇི་ལྟར་འདོད་པ་ཡི། །ཆོས་ཀྱི་གདམས་ངག་གསུང་བར་མཛད། །འཇིག་རྟེན་མི་རྣམས་ཐམས་ཅད་ཀྱིས། །བརྙས་ཤིང་སྐུར་བ་འདེབས་པ་དང་། །ཕྲག་དོག་རྔན་ཅན་བྱེད་ན་ཡང་། །གཉེན་པོ་མཛད་ནས་ཕྱིར་ལ་དགྱེས། །ཁྱོད་ཀྱི་སྐུ་ལུས་མཐོང་བ་ན། །ཐམས་ཅད་མཐུན་པར་ཤིན་ཏུ་མོས། །སྐུ་མདངས་འཇམ་ཞིང་གསལ་བ་དང་། །དང་པོ་ཐ་མའི་མིག་ཆགས་འགྱུར། །རྣམ་པར་འཚེ་བ་སྤངས་པ་ཡིན། །ཁྱོད་ཀྱི་སྐུ་ལ་སྙུང་མི་མངའ། །བསོད་ནམས་ཚོགས་ནི་བསགས་པ་ཡིས། །ཁྱོད་ནི་སྤྱོད་ལམ་ཐམས་ཅད་དུ། །ཆོས་དང་མཐུན་པར་མཛད་པ་ཡིས། །འཇིག་རྟེན་ཁ་ན་མ་ཐོ་བ། །གྲགས་པ་ངན་པ་ཁྱོད་མི་གོས། །ཚུལ་ཁྲིམས་རྣམ་པར་དག་གྱུར་པས། །སྐྱོབ་པ་ཤཱཀྱ་སེངྒེ་དེའི། །ཟབ་པ་དང་ནི་རྒྱ་ཆེ་བའི། །བསྟན་པ་ཁྱོད་ཀྱི་ཐུགས་ལ་གནས། །སངས་རྒྱས་བསྟན་པ་རིན་པོ་ཆེ། །བསྲུང་དང་འཛིན་དང་སྐྱོང་བ་ཡིན། །འདྲེན་པ་ཁྱོད་ནི་འདས་པ་ན། །བསྟན་པ་འོལ་དུ་ནུབ་པ་ཡིན། །མཐོ་དང་དམའ་དང་མཉམ་པ་ལ། །ཕྲག་དོག་རྔན་ཅན་འགྲན་མི་མངའ། །དེ་ལྟར་ཁྱོད་ནི་ཐམས་ཅད་ཀྱིས། །གཙོ་བོ་བཞིན་དུ་བཀུར་བ་ཡིན། །ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། །བཟོ་ཡི་བསྟན་བཅོས་ཐམས་ཅད་དང་། །ཚད་མ་ཀུན་ལ་མཁས་པ་ཡིན། །བླ་མ་བཟང་པོ་མང་བསྟེན་པས། །ཁྱོད་ནི་ཐོས་པའི་རྒྱན་གྱིས་བརྒྱན། །ཐེག་པ་གསུམ་དང་སྡེ་སྣོད་གསུམ། །ཁྱོད་ནི་མཁས་པ་ཆེན་པོ་ཡིན། །ཁྱོད་ནི་མཁས་པ་མང་པོ་ཡི། །བརྡ་ལ་བརྡར་བའི་སྐྱེས་བུ་ཡིན། །བདག་དང་གཞན་གྱི་རྒོལ་བ་ནི། །ཀུན་ཀྱང་ཚར་བཅད་ཕམ་པར་མཛད། །སངས་རྒྱས་ཡེ་ཤེས་ཞལ་མངའ་བའི། །སློབ་མ་བརྒྱུད་པ་བརྒྱད་དུ་འཁྲུངས། །ཁྱོད་ནི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་རབ་ཏུ་གྲགས། །རྟག་ཏུ་བསྟེན་པའི་བླ་མ་ནི། །ཤནྟི་པ་དང་གསེར་གླིང་པ། །བྷ་ཏྲ་བོ་དྷི་ཛྙཱ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང་། །ཁྱད་པར་དུ་ཡང་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱིན་བརླབས་ཐུགས་ལས་སྐྱེས་པ་ཡིན། །ཁྱོད་ནི་བསླབ་པ་གསུམ་ལྡན་པས། །འཆལ་བའི་ཚུལ་ཁྲིམས་བསལ་བ་ཡིན། །ཚུལ་ཁྲིམས་དྲི་ངད་ལྡན་པས་ན། །རིང་ནས་གནས་པ་རྣམས་ཀྱང་འདུ། །ཁ་ན་མ་ཐོ་ཕྲ་རབ་ལའང་། །ཐུགས་ནི་ཤིན་ཏུ་འཇིགས་པར་མཛད། །དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་ཁྲིམས་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་པས་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །འདི་ལ་མི་སྦྱིན་འདི་ལ་སྦྱིན། །འདི་ལ་མི་དབུལ་འདི་ལ་དབུལ། །ཐུགས་ནི་ཀུན་ལ་སྙོམས་འགྱུར་པས། །གང་ལའང་བྱེ་བྲག་འབྱེད་མི་མཛད། །དཀོན་མཆོག་གསུམ་དང་ཐུགས་དམ་ལྷ། །བླ་མ་རྣམས་དང་འགྲོ་བ་ལྔ། །འདི་དྲུག་ང་ཡི་ལྷ་དང་ནི། །ཇོ་བོ་ཡིན་ཞེས་རྟག་ཏུ་གསུང་། །ཁྱོད་ནི་སྟོང་ཉིད་རྣལ་འབྱོར་པ། །རྟག་ཏུ་ཆོས་སྐུའི་ངང་ལ་གནས། །གཟུགས་སྐུ་ཉིད་ཀྱིས་ཐུགས་དམ་ལྷ། །ཐུན་མཚམས་རྣལ་འབྱོར་ཡེངས་མི་མངའ། །དཔལ་ལྡན་དགྱེས་པའི་རྡོ་རྗེ་དང་། །དམ་ཚིག་བཀོད་པའི་རྒྱལ་པོ་དང་། །དཔའ་བོ་འཇིག་རྟེན་དབང་ཕྱུག་དང་། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས། །ཞལ་གཟིགས་གནང་བ་ཐོབ་པ་དང་། །རྨི་ལམ་ནའམ་མངོན་སུམ་དུ། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་གསན་པ་ཡིན། །གསང་སྔགས་ཐེག་པའི་གཞུང་ལྟར་ན། །བསྐྱེད་པའི་རིམ་པ་བརྟན་པར་ངེས། །ཕ་རོལ་ཕྱིན་པའི་གཞུང་ལྟར་ན། །སྦྱོར་བའི་ལམ་པ་ཡིན་པར་གསལ། །རང་ལྷས་བྱིན་གྱིས་བརླབས་སོ་ཞེས། །གྲགས་པ་སྙན་པ་ཕྱོགས་བཅུར་གདའ། །ཁྱོད་ནི་གསང་སྔགས་རྣལ་འབྱོར་བ། །དྲི་མེད་རྡོ་རྗེའི་ཐུགས་དང་ལྡན། །ཁྱོད་སྔོན་སོ་མ་པུ་རི་ན། །རྟོག་གེ་འབར་བ་གསུང་བའི་ཚེ། །ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་བཏང་འགྱུར་གསུང་། །དེ་ནས་ལོ་གཉིས་ལོན་པ་ན། །བོད་དུ་བྱོན་ཀའི་དུས་སུ་ནི། །བི་ཀཱ་མ་ནི་ཤཱི་ལ་ན། །ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་སུ། །ལུས་འདི་བོད་དུ་འཇོག་གོ་གསུང་། །ཇི་སྐད་གསུང་བཞིན་མ་འཁྲུལ་བར། །བྱུང་བ་དེ་ནི་ངོ་མཚར་ཆེ། །ཁྱོད་ཀྱི་རྣམ་སྨིན་སྐུ་ལུས་དེ། །བོད་ཀྱི་ཡུལ་དུ་བཞུགས་ནས་སུ། །སྨོན་ལམ་གྱི་ནི་སྐུ་ལུས་དེ། །བྱམས་པའི་སྤྱན་སྔར་དགའ་ལྡན་དུ། །འཁྲུངས་པར་སྒྲོལ་མས་ལུང་བསྟན་གསུང་། །ནམ་མཁའ་དྲི་མེད་ཅེས་བྱ་བའི། །ལྷ་ཡི་བུར་ནི་འཁྲུངས་པར་འགྱུར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ནི་བྱམས་པའི་མགོན་ལ་གསན། །དེས་ན་ཁྱོད་ནི་འཛམ་གླིང་གི །རྒྱན་དུ་གྱུར་པ་ཆེན་པོ་ཡིན། །སྙན་པར་གྲགས་ཤིང་འགྲན་ཟླ་མེད། །མཁས་པ་རྣམས་ཀྱི་བླ་མར་འོས། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གསུངས་པའི་གསང་སྔགས་རྒྱུད་སྡེ་ཡི། །རིམ་པ་གཉིས་པའི་མན་ངག་ནི། །མཁས་པ་མང་པོའི་བརྒྱུད་པ་མངའ། །གསང་སྔགས་ཕྱི་ནང་རྒྱུད་སྡེ་དང་། །མཁས་པ་མང་པོས་མཛད་པའི་གཞུང་། །གཟིགས་དང་གསན་དང་བཤད་པ་ཡིས། །གཞུང་ལ་ཤིན་ཏུ་གོམས་པར་མཛད། །ཁྱོད་ཀྱི་སློབ་མའི་ཚོགས་ལ་ནི། །གདམས་ངག་རྩ་བར་གསུང་བ་ནི། །བསགས་པའི་ཡོ་བྱད་ཐམས་ཅད་ནི། །འཁོར་བའི་རྒྱུན་ནི་མ་བཏང་གསུང་། །གཞན་གྱི་བརྙས་ཐབས་བྱས་པ་དང་། །གློ་བུར་ཉོན་མོངས་སྐྱེས་པ་དང་། །གཞན་དང་རྩོད་པ་བྱུང་ན་ཡང་། །གཉེན་པོས་མྱུར་དུ་ཟློག་ཅིག་གསུང་། །སྔོན་གྱི་སྦྱིན་པའི་འབྲས་བུ་ཡིས། །གཞན་གྱིས་བསགས་པ་ཁྱོད་ལ་འབུལ། །ཡོ་བྱད་མངའ་བ་ཐམས་ཅད་ཀྱང་། །ལོངས་སྤྱོད་བསྲུང་ཕྱིར་ཆུད་མི་སོན། །དགེ་བ་མཛད་པ་ཐམས་ཅད་ཀྱང་། །འཁོར་བའི་རྒྱུ་ནི་སྤང་བའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པ་དང་། །སྟོང་པས་མ་ཟིན་གང་ཡང་མེད། །དགེ་བའི་བཤེས་གཉེན་དང་བྲལ་ཞིང་། །ཐེག་ཆེན་མདོ་སྡེ་མ་ཐོས་པས། །སྙིང་རྗེ་ལས་བྱུང་བྱང་ཆུབ་སེམས། །སྤངས་ནས་གསང་སྔགས་འབའ་ཞིག་སྤྱོད། །གནོད་སྦྱིན་ལག་ན་རྡོ་རྗེ་དང་། །སྲིན་བུ་ཤ་ཟ་སོགས་པར་སྐྱེ། །ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་ཡིས། །ཤིང་རྟ་ཆེན་པོའི་ལམ་དུ་བཙུད། །རྒྱུད་ཀྱི་དགོངས་པ་སྒྲ་བཞིན་དུ། །འཛིན་པའི་སྔགས་པ་ཀུན་ལ་ནི། །ལོག་པའི་ལམ་དུ་ཞུགས་གཟིགས་ནས། །ཁྱོད་ཀྱིས་ཡང་དག་ལམ་ལ་བཙུད། །ལྟ་བ་མི་མཐུན་སྣ་ཚོགས་པ། །སྔོན་གྱི་སློབ་དཔོན་རྗེས་འབྲངས་ནས། །སོ་སོར་མི་མཐུན་རྩོད་པ་ཀུན། །ཁྱོད་ཀྱི་ལུང་དང་རིགས་པས་བཀྲོལ། །ཁྱོད་ནི་སངས་རྒྱས་བསྟན་པ་ཡི། །ཁ་འབྱེད་ཉི་མ་ཆེན་པོ་ཡིན། །ཕྱིན་ཅི་ལོག་གི་ལྟ་འཛིན་པ། །ཁྱོད་ཀྱིས་ཡང་དག་བསྟན་ལ་བཙུད། །བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་ཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སེངྒེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཆོས་ཀྱི་དབྱིངས་ན་རྟག་བཞུགས་པས། །ཡེ་ཤེས་ཚོགས་ནི་རྫོགས་པར་མཛད། །ཐེག་ཆེན་མདོ་སྡེ་ལས་གསུང་བའི། །ཐབས་ཀྱི་བསོད་ནམས་ཚོགས་བསགས་མཛད། །ཁྱད་པར་ཅན་གྱི་བསོད་ནམས་ཚོགས། །མྱུར་དུ་རྫོགས་པར་མཛད་པའི་ཕྱིར། །གསང་སྔགས་རྒྱུད་སྡེ་ཐབས་ཀྱི་ནི། །འབད་པ་མེད་པར་རྫོགས་པར་མཛད། །ཁྱོད་ནི་མཐོང་དང་ཐོས་པ་དང་། །རེག་པར་གྱུར་ན་ཐམས་ཅད་ཀྱིས། །མོས་ཤིང་བསྙེན་བཀུར་བྱེད་ལ་བརྩོན། །ཁྱོད་འདྲ་འཛམ་བུ་གླིང་ན་དཀོན། །ཁྱོད་ནི་སྐུ་ན་བགྲེས་ན་ཡང་། །ལྷག་པའི་བསམ་པ་རྣམ་དག་པས། །གཞན་དོན་གཙོ་བོར་མཛད་པའི་ཕྱིར། །ལོ་ཟླ་ཤུལ་ཡང་སྒྲོད་པར་མཛད། །སེམས་ཅན་སྡུག་བསྔལ་ཅན་གཟིགས་ན། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །སྙིང་རྗེས་ཐུགས་ནི་གདུངས་པ་ཁྱོད། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །དེས་ན་ཁྱོད་ལ་ཐམས་ཅད་ཀྱིས། །བསྙེན་བཀུར་ཆེན་པོ་བྱ་བར་རིགས། །གང་ཟག་དམ་པ་ཁྱོད་ལྟ་བུ། །ཡུལ་ཕྱོགས་གང་ནའང་ཡོད་མ་ཡིན། །རྒྱལ་པོ་ནེ་ཡ་པ་ལ་དང་། །ནུབ་ཕྱོགས་ཀརྣའི་རྒྱལ་པོ་གཉིས། །རྩོད་པ་ཆེན་པོ་བྱུང་བའི་ཚེ། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་པོ་གནས་སུ་ཁྱེར། །ཁྱེད་ལ་ཞེ་སྡང་མི་མངའ་བས། །རྐོ་ལོང་མ་མཛད་སྙིང་རྗེ་འཁྲུངས། །གཡུལ་ལོག་ཚེ་ན་དམག་མིའི་སྐྱབས། །བྱས་ནས་བླ་མས་བསྡུམས་མཛད་པས། །འཚོ་བའི་ཡ་བྱད་མ་གཏོགས་པའི། །ཡོ་བྱད་ལྷག་མ་མེད་པར་བཏང་། །ལུས་དང་སྲོག་ལ་མ་གཟིགས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །དེ་གཉིས་བསྡུམས་ནས་མཛའ་བོར་མཛད། །སྙིང་རྗེས་སེམས་ཅན་མི་གཏོང་བས། །ཐུབ་པའི་བརྟུལ་ཞུགས་ཁྱོད་ཀྱིས་བསྲུངས། །ཁྱོད་ལ་བདག་དང་གཞན་མེད་པས། །དགྲ་ཟིན་ཕམ་ལ་ཁེངས་གྲགས་མེད། །ཀུན་གྱི་ཕ་མ་ཁྱོད་ལྟ་བུ། །དེང་སང་དུས་ན་ངོ་མཚར་ཆེ། །རྒྱུ་འབྲས་འབྲེལ་བ་ཆུད་སོན་པའི། །གཞན་དག་སྡིག་པ་བྱེད་གཟིགས་ན། །འདི་ཡི་འགྲོ་བ་ཅིར་འགྱུར་ཞེས། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །ཡོན་ཏན་བསྔགས་པ་མཐའ་ཡས་པས། །ཕྱོགས་བཅུར་གྲགས་པ་སྙན་པས་ཁྱབ། །བདག་གི་གདུང་བ་སེལ་བའི་ཕྱིར། །བླ་མ་རྗེ་བཙུན་ལ་བསྟོད་པ། །བདག་གིས་བསྟོད་པར་མ་ཟད་ཀྱིས། །གང་ཟག་གཞན་རྣམས་ཁྱོད་ལ་བསྟོད། །བསྟོད་པ་དང་ནི་སྨད་པ་ཡིས། །ཁྱོད་ལ་དགེས་དང་མི་དགེས་མེད། །ཡོན་ཏན་རྒྱ་མཚོ་ཁྱོད་བསྟོད་པས། །བདག་གི་ཡིད་ནི་ཤིན་ཏུ་ཚིམ། །ཁྱོད་མཐོང་ནས་ནི་དད་གྱུར་ནས། །ཀུན་ཀྱང་བསྙེན་བཀུར་བྱེད་ལ་བརྩོན། །ཁྱོད་ནི་གཞན་ལ་ཕན་པ་དང་། །བདེ་མཛད་ཐུགས་ནི་བྱུང་གྱུར་པ། །གཞན་གྱིས་ཇི་ལྟར་ཞུས་པ་བཞིན། །མི་གནང་བ་ནི་ཁྱོད་མི་མཛད། །བླ་མ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་འགྱུར། །མཁྱེན་པས་བརྒྱན་པ་ཁྱོད་བྱོན་ནས། །བོད་དུ་ཡེ་ཤེས་ཉི་མ་ཤར། །བོད་དུ་བྱོན་པས་འབྲོམ་སྟོན་དང་། །ཁུ་སྟོན་རྔོག་སྟོན་ལ་སོགས་པའི། །ཁྱོད་ལ་དད་ཅིང་འདུན་པ་ཡི། །སློབ་མའི་ཚོགས་ནི་མ་ལུས་པ། །ཐམས་ཅད་ཇི་ལྟར་འདོད་པ་བཞིན། །ཀུན་གྱི་ཡིད་ནི་ཚིམ་པར་མཛད། །ཁྱོད་ལ་ཆོས་འབྲེལ་སློབ་ན་ནི། །ཆུད་ནི་ཟ་བར་མི་འགྱུར་ཏེ། །སྐྱེས་བུ་ཆེན་པོའི་ཆོས་ལུགས་སློབ། །བླ་མ་དགེ་བའི་བཤེས་གཉེན་དམ་པ་ཁྱོད། །ལོ་ནི་བཅུ་དགུར་བསྟེན་ཅིང་འགྲོགས་ན་ཡང་། །ཁྱོད་ཀྱི་སྐུ་གསུང་ཐུགས་ལ་འཁྲུལ་བ་ཡི། །ཉེས་པའི་དྲི་མ་བྱུང་བ་མཐོང་རེ་སྐན། །མ་ག་དྷཱ་ཡི་བདག་པོ་ནི། །རྒྱལ་པོ་ནེ་ཡ་པ་ལ་ཡིན། །ལོངས་སྤྱོད་འབྱོར་པ་མངའ་ཐང་སོགས། །འདི་ཙམ་ཞེས་ནི་བརྗོད་པར་དཀའ། །དམག་དཔུང་འབུམ་ཕྲག་མང་པོར་ལྡན། །རབ་བརྟན་ས་སྲུངས་བུ་ལྟ་བུ། །གྲགས་པས་རྣངས་ཤིང་འགྱིང་བ་ཡང་། །ཁྱོད་ཀྱི་ཞབས་གཉིས་སྤྱི་བོར་ལེན། །གཟི་བརྗིད་ལྡན་པའི་ལྷ་རྣམས་དང་། །མཐུ་དང་རྫུ་འཕྲུལ་སྟོབས་ལྡན་པའི། །གནོད་སྦྱིན་ཚོགས་རྣམས་མ་ལུས་པ། །བསྲུང་ཞིང་བསྙེན་བཀུར་བྱེད་ལ་བརྩོན། །ཁྱོད་ཀྱི་ཡོན་ཏན་དྲན་པས་ན། །མཆི་མ་བསྐུ་ཞིང་བ་སྤུ་ལྡང་། །བླ་མ་རྗེ་བཙུན་ཁྱོད་དང་ནི། །དགའ་ལྡན་གནས་སུ་འགྲོགས་པར་ཤོག །ནག་ཚོ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ཡིས། །རང་གི་བླ་མ་རྗེ་བཙུན་བསྟོད་པ་ཡིས། །རང་གི་བུ་ལ་བྱམས་པའི་འགྲོ་བ་ལྔ། །ཐམས་ཅད་དགའ་ལྡན་གནས་སུ་འགྲོགས་པར་ཤོག །ཚིགས་བཅད་བརྒྱད་ཅུ་ཐམ་པ་ཡིས། །བླ་མ་རྗེ་བཙུན་བསྟོད་པ་ཡིས། །སློབ་མ་གཉིས་སློབ་གསུམ་སློབ་སོགས། །ཁྱོད་ལ་དད་ཅིང་འདུན་པ་རྣམས། །ཤིན་ཏུ་དད་པའི་ཡིད་ཀྱིས་སུ། །རྟག་ཏུ་བསྟོད་པ་གྱིས་ཤིག་ཅེས། །ཚུལ་ཁྲིམས་རྒྱལ་བས་གསོལ་བ་འདེབས། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། དཔལ་ལྡན་མར་མེ་མཛད་ཡེ་ཤེས་ལ་བསྟོད་པའི་རབ་ཏུ་བྱེད་པ་ཚིག་རྐང་བརྒྱད་ཅུ་པ་ཞེས་བྱ་བ། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་[2]སྦྱར་བ་རྫོགས་སོ།། །།
[1] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༣༣༡ ནས ༣༤༡ བར།
[2] ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །ཞེས་སོགས་ཀྱི་སྐབས་འདིར་གོང་འོག་ཏུ་དྲངས་པ་རྣམས་ནག་ཚོས་མཛད་པའི་བསྟོད་པར་ཚིག་རིས་ཇི་ལྟ་བ་བཞིན་ཡོད་ཅིང་། བཀའ་གདམས་ཆོས་འབྱུང་ཆེན་པོར། པཎྜི་ཏ་སའི་སྙིང་པོས་མཛད་པའི་བསྟོད་པ་ལས། ཞེས་དྲངས་པས་གཉིས་གས་མཛད་པར་ཚིག་རིས་ཕལ་ཆེར་འདྲ་བར་ཡོད་པས་ཁྱད་མེད་དོ། །ཞེས་དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༦ གསལ་ལོ།།